ཆོལ་གསུམ་བོད་མིའི་རིག་གནས་ཀྱི་སྡིངས་ཆ་ཆེན་མོ། རྫོང་ཁའི་ཡིག་གཟུགས་ཕབ་ལེན།
དྲ་ཚིགས་ཀྱི་མདུན་ཤོག>>བཅར་འདྲི། >> མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་རྣོ་སྦྲེང་ལ་སྒྲུང་གཏམ་ཐད་ཀྱི་བཅར་འདྲི་བྱས་པ།

མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་རྣོ་སྦྲེང་ལ་སྒྲུང་གཏམ་ཐད་ཀྱི་བཅར་འདྲི་བྱས་པ།

ངེད་དྲ་བ།

                སྒྲུང་གཏམ་ནི་རང་ཉིད་ཀྱི་གྲིབ་རིས་ཤིག་དང་སྤྱི་ཚོགས་ཀྱི་གྲིབ་རིས་ཤིག་ཡིན།

                                                                      ——རྣོ་སྦྲེང་ལ་བཅར་འདྲི་བྱས་པ།
                         གསར་འགོད་པ། ཁྲི་སེམས་དཔའ།

གསར་འགོད་པ། སྐུ་ཞབས་རྣོ་སྦྲེང་ལགས། བདེ་མོ་ཡིན་ནམ།
རྣོ་སྦྲེང༌། བདེ་མོ་ཡིན། གསར་འགོད་པ་ཁྱེད་བདེ་མོ།
གསར་འགོད་པ། ཁྱེད་རང་རྩོམ་རིག་གསར་རྩོམ་གྱི་ལས་ཀར་འཇུས་ནས་ལོ་ངོ་ག་ཙམ་འགོར་སོང༌། དེའི་རིང་ལ་ཁྱེད་རང་འཕྲད་པའི་ཆེས་ཆེ་བའི་དཀའ་ཁག་ཅི་ཞིག་ཡིན།
རྣོ་སྦྲེང༌། ཁོ་བོ་རྩོམ་རིག་གསར་རྩོམ་གྱི་ལས་ཀར་འཇུས་ནས་ཕལ་ཆེར་མི་ལོ་དྲུག་ལྷག་འགོར་ཡོད་པ་འདྲ། ལོ་ངོ་འདི་དག་གི་རིང་ལ་རྩོམ་རིག་ལས་རིགས་ཀྱི་ཀྱི་སྟེང་ནས་ཆེས་བཟོད་མི་ཐུབ་པ་ནི་ཕ་རོལ་བས་བརྩམས་ཆོས་ལ་མིག་གིས་མ་བལྟས་པར་བསྙོན་འགེལ་དང་ངན་གཏམ་རི་རབ་འདྲ་ཞིག་བརྩི་བ་དེ་རེད། འདི་ང་རང་ལ་འཕྲད་པའི་ཆེས་ཆེ་བའི་དཀའ་ཁག་ཡིན་ནམ། གང་ལྟར་དྲི་བ་འདིའི་ལན་ལ་བརྗོད་འདོད་པ་ཞིག་རེད་འདུག
གསར་འགོད་པ། ཁྱེད་ནི་རྩོམ་ལུས་སྣ་མང་ལ་འཇུག་པའི་ན་གཞོན་གསར་རྩོམ་པ་ཞིག་རེད།ཁྱེད་ཀྱིས་བྲིས་པའི་སྙན་ངག་དང་སྒྲུང་གཏམ།འབོལ་རྩོམ་སོགས་བརྩམས་ཆོས་སྐོར་ཞིག་ཁོ་བོས་བཀླགས་མྱོང༌།དེ་དག་ལས་མང་ཆེ་ཤོས་འབོལ་རྩོམ་རེད། ཁོ་བོའི་བསམ་ཚོར་ཞིག་ལ། ད་ལྟའི་སྒྲུང་གཏམ་དང༌།ལྷག་པར་དུ་སྙན་ངག་མང་ཆེ་བར་འབོལ་རྩོམ་གྱིས་ཤན་ངེས་ཅན་ཞིག་ཞུགས་འདུག་སྙམ། སྣང་ཚུལ་འདི་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱས་ཐད་ནས་གླེང་ན་གོལ་ལམ་ཞིག་རེད་དམ། ཡང་ན་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།

