དྲ་བ་རིམ་འཕར་གྱི་ཞུ་མཆིད་དང་། དྲ་རྩོམ་པར་དབང་གི་གསལ་བསྒྲགས།

34343434


གུས་པར་འོས་པའི་སྙུག་ཐོགས་པ་དང་ཀློག་པ་པོ་རྣམ་པ་ལགས།
འདིར་ངེད་གཞོན་གསར་དྲ་བ་དབུ་བརྙེས་ནས་ད་ལྟ་ལ་ཐུག་གི་བར་མི་ལོ་ལྔ་འགོར་ཡོད་ཅིང་།
ཏག་ཏག་མི་ལོ་ལྔ་ལྷག་གི་རིང་ལ་གཞོན་གསར་དྲ་བས་རྒན་པ་གཉའ་རེངས་དག་གི་བཀའ་དང་བཀོད་པ་ལ་མ་ཉན་ཞིང་། གཞོན་པ་ཁ་མང་དག་གི་ལངས་ཕྱོགས་དང་ཕྱོགས་རིས་ལ་ཡང་མ་བསྟུན་པར། དྲ་བ་རང་གི་སྒེར་གཤིས་ཀྱི་སྟེང་ལ་ནུས་ཚོད་ཀྱིས་”དབུས་ལམ”རེ་བཙལ་ནས་ལམ་ལ་ཆས་འོང་བ་ཡིན།

ཕྱིར་དྲན་རེ་བྱས་ན། བོད་ཀྱི་དྲ་བའི་རིག་གནས་ཀྱི་ཁྲོད་ལ”གཞོན་གསར་དྲ་བ”ཐོག་མར་མངོན་དུས། རིག་གནས་པའི་སྡེ་ཡི་རྒན་དར་གཞོན་གསུམ་སྐོར་ཞིག་གིས་མངོན་ལྐོག་གང་རུང་ནས་མཐོང་ཆུང་བྱེད་ཅིང་། ཐ་ན་གཞུང་སྒེར་གྱི་དྲ་བ་ཆེ་ཤོས་དག་གིས་ཀྱང་ཁ་ཡ་ཐད་ཀྱིས་བྱས་མ་མྱོང་། ཡིན་ནའང་། ཡོད་ཚད་དུས་ཚོད་ཀྱིས་ཐག་གིས་གཅོད་ཐུབ་ཞེས་པའི་བཤད་རྒྱུན་ནང་བཞིན། སྒེར་གཤིས་ཅན་གྱི་རྩོམ་པ་པོ་དག་གི་རྒྱབ་སྐྱོར་འོག་ཏུ།     བོད་ཀྱི་རིག་གནས་གསར་རྙིང་དང་། རྩོམ་རིག གློག་བརྙན་སོགས་ལ་དོ་སྣང་བྱེད་པའི་ཀློག་པ་པོ་མང་དུ་བྱུང་བས། ངེད་དྲ་བས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པའི་གཏན་ཚིགས་རྙེད་ཅིང་། བོད་ཀྱི་དྲ་བ་དག་གི་ཁྲོད་ནས་མདོག་མི་འདྲ་བའི་དྲ་བ་ཞིག་གི་རྣམ་ཤེས་བསྐྲུན་དགོས་པའི་བདེན་པ་རྙེད།

དུས་ད་ལྟ། འུ་ཅག་ཐུན་མོང་གི་རྩོལ་བ་ལ་བརྟེན་ནས་གཞོན་གསར་དྲ་བ་ལ་གཞུང་སྒེར་གྱི་དྲ་བ་དག་གི་ཁྲོད་ནས་རང་ཉིད་ལ་“ཁ་དོག”ཅིག་ཆགས་ཐུབ་པ་བྱུང་། སྔོན་ཆད་ཁ་ཡ་ཐད་ཀྱིས་མི་བྱེད་པའི་གཞུང་སྒེར་གྱི་དྲ་བ་དག་གིས་ཀྱང་གཞོན་གསར་དྲ་བའི་ནང་ལ་ཕྱག་རིང་བརྐྱངས་ནས་རྩོམ་ཡིག་མང་པོ་འཁྱེར་འགྲོ་ཞིང་ཚུར་ལ་“མཛའ་འབྲེལ་རེ་གནང་རོགས”ཞེས་ཞུ་བའི་སྐད་སྒྲ་ཡང་མང་པོ་ཐོས། འདང་རེ་རྒྱབ་ན། དེ་ནི་གཞོན་གསར་དྲ་བས་རྒྱུན་འཁྱོངས་དང་ཁེར་ཚུགས་ཀྱི་ལམ་ལ་ཆས་པའི་འབྲས་བུ་རེ་ཨེ་ཡིན་སྙམ།

