ཆོལ་གསུམ་བོད་མིའི་རིག་གནས་ཀྱི་སྡིངས་ཆ་ཆེན་མོ། རྫོང་ཁའི་ཡིག་གཟུགས་ཕབ་ལེན།
དྲ་ཚིགས་ཀྱི་མདུན་ཤོག>>འབོལ་རྩོམ། >> མི་རབས་གསར་བའི་སྟོན་པ་ཞོགས་དུང་གླེང་བ།

མི་རབས་གསར་བའི་སྟོན་པ་ཞོགས་དུང་གླེང་བ།

ཚེར་མ་ཁེར་སྐྱེས།

   མི་མང་ཤོས་ཤིག་གིས་ཁོ་བོའི་བྲིས་རྩོམ་འདིའི་ཁ་ཡིག་མཐོང་མ་ཐག་བསམ་བློ་གང་ཡང་མི་གཏོང་བར་ཐད་ཀར་དུ་མི་སྒེར་གྱི་དུངས་ཞེན་གྱི་དབང་དུ་འཁྱེར་ཏེ་མཐའ་གཅིག་ཏུ་ཁོ་བོར་དམོད་ཚིག་མི་འདེབས་པའི་ངེས་པ་མེད་ཅིང་།གསར་ཞེན་ལོག་མཆོངས་པའི་ཉེས་མིང་བཏགས་ཏེ་འུ་ཅག་གི་ཁོར་ཡུག་ཁ་རུབ་ཅན་དང་སྤྱི་ཚོགས་འཐིམ་སྦྲིད་ཅན་ནས་རྒྱང་ཕུད་དུ་གཏོང་དགོས་ཟེར་མཁན་གྱི་མི་ཚོགས་ཤིག་མི་གྲུབ་པའི་གདེང་ཚོད་མ་རྙེད་ལ།གང་ལྟར་ཡང་རང་ཉིད་ཀྱི་བརྗོད་འདོད་པ་དག་དྲན་རུང་བ་གང་ཐད་ཀར་དུ་བཤད་རྩིས་ཡོད་ལ།འཛེམ་དོགས་དང་བཀག་རྒྱ་མེད་པར་མི་ཁ་སོགས་རིང་དུ་དོར།ཡིན་ཙང་།ཁྱོད་ཚོས་རང་བློ་རྣལ་དུ་ཕབ་ཏེ་བསམ་གཞིག་གནད་དུ་སྨིན་པ་རེ་བཏང་ཚེ།ཁྱོད་ཚོར་ཞེ་སྡང་དང་ཁོང་ཁྲོ་སྐྱེས་དགོས་དོན་དེ་འདྲ་མེད་ལ།འཇིགས་འཇིགས་ངར་ངར་གྱི་རྣམ་འགྱུར་ཕྱིར་བསྟན་ཏེ་ཕྱོགས་ཡོངས་ནས་འགལ་བ་ལྟག་སྤྲོད་དང་ཕུ་དཀྲུག་མདའ་དཀྲུག་གི་སྦྱོར་བ་ཅི་དགར་རྩོམ་སྲིད་ཅིང་།དོན་མེད་དཀྲོག་གཏམ་བཟོ་བའི་ཅོལ་ཆུང་སྣ་འདྲེན་གྱི་རིགས་སུ་འདུ་བར་མི་བྱེད་ལ།དཀྱེལ་ཡངས་བགྲོ་གླེང་གི་རིག་གནས་མཁའ་དབུགས་ཤིག་གྲུབ་པའི་བར་སྟོང་དུ་ཤེས་ཡོན་པ་སྤྱི་ནས་ལྟ་ཚུལ་ལྷུག་བརྗོད་དང་རྒྱུ་འབྲས་བློ་མིག་གིས་བྱ་དངོས་ཀྱི་དགེ་སྐྱོན་རང་བཞིན་གླེང་བའི་མཐར་ཐུག་གི་ཀུན་སློང་གིས་སྐུལ་ཏེ་འདི་ལྟར་དུས་རབས་གསར་བའི་བོད་ཀྱི་སྤྱི་ཚོགས་སུ་སྐྱ་སེར་རིག་གནས་གཉིས་ཀྱི་འགལ་འདུ་དང་རྩོད་སྒྲུབ།གླེང་བརྗོད་ཅི་རིགས་སྤེལ་དང་སྤེལ་མུས་སུ་མཆིས་པའི་སྐུ་ཞབས་ཞོགས་དུང་གི་རིག་གནས་ལྟ་གྲུབ་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་མི་སྒེར་ལྟ་ཚུལ་ངོས་ནས་བོད་ཀྱི་ད་ལྟའི་གནས་བབས་དང་མི་བུ་ཁོང་གི་བར་ཐག་བསྐྱར་དུ་འཇལ་བའི་དགོས་དབང་ལ་དམིགས་ཏེ་བྲིས་པ་ཞིག་ཡིན།