རྣོ་སྦྲེང༌། ཡིན་ཏེ། ང་རང་ནི་སྙན་ངག་དང་འབོལ་རྩོམ། སྒྲུང་གཏམ་གསུམ་ཀ་འབྲི་བའི་ལམ་ལ་ཞུགས་ཁུལ་བྱས་པ་ཡིན། གོ་རིམ་འདིའི་ཁྲོད་དུ་སློབ་ཆེན་གྱི་དགེ་རྒན་ཞིག་གིས་ང་ལ། ཁྱོད་ཀྱིས་འབོལ་རྩོམ་ལས་སྙན་ངག་རྐྱང་རྐྱང་བྲིས་ན་བཟང་གི་ཟེར། ཡང་རྩོམ་རིག་ལས་རྐང་སྟེང་གི་གྲོགས་པོ་རེ་ཟུང་གིས་འབོལ་རྩོམ་གྱི་ལམ་ཁ་རྐྱང་རྐྱང་བསྙེག་ན་འགྲིག་རབས་ཟེར། གང་ལྟར་ང་རང་གིས་ཁོ་ཚོ་ལ་ལེགས་སོ་ཞུ་མ་ཐུབ། གཏན་ཚིགས་ག་རེ་ཡིན་ཟེར་ན། ངས་ནི་ཚོར་སྣང་གི་རྗེས་འདེད་ཀྱི་ཡོད། དཔེར་ན་འབོལ་རྩོམ་འབྲི་འདོད་ཀྱི་ཚོར་བ་ཡོད་དུས་སྙན་ངག་དང་སྒྲུང་གཏམ་འབྲི་མི་འདོད་པ་དང༌། སྒྲུང་གཏམ་འབྲི་འདོད་དུས་སྙན་ངག་དང་འབོལ་རྩོམ་འབྲི་མི་འདོད་པ་བཞིན་ནོ།།
གང་ལྟར་འབོལ་རྩོམ་གྱིས་སྙན་ངག་དང་སྒྲུང་གཏམ་ལ་ཤན་ཞུགས་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད་དེ། འབོལ་རྩོམ་གྱི་ལམ་ནས་ཤོད་མི་ཐུབ་པའམ། ཡང་ན་བརྗོད་མི་བདེ་བ་མང་དག་ཅིག་སྒྲུང་གཏམ་གྱི་ལམ་ནས་ཕུན་སུམ་ཚོགས་པའི་སྒོ་ནས་མཚོན་ཐུབ་པའི་སྣང་བ་ཞིག་ཡོད་ཀི དེ་ནི་ང་རང་མི་སྒེར་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་ཞུགས་པའི་རྒྱུ་རྐྱེན་གཅིག་ཀྱང་ཡིན། སྣང་ཚུལ་འདི་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱས་སམ་རྩོམ་རིག་གི་མཛེས་རྟོག་རང་ངོས་ནས་བལྟས་ན་མདུན་སྐྱོད་ཅིག་ཡིན་མིན་བཤད་དཀའ་མོད། ལོག་ལམ་ཞིག་ཡིན་སྲིད་རྒྱུ་མ་རེད་སྙམ་གི

གསར་འགོད་པ། མིག་སྔའི་རང་རེའི་རྩོམ་སྟེགས་ལ་བལྟས་ན། འབོལ་རྩོམ་དེ་ཧ་ཅང་རྒྱུགས་ཆེ་བར་སྣང༌། ཡིན་ནའང༌། མི་རིགས་ཤིག་ལ་རྩོམ་རིག་དར་མ་དར་དེ་སྒྲུང་གཏམ་ལ་བལྟ་དགོས་ཟེར། དེར་ཁྱེད་ལ་ལྟ་ཚུལ་ཅི་ཞིག་ཡོད།

རྣོ་སྦྲེང༌། མིག་སྔར་རང་རེའི་རྩོམ་སྟེགས་སུ་འབོལ་རྩོམ་གྱིས་རྩོམ་ལུས་གཞན་དག་འགྲམ་ལྕགས་ཚ་ཐག་ཆོད་པོ་རེ་བཞུས་ཏེ་ཀུན་པོས་སྔུན་ལ་རྒྱུགས་ནས་འགྲོ་བ་འདི། བསམ་བློ་རིག་གནས་ཀྱི་ངོས་ནས་བཤད་ན་འཕེལ་རྒྱས་སུ་འགྲོ་བའི་སྔ་རྟགས་སུ་འཁུམས་སྙམ། གཏན་ཚིགས་ནི་འབོལ་རྩོམ་གྱིས་དངོས་ཡོད་དང་ཐག་ཉེ་གླེང་སྟེ་ཀློག་པོ་དག་གི་སེམས་ཀྱི་ས་གཞི་ལ་རྣོ་ངར་དང་ཚ་འདྲིའི་ང་རོ་སྒྲོག་ནས་དཔུང་འཇུག་བྱེད་ཀྱིན་ཡོད་པས་སོ།། འོན་ཏེ་རྩོམ་རིག་རང་ངོས་ནས་བཤད་ན་གོང་གི་བཤད་སྲོལ་དེ་ལ་ཡང་ང་རང་ངོས་ནས་མི་འཐད་པ་ཆེར་མི་འདུག ཡིན་ནའང་འུ་ཚང་གི་རྩོམ་རིག་གར་སྟེགས་སྟེང་ན་ཀློག་པ་པོ་མང་དག་ཅིག་ལ་འདོད་བློ་སྐོང་ཐུབ་པའི་སྒྲུང་གཏམ་ག་ཚོད་ཡོད་པ་དང་ཡང་ན་རྩོམ་རིག་དར་མ་དར་གྱི་ཚབ་མཚོན་ལ་བཞག་ཆོག་པའི་སྒྲུང་གཏམ་ཞིག་ཨེ་ཡོད་དམ་སྙམ་པ་དེ་རེད།