གང་ལྟར་ཀུན་གྱིས་གཡང་མོ་ལུག་ལོ་བསུ་བར་བྲེལ་བྲེལ་འཚུབ་འཚུབ་བྱེད་ཀྱིན་སྐབས་འདིར། ངེད་དྲ་བས་ཆོལ་གསུམ་བོད་མི་ཡོངས་ལ་མ་ལག་རིམ་འཕར་དང་སྒྲོམ་གཞི་གསར་བརྗེ། ལེ་ཚན་འཕྲི་སྣོན་སོགས་བྱས་ཡོད་པའི་ངོ་གདོང་གསར་བ་འདི་དྲི་མེད་བཀྲ་ཤིས་ལྷ་དར་ཞིག་གི་ཚབ་དུ་ལེགས་སྐྱེས་སུ་ཕུལ་བ་ཡིན།

ད་རེས་ཀྱི་དྲ་ཚིགས་སྔོན་མ་ལས་འཕགས་པའི་ཁྱད་ཆོས་མང་པོ་ཡོད་མོད། དེ་ལས་འགངས་ཆེ་བ་རེ་ཟུང་ངོ་སྤྲོད་རེ་བྱས་ན། རྩིས་འཁོར་དང་། ipad iphoneགསུམ་གྱི་ནང་དུ་སོ་སོའི་འཆར་ཤེལ་དང་འཚམ་པའི་པར་གཞི་མི་འདྲ་བ་རྣམ་པ་གསུམ་བཟོས་ཡོད་ཅིང་། ད་དུང་ཨན་གྲོལ་ཁ་པར་སོགས་ཀྱི་ནང་དུ་ལེགས་པོར་འཆར་ཐུབ་ཀྱིན་ཡོད་པར་མ་ཟད། ཟིན་བྲིས་པ་རྣམས་ཀྱིས་ཁ་པར་དང་ipadསོགས་ཀྱི་ནང་ནས་ཀྱང་ཐད་ཀར་རྩོམ་ཡིག་སྤེལ་ཐུབ།

ལེ་ཚན་གྱི་ཆ་ནས། སྔོན་མའི་ལེ་ཚན་དག་ལས་འཕྲི་སྣོན་བྱས་ཡོད་དེ། གཙོ་ཤས་རེ་ཟུང་ངོ་སྤྲོད་བྱས་ན། རེབ་འདིར་གཟབ་ནན་ལ་ཕྱོགས་པའི་རྩོམ་པ་པོ་ཁ་ཤས་ལ་རང་དབང་གི་ས་མིག་ཡོད་པའི་ཟིན་བྲིས་རེ་བཟོས་ཡོད་ལ། དྲ་ལམ་བརྙན་འཕྲིན་ཁང་ཟེར་བའི་ལེ་ཚན་ཞིག་ཁ་སྣོན་བྱས་ཏེ། མིག་སྔར་བོད་ཀྱི་དྲ་ལམ་ན་གཟུགས་ལྡན་གླེང་སྟེགས་ཐོག་མའི་གྲས་སུ་གཏོགས་པའི་གཞོན་སྟེགས་གླེང་སྟེགས་ཀྱི་ལེ་ཚན་ཆ་ཚང་ཤར་གཏོང་དང་། སྒྲ་ལྡན་གཏམ་བཤད་དང་། རིག་རྩལ་མཐོང་བ་ཀུན་སྨོན་སོགས་ཡོད།

འདིར་གསལ་བསྒྲགས་བྱེད་དགོས་པའི་དོན་གསུམ་ཡོད་དེ། ཆེད་ཞུ་དང་།
དྲ་བའི་སྒྲིག་སྲོལ། དྲ་རྩོམ་པར་དབང་གི་གསལ་བསྒྲགས་སོ།