  ཡིན་ཡང་ཁོ་བོས་འདི་ནས་སྐྱ་གྲོང་ཕལ་བ་ཞིག་ལ་སྟོན་པ་ཞེས་སྦྱར་ན་ནང་བསྟན་ཆོས་ལུགས་ལ་དད་པ་རྩེ་གཅིག་ཏུ་སྒོམ་མཁན་དང་ཆོས་ལུགས་རིག་གནས་ལ་དང་དོད་ཡོད་པ།མི་རིགས་རིང་ལུགས་པ་ཞིག་ཡིན་ཟེར་མཁན་དག་གིས་ཁོ་བོར་རྣམ་དོགས་ཟ་བ་དང་སྨྱོན་ལབ་རྐྱང་རྐྱང་རེད་ཅེས་ཟུར་དུ་འཕེན་པ་ལས་མངོན་སུམ་བདེན་སྣང་དང་གནས་ལུགས་རྒྱུ་མཚན་སོགས་ལ་བརྟེན་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་དང་དཔྱད་སྟོབས་རིག་པའི་བློ་མིག་གིས་གཟུ་བོར་བལྟ་བའི་གོམས་གཤིས་ཚད་ལྡན་ཞིག་ད་སྔ་བར་དུ་བོད་ཀྱི་སྤྱི་ཚོགས་སུ་གྲུབ་མེད་རྐྱེན་རང་ཉིད་ཀྱི་སྐད་ཆ་ངོ་མ་ཞིག་འཁྱེར་ནས་བསམ་གཞིག་གཏོང་སྟངས་སོགས་མཚོན་པར་བྱེད་ཀྱང་འགལ་འབྲེལ་མང་པོ་ཞིག་ལ་གདོང་གཏོད་དགོས་པ་དང་གཞི་འཐབ་དགོས་པའི་དུས་ཀྱང་འབྱུང་སྲིད་པས་ཁོ་བོས་ཀྱང་ལམ་ཁ་འདི་མི་བརྒྱུད་ཐུ་མེད་ཡིན་ལ།དེ་ལྟར་བརྒྱུད་འོས་པ་ཞིག་ཏུ་འདོད་ཀྱིན་ཡོད།