གསར་འགོད་པ། རེད། དེ་ལྟར་བཤད་ཀྱང་མི་ཆོག་པ་མེད་མོད། ཡིན་ནའང༌། སྒྲུང་གཏམ་ཞིབ་ཏུ་ཀློག་མཁན་ཞིག་ཡིན་ཚེ། སྒྲུང་གཏམ་ཡག་པོ་འགའ་རེ་ཡང་བྱུང་དང་འབྱུང་བཞིན་ཡོད་དེ། དཔེར་ན། 《རླུང་དམར་འུར་འུར》ལྟ་བུ་དང༌། གཞན་ཡང༌། 《གནའ་གྲོང》ལྟ་བུ། 《ཧཱ་པ་གསོས་པའི་ཟིན་བྲིས》ལྟ་བུ། 《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》ལྟ་བུ་འགའ་རེ་ཡང་འདུག དེ་ནི་ང་རང་གི་ཕྱོགས་རིས་ཀྱི་ལྟ་ཚུལ་ཞིག་ཡིན་ཀྱང་སྲིད། ཁྱེད་ཀྱིས་བརྩམས་ཆོས་དེ་དག་ལ་སྤྱི་བམ་ནས་བསམ་ཚུལ་ཙམ་བརྗོད་ན་ག་འདྲ་རེད། གཞན་ཡང༌། ཁ་ཤས་ལ་འདི་འདྲའི་བཤད་ཚུལ་ཞིག་ཀྱང་ཡོད་དེ། བརྩམས་ཆོས་བམ་པོ་ཞིག་བཀླགས་པ་ལས། རྡུང་ལེན་ཚར་གཅིག་གིས་བོད་ཀྱི་སྤྱི་ཚོགས་ལ་ཕན་པ་ཆེ་ཟེར།དེ་བས། ཀློག་པ་པོའི་འདོད་བློ་སྐོང་ཐུབ་མིན་དེ་རྩོམ་པ་པོ་ཁོ་ནར་ཐུག་ཡོད་པ་ཞིག་ཡིན་ནམ།
རྣོ་སྦྲེང༌། ལྟོས་བཅས་ཀྱིས་བཤད་ན་སྒྲུང་གཏམ་དེ་དག་ང་རང་ངོས་ནས་བལྟས་ན་ཡང་བོད་ཀྱི་སྒྲུང་གཏམ་ཡག་ཤོས་ཀྱི་གྲས་རེད་འདོད།ད་དུང་སོ་སོའི་ངོ་བོ་དང་རྣམ་པའི་ཆ་ནས་བཤད་ན་ཡང་མཚོན་ཐབས་དང་མཚོན་བྱེད་སོགས་ལ་སོ་སོར་མི་འདྲ་བའི་ཁྱད་ཆོས་རེ་བདོག་མོད།ད་དུང་ཡང་གཞུང་ཐིག་གཅིག་གི་སྣེ་མོ་ན་གཅིག་གིས་གཅིག་ལ་ཐོལ་བརྒལ་ཆེན་པོ་བྱེད་ཐུབ་ཀྱི་མི་འདུག་སྙམ།
འདི་ནི་ང་རང་གི་ལྟ་ཚུལ་ནོར་འཁྲུལ་ཅན་ཞིག་ཡིན་ཀྱང་སྲིད་མོད། གང་ལྟར་ང་ལ་བཞག་པའི་ཚོར་བ་དངོས་གནས་དེ་ལྟར་རེད། བརྩམས་ཆོས་བམ་པོ་ཞིག་བཀླགས་པ་ལས། རྡུང་ལེན་ཚར་གཅིག་གིས་བོད་སྤྱི་ཚོགས་ཕན་ཟེར་བའི་བཤད་སྲོལ་དེ་བདག་གིས་ཀྱང་གོ་ཐོས་མྱོང་ལ། སྐད་ཆ་དེ་ལ་ང་རང་ཉམས་མྱོང་ཅན་བྱེད་ལ་དགའ་བ་དེ་ཚོར་ཁོང་དགོད་ཅིག་ཤོར་བ་ལས་ཚིག་ཉུང་དོན་འདུ་བའི་ལན་ཡིད་དུ་འོང་བ་ཞིག་གློ་བུར་དུ་མི་འདུག འོན་ཏང་ཀློག་པོ་གཅིག་གི་འདོད་བློ་སྐོང་ཐུབ་མིན་རྩོམ་པ་པོ་ལ་ཐུག་མེད་ན་ཡང་ཀློག་པ་པོ་བརྒྱ་ཡི་འདོད་བློ་སྐོང་ཐུབ་མིན་ལ་རྩོམ་པ་པོ་དང་འབྲེལ་བ་ཁྱོན་ནས་མེད་ཟེར་ས་ཡང་འགྲོ་རྒྱུ་མ་རེད་སྙམ་གི།