དང་པོ། ཆེད་ཞུ།

དྲ་བའི་མ་ལག་རིམ་འཕར་བྱེད་པའི་གོ་རིམ་འཕྲོད་དུ། གཞོན་གསར་དྲ་བའི་པར་གཞི་རྙིང་མའི་སྟེང་གི་རྩོམ་ཡིག་ཐམས་ཅད་ཐད་ཀར་བཀོད་མི་ཐུབ་པས། ང་ཚོས་རྩོམ་ཡིག་རེ་རེ་བཞིན་པར་གཞི་གསར་མའི་སྟེང་དུ་བརྒྱུད་འགོད་བྱེད་ཀྱིན་ཡོད་ལ། མིག་སྔར་རྩོམ་ཡིག་སྟོང་གཅིག་དང་ཉིས་བརྒྱ་ཙམ་ལས། རྩོམ་ཡིག་མང་ཤོས་པར་གཞི་རྙིང་མའི་ངོས་སུ་ཡོད་ནའང་། ཟླ་གཅིག་གི་ནང་ལ་ངེད་རྩོམ་སྒྲིག་ལས་མི་དག་གིས་ཅི་ཐུབ་ཀྱིས་རྩོམ་ཡིག་ཡོད་ཚད་པར་གཞི་གསར་མའི་སྟེང་ལ་འགོད་ཐབས་བྱེད་རྒྱུ་ཡིན་མོད། བར་གླགས་འདི་ནས་རྩོམ་པ་པོ་དག་ལ་གསལ་བཤད་ཞུ་དགོས་པ་ཞིག་ནི། པར་གཞི་རྙིང་མའི་སྟེང་གི་རྩོམ་ཡིག་རེ་རེའི་ཀློག་གྲངས་དང་དཔྱད་མཆན་སོགས་ཇི་བཞིན་འགོད་ཐབས་བྲལ་ལ། པར་གཞི་གསར་མའི་ནང་ནས་རྩོམ་ཡིག་ཡོད་ཚད་ཀློག་གྲངས་ཐིག་ནས་མགོ་རྩོམ་དགོས། (འདིས་པར་གཞི་རྙིང་མའི་ནང་དུ་རྩོམ་ཡིག་གཅིག་ལ་ཀློག་གྲངས་ཁྲི་གསུམ་ཙམ་དང་དཔྱད་མཆན་ཉིས་བརྒྱ་སུམ་བརྒྱའི་ཁ་གྲངས་ལོངས་པའི་དོ་བདག་རྣམས་ལ་བརྡ་འཕྲོད་པར་གྱིས།)
གཉིས་པ། དྲ་བའི་སྒྲིག་སྲོལ།

༡ གསར་འགྱུར་ཁུངས་བཙུན་དང་། རྩོམ་ཡིག་སྤུས་དག དཔེ་ཆ་ལེགས་པོ་སོགས་འོས་སྦྱོར་བྱེད་པ་ལས། བསྐུར་བསྐུར་ཡོད་ཚད་འགོད་རྐྱང་བྱེད་རྒྱུ་མིན།
༢ ཟིན་བྲིས་ཀྱི་ས་མིག་གཉེར་འདོད་ཀྱི་རྩོམ་པ་པོ་དག་གི་རེ་ཞུ་ལྟར་ཆ་རྐྱེན་ལ་བལྟས་ནས་ས་མིག་སྟེར་རྒྱུ།
༣ འཕྲིན་གསར་དང་དཔེ་དེབ་ཀྱི་པར་རིས་གསལ་བོ་བསྐུར་རྒྱུ།
༤ཆབ་སྲིད་དང་མི་མཐུན་པའི་རྩོམ་ཡིག་མི་འགོད་རྒྱུ།

གསུམ་པ། དྲ་རྩོམ་པར་དབང་གི་གསལ་བསྒྲགས།

༡མིག་སྔར་བོད་ཀྱི་དྲ་བའི་རྩོམ་སྒྲིག་པ་དག་ལ་ཕྱག་ལག་ཤིན་ཏུ་རིང་བོ་ཡོད་དེ། རྩོམ་ཡིག་ལེགས་ཤོས་དག་དྲ་བ་གཞན་པ་དག་གི་ནང་ནས་མངོན་སུམ་འཛེམས་མེད་དུ་འཁྱེར་འགྲོ།
བྱུང་ཡིན་ན་དྲ་བའི་གཤམ་དུ“པར་དབང་ཡོད་ཚད་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག”ཅེས་བྲིས་ཡོད་མོད། མིག་སྔར་དེ་ལ་ཁ་ཡ་བྱེད་མཁན་གཅིག་ཀྱང་ཡོད་མ་མྱོང་། དེ་ལྟར་ཅི་བསམ་གང་འདོད་ཀྱིས་རྩོམ་ཡིག་མཐའ་དག་དྲ་བ་སོ་སོས་ཡར་འཁྱེར་མར་ལེན་བྱས་པའི་སྟབས་ཀྱིས། བོད་ཀྱི་དྲ་ཚིགས་ཚང་མ་ཧ་ལམ་སྣ་གཅིག་ལྟ་བུ་ཞིག་ལས་རང་གི་ཁྱད་ཆོས་ཡོད་པའི་དྲ་བ་ཤིན་ཏུ་དཀོན།