  སྤྱིར་སྟོན་པ་ཞེས་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་བཞག་ནས་བཤད་ན།ཐར་བའི་ལམ་སྟོན་མཁན་ལ་སྟོན་པ་ཞེས་སྒྲ་བཤད་དུ་བཀོད་འདུག་ཅིང་།ཆོས་ལུགས་གཞན་སོ་སོའི་ཁྲོད་དུའང་སྟོན་པ་ཞེས་པའི་མིང་གི་གདགས་གཞི་དེ་རྒྱུན་དུ་འབྱུང་གིན་ཡོད།དེ་བཞིན་དུ་འུ་ཅག་གི་ནང་བསྟན་ཆོས་ལུགས་སུ་སྟོན་པར་འབོད་པའི་་ཤཱཀྱ་ཐུབ་པ་ནི་བོད་བརྒྱུད་ནང་བསྟན་ལ་དད་པ་རྩེ་གཅིག་ཏུ་གཞོལ་མཁན་དང་ཆོས་ལུགས་ཉམས་ལེན་མཁན་དག་གི་སྣང་ངོར་ཁོང་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་དུ་བལྟ་གིན་ཡོད་ལ།བསམ་སྤྱོད་ཐ་དག་ནོར་འཁྲུལ་མེད་པ་དང་ཚད་མར་འཛིན་པའི་རང་བློ་གཅིག་རྐྱང་མའི་ཤན་ཤུགས་ཟབ་མོ་བཞག་མྱོང་ཡོད་པ་དང་།དེ་ལྟ་བུའི་བག་ཆགས་གཏིང་ཟབ་ཅིག་དད་ལྡན་མང་ཚོགས་དང་བསྟན་པའི་རྗེས་འཇུག་པ་དག་གི་སེམས་ཀྱི་གཏིང་སར་སིམ་པ་དང་འདས་པའི་ལོ་ངོ་སྟོང་ཕྲག་འགའི་རིང་དུ་སེམས་ཀྱི་སྐྱོར་འདེགས་ཀྱིས་ཚད་གཞི་ཆེས་མཐོ་སར་བཀོད་པས།ད་ལྟའི་གནས་སུ་སྐུ་ཞབས་ཞོགས་དུང་ལྟ་བུའི་དེང་རབས་ཤེས་ཡོན་པ་ཞིག་ལ་སྟོན་པ་ཞེས་པའི་མིང་འདི་སྦྱར་ནས་བོས་ཚེ་ཁོ་ཚོའི་ནང་གི་མང་མང་ཞིག་ཤྭ་འདྲོགས་རྐྱངའདྲོགས་ཀྱི་ཚུལ་དུ་ཅི་དགར་ཐན་བལྟས་དང་བསྟན་དགྲ།མ་རུང་བ།ལྟ་ལོག་པ་ཞེས་ལུས་ངག་ཡིད་གསུམ་གྱིས་མི་འདོད་པའི་སྦྱོར་བ་ཅི་དགར་རྩོམ་སྲིད་པ་རེད་ཅིང་།ཐ་ན་ཆོས་ལུགས་ལྟ་ལོག་པ་ཕམ་པར་རྒྱོབས་ཞེས་ཅི་འདོད་འདོད་དང་གང་དྲན་དྲན་དུ་ཁ་གཡང་དང་ཐ་ཚིག་སྒྲོག་ཁུལ་བྱས་པས་རང་ཉིད་རང་གིས་ཕུང་བའི་ནག་ཉེས་དང་གྱོང་གུད་འུ་ཅག་ལ་ད་སྔ་བར་དུ་མང་མེད་ན་ཉུང་མེད་པའི་ཚད་དུ་གནས་ཀྱང་ད་དུང་འོ་སྐོལ་ཚང་ལ་ཕྱིར་རྟོག་དང་བསམ་གཞིག་གི་འགྲོ་གོམས་མེད་པས་ཡོད་ཚད་ཁ་འཐོར་དགུ་འཐོར།གྲུབ་འབྲས་དང་ཡར་རྒྱས་མེད་པའི་གཞི་རྐྱེན་ལ་གཏོར་བཤིག་གཏོང་མ་ཐུབ་པ་དང་གྱེས་བརྡ་འཇོག་མ་ནུས་པ་དེ་ལན་པ་རེད་ཟེར་གྱིན་ཡོད།ཁོ་བོས་འདི་རུ་བརྗོད་པའི་གཏོར་བཤིག་དང་གྱེས་བརྡ་ཞེས་པ་ནི་རིག་གནས་ཀྱི་འདུ་ཤེས་གསར་བཅོས་ཡོད་དགོས་པ་དང་རིག་གནས་སྣ་མང་ཅན་དང་དཀྱེལ་ཡངས་མཁའ་དབུགས་ཅན་གྱི་རིག་གནས་ཁོར་ཡུག་ཅིག་བསྐྲུན་དགོས་པའི་གལ་ཆེའི་དགོས་མཁོར་དམིགས་ཏེ་གླེང་བའི་དོན་དུ་གོ་བར་གྱིས།

  དེ་ལྟར་ད་ལྟའི་ང་ཚོའི་ཁ་གཏད་དུ་ཕྱོགས་པའི་སྤྱི་ཚོགས་གསར་བ་དང་དུས་རབས་གསར་བ།མི་རབས་གསར་བའི་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་མི་གླེང་ཐུ་མེད་ཀྱི་མི་བུ་སྙིང་སྟོབས་ཅན་ཞིག་གིས་མི་སྐད་གསོན་པོ་བརྒྱབ་ཏེ་དུས་རབས་ཉེར་གཅིག་པའི་ཤེས་རིག་གི་མཁའ་དབྱིངས་སུ་མི་ཆོས་རིག་གནས་ཀྱི་ས་བོན་གཏོར་བ་དང་ལྷ་མི་གོ་ནོར་དང་ཆོས་སྲིད་མཉམ་སྡེབ་ཀྱི་ནག་ཉེས་ནོར་འཁྲུལ་ལ་བསྐྱར་དུ་དཔྱད་འཇོག་དགོས་པའི་རིག་གནས་ཤིག་གི་དྲན་པ་སློང་མཁན་སྐུ་ཞབས་ཞོགས་དུང་རེད་ཅེས་འུ་ཅག་གི་མང་མང་གི་ཁ་རུ་གླེང་བཞིན་འདུག་ཅིང་ད་ལྟར་དེབ་རྒན་བཞིའི་བདག་པོར་གྱུར་ཡོད་པ་དེ་ལ།ད་ལྟའི་དགོན་སྡེའི་གྲྭ་བ་རེ་འགའ་དང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་འགའ་ཤས་ཤིག་གིས་ནམ་རྒྱུན་དུ་སྐུ་ཞབས་ཁོང་གི་རིག་གནས་ཀྱི་ལྟ་གྲུབ་གཞི་བྱས་པ་དང་དེང་རབས་རིག་གནས་ལ་དགའ་ཞེན་ཡོད་མཁན་དག་གཙོ་བྱས་པའི་སྤྱི་ཚོགས་སློབ་གྲྭའམ་རྒྱལ་གཉེར་སློབ་གྲྭར་འགྲིམ་པའི་ན་གཞོན་སྐྱ་བོའི་སྡེ་ལ་ཆེད་དུ་དམིགས་བཙུགས་པའམ་ཁ་གཏད་དེ་ཟུར་ཟའི་ཚུལ་དུ་མི་རབས་གསར་བའི་སྟོན་པ་ཞོགས་དུང་ཞེས་འབོད་པ་ཡིན་ལ།སྐད་ཆ་དེ་གོ་མ་ཐག་དེ་ལ་དོ་སྣང་ཆེན་པོར་བྱ་འདོད་མེད་མོད།ཞིབ་ཀྱིས་བསམ་ན་སྐད་ཆ་དེ་ལ་དྲང་ལྡོག་གང་རུང་ནས་ཕྱོགས་ཙམ་གླེང་ན་བཤད་རིན་མེད་པ་ཞིག་གཏན་ནས་མ་ཡིན་ལ།དེའི་ཕུགས་སུ་གཞལ་ན་སྔོན་ཆད་ཆོས་ལུགས་པའི་སྣང་ངོར་བཞག་པའི་སྟོན་པ་དེ་དང་འདིར་བརྗོད་པའི་སྟོན་པ་ཞེས་པའི་གོ་བ་ལེན་ཕྱོགས་ལ་ཁྱད་པར་ཞིག་ཡོད་ན་ཤིན་ཏུ་འགྲིག་པར་འདོད།རྒྱུ་མཚན་གཙོ་བོར་འདིར་མི་སྐྱ་ཕལ་བ་ཞིག་ལ་སྟོན་པ་ཞེས་སྦྱོར་བའི་སྐབས་སུ་རིག་གནས་གསར་རྙིང་གཉིས་ཀྱི་དབྱེ་མཚམས་གསལ་བར་ཕྱེ་བ་དང་འུ་ཅག་བོད་ལ་རིག་གནས་གསར་བའི་ལྟ་ཚུལ་འདོན་མཁན་ཐོག་མར་བགྲང་ཡང་འགལ་བ་མེད་པར་འདོད་དེ།ན་གཞོན་གསར་བའི་རིག་གནས་ཀྱི་སྙིང་སྟོབས་མངའ་ཞིང་དེང་རབས་རིག་གནས་ཀྱི་ཁྱད་ཆོས་ཡོད་ལ།མི་རབས་གསར་བའི་རིག་གནས་ཀྱི་འདུ་ཤེས་གསར་བར་རྨང་གཞིའི་མཐུན་རྐྱེན་བསྐྲུན་པར་མི་བུ་ཁོང་གིས་ང་ཚོར་བག་ཆགས་གཏིང་དཀྲུགས་དང་དྲན་པ་གཡོ་སྐྱོམ་བཏང་བས་བག་ཤུགས་འདོན་སྤྲོད་ཀྱིས་སད་རྟོགས་ཀྱང་རིམ་བཞིན་འཕེལ་བར་བྱས་སོང་།དེ་ལྟར་དུ་ཁོང་གིས་འུ་ཅག་བོད་ཀྱི་ཉམས་རྒུད་ཐ་དག་གི་འབྱུང་རྩ་བག་ཆགས་རྙིང་བ་ཡིན་པའི་གནད་གཙོ་བོར་བསྟན་པ་འདིས།ལྷ་ཆོས་རིག་གནས་དང་མི་ཆོས་རིག་གནས།ཞི་བའི་རིག་གནས་དང་སྲིད་པའི་རིག་གནས།གདོད་མའི་རིག་གནས་དང་དེང་རབས་རིག་གནས།དགོན་སྡེའི་རིག་གནས་དང་ཁྱིམ་པའི་རིག་གནས་སོགས་ཁྱད་ཆོས་དང་ངོ་བོ་མི་འདྲ་བ་གཉིས་སུ་དབྱེ་སྟེ་འདིར་ཕྱི་མ་གཙོ་བོར་བཞག་སྟེ་བཤད་ན་སྐུ་ཞབས་ཞོགས་དུང་ལ་མི་རབས་གསར་བའི་སྟོན་པ་ཞེས་སྦྱར་ཡང་ད་ལྟའི་མིའི་བློ་ངོར་མི་ཤོང་པ་ཞིག་མ་ཡིན་ལ།ཆོས་ལུགས་པའི་སྣང་ངོར་གྲུབ་པའི་སྟོན་པ་ཞེས་པའི་ལྗིད་ཚད་དེ་འདྲ་ཞིག་གིས་གཞལ་བ་མིན་པར་མི་ཚང་མ་འདྲ་མཉམ་དུ་མཐོང་བའི་མིའི་རིན་ཐང་ལྟ་ཚུལ་དང་མཛེས་རྟོག་རིན་ཐང་ངོས་ནས་ཁོང་ལ་སྟོན་པ་ཞེས་འདོགས་སྲིད།