དེ་བས་འདིར་དྲ་བའི་རྩོམ་སྒྲིག་པ་ཕྱག་ལག་རིང་བོ་ཅན་དག་ལ་ཞུ་འདོད་པ་ནི། ངེད་དྲ་བས་དམིགས་གསལ་ཅན་གྱི་འཕྲིན་གསར་ཁྱབ་བསྒྲགས་ཤུགས་ཆེ་རུ་འགྲོ་བ་དག་དྲ་བདག་སོ་སོ་ལ་དགོངས་པ་ཞུས་རྗེས་ཡོང་ཁུངས་སོ་སོའི་མིང་བྲིས་ནས་འགོད་རྒྱུ་མ་གཏོགས། དྲ་བ་གཞན་པའི་སྟེང་ལ་ཕྱག་ལག་བསྲིངས་མི་སྲིད་ལ། ཁྱེད་ཅག་གིས་ཀྱང་ངེད་དྲ་བའི་ནང་གི་རྩོམ་ཡིག་ལ་ཕྱག་ལག་བསྲིངས་མི་ཆོག་པའི་བརྡ་སྤྲད་པ་ཡིན། མ་གཏོགས་ད་རེས་ང་ཚོས་ཁྲོམ་བསྒྲགས་དང་ཞུ་གཏུག་གི་ལས་ཀ་བྱེད་རྒྱུ།

༢ངེད་དྲ་བར་བསྐུར་ཡོང་བའི་ལེགས་རྩོམ་དག་སླད་སོར་གཞོན་གསར་དེབ་ངོས་སུ་ཡང་འགོད་སྲིད་ལ། རྩོམ་པ་པོ་དག་གིས་སོ་སོའི་རྩོམ་ཡིག་མ་བསྐུར་བའི་ཡར་སྔོན་དུ། རྩོམ་ཡིག་གི་པར་དབང་རང་ཉིད་ཀྱི་ཕན་ཆད་ནས་ངེད་གཞོན་གསར་དྲ་དེབ་གཉིས་ལ་ཡོད་པ་ཧ་གོ་དགོས།

མཐར། འགྲན་རྩོད་མེད་ན་འཕེལ་རྒྱས་མེད་ཟེར་བ་བཞིན། སྟོང་ལོ་གསར་བའི་ནང་དུ་ངེད་དྲ་བས་གཞུང་སྒེར་གྱི་དྲ་ཚིགས་ཐམས་ཅད་ལ་ཀློག་གྲངས་དང་སྤུས་ཚད་གཉིས་ཀྱི་ཆ་ནས་འགྲན་བསླངས་པ་ཡིན་པས། དེ་ཡི་མཐུས་རིགས་མཐུན་གྱི་དྲ་ཚིགས་དག་སྤུས་གཙང་དང་ཟོར་ཡངས། ཕུན་ཚོགས་ཅན་དུ་འགྱུར་བའི་སྨོན་པ་ཞུའོ།།

ཞེས་གཞོན་གསར་དྲ་བ་རྩོམ་སྒྲིག་པས།
༢༠༡༤ལོའི་ཟླ༡༢ཚེས༢༧ཉིན།

07766

2 thoughts on “དྲ་བ་རིམ་འཕར་གྱི་ཞུ་མཆིད་དང་། དྲ་རྩོམ་པར་དབང་གི་གསལ་བསྒྲགས།

  1. Mekor

    བཀྲ་ཤིས་བདེ་ལེགས
    ངས་གོང་གི་ངོ་སྤྲོད་ལ་མིག་བཤེར་ཐེངས་གཅིག་བརྒྱབས་པ་ཡིན་་་སྙིང་རུས་དང་ལ་རྒྱ་སྙིང་དུ་སྦས་པའི་ཁྱེད་ལས་མི་ཡོངས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ལགས་་་་མ་འོངས་པའི་ལོ་ཟླའི་ནང་ཁྱེད་ཅག་གི་བྱ་བཞག་ཐམས་ཅད་ཡར་ངོས་ཟླ་བཞིན་འཕེལ་བའི་སྨོན་འདུན་ཞུ་་་་ཧྥ་རན་སི་ནས་རྨེའུ་སྐོར་གྱིས

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།