   དེ་བཞིན་དུ་ཁོ་བོས་ཀྱང་འདི་ནས་གོང་གི་གྲྭ་བ་རེ་འགའ་དང་སློབ་མ་ཁ་ཤས་ཤིག་གིས་གླེང་བཞིན་པའི་མི་རབས་གསར་བའི་སྟོན་པ་ཞོགས་དུང་ཞེས་པའི་སྐད་ཆ་འདི་ལས་འཕྲོས་ཏེ་སྐུ་ཞབས་ཁོང་ཉིད་ལ་མི་ཆོས་རིག་གནས་ཀྱི་ངོས་ནས་བལྟས་ན་སྟོན་པའི་གོ་ཐོབ་ཡོད་པའི་ཆ་ཤིན་ཏུ་གསལ་བར་མཐོང་ནུས་ཏེ།མི་རབས་གསར་བར་སྐོམ་གདུང་གི་སྡུག་བསྔལ་སེལ་བའི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་གི་ལེགས་སྐྱེས་བསྣམས་ཏེ་བོད་ཡུལ་ཆོལ་ཁ་གསུམ་ནས་རྨོངས་མུན་མཐའ་རུ་སྤྲོད་པའི་འབྲུག་གི་ང་རོ་སྒྲོག་སོང་།རྙིང་ཞེན་གཏོར་བཟོ་དགོས་པའི་འཕྲུལ་གྱི་མདའ་མོ་འཕངས།གསར་བསྐྲུན་ལམ་ཁ་སྙེག་པའི་དུས་ཀྱི་ཅོང་བརྡ་བརྒྱབ་པས་མི་རབས་གསར་བའི་དཔུང་སྡེ་ལ་བགྲོད་ལམ་གསར་བ་ཞིག་གི་སྐྱ་ཐིག་ཕབ་པ་དང་མི་ཆོས་རིག་གནས་ཀྱི་སྣེ་འཁྲིད་པ་དང་ལམ་སྟོན་མཁན་ལྟ་བུའི་ནུས་པ་བླ་མེད་འདོན་མཁན་ཞིག་ཏུ་བསམ་གྱིན་ཡོད་ལ།སྤྱི་ཚོགས་གསར་བའི་རླབས་རྒྱུན་ཁྲོད་དུ་འོད་སྣང་གསར་བ་ཞིག་གི་གོ་འཐོབ་དང་གྲུབ་འབྲས་མཛད་མེད་ཅིག་གི་དཔང་རྟགས་སྤྲད་ཆོག

 

 ༢༠༡༢་༡༢་༩ཉིན་ལ།

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 12-12-15] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཇུས་འགོད་དང་སྒྲིག་བཟོ་བྱས།
Copyright © 2009-2012 tbyouth.com All rights reserved. Powered by: tibetitw.com
E-mail:tbnewyouth@gmail.com     Tel:13552131484      QQ:1003120240