གསར་འགོད་པ། རེད། དེ་ལྟར་བཤད་ཚེ། ང་ལ་དྲི་བ་གཞན་ཞིག་ཀྱང་ཞར་དུ་འོང་གིན་འདུག་སྟེ། བོད་རང་ལ་མཚོན་ན་དོན་གྲུབ་རྒྱལ་གྱི《འབྲོང་སྟག་ཐང》ནས་ད་ལ་བར་དུ་རྩོམ་རིག་གསར་རྩོམ་གྱི་འཚོལ་སྙེག་གི་ལམ་བུ་དེ་ལོ་ངོ་ཉི་ཤུ་ལྷག་ལས་མི་འདུག དེ་ངོས་ཐད་ནས་བལྟས་ན། རྩོམ་རིག་སྒྱུ་རྩལ་ཡོད་དོ་ཅོག་ལས་སྒྲུང་གཏམ་གྱི་ཐད་ནས་ཐོད་བརྒལ་ཅུང་ཕྱིན་འདུག་སྙམ་འོངས་ལ།ཡང་གཅིག་བཤད་ན། སྒྲུང་གཏམ་དེ་ཅུང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཚོར་བ་ཞིག་ཀྱང་སྐྱེས། ཁྱེད་ཀྱིས་བལྟས་ན་དེ་འདྲ་ཨེ་རེད།
རྣོ་སྦྲེང༌། དངོས་གནས་དེ་འདྲ་ཞིག་རེད། ལྟོས་བཅོས་ཀྱིས་བཤད་ན་འབྲོང་སྟག་ཐང་ནས་ད་ལྟའི་བར་དུ་སྒྲུང་གཏམ་ལ་འཕེལ་རྒྱས་ཡོད་ས་རེད་ལ། སྤྱི་འགྲོས་ཀྱི་ངོས་ནས་བཤད་ན་སྔོན་མ་སྔོན་མ་དག་ལས་རྗེས་མ་རྗེས་མ་དག་འཕེལ་རྒྱས་སམ་མཐུས་སྒོ་ཇེ་ཚང་ལ་འགྲོ་བཞིན་ཡོད་ཚོད་རེད།
སྐབས་འདིར་ཞོར་དུ་བཤད་འདོད་པ་ཞིག་ཡོད་པ་ནི་སྒྲུང་གཏམ་ནི་མི་སྡུག་རུས་ཅན་ཞིག་གི་འབྲི་རྒྱུ་ཞིག་རེད་དང་ཡང་ན་སྒྲུང་གཏམ་འབྲི་རྒྱུ་ནི་མི་ཁོམ་ལོང་ཅན་དག་གི་ལས་ཀ་རེད་ཟེར་མཁན་དག་ལ། སྒྲུང་གཏམ་ནི་སྡུག་རུས་ཅན་དང་ཁོམ་ལོང་ཅན་དག་གིས་བྲིས་ཆོག་པ་ཞིག་ཡིན་ན་ང་ཚོའི་བོད་ལ་སྡུག་རུས་ཅན་དང་ཁོམ་ལོང་ཅན་མང་པོ་བདོག་མོད། དེ་འདྲ་ཞིག་མ་ཡིན་ཏེ། སྒྲུང་གཏམ་འབྲི་མཁན་ནི་སྣ་མང་རིག་གནས་ལ་འབྲེལ་འདྲིས་ཡོད་མཁན་ཞིག་དང༌། མཚོན་བྱེད་དང་མཚོན་ཐབས་སོགས་དབང་བསྒྱུར་བ། ཤེས་རབ་ཅན་དང་ཉམས་མྱོང་ཅན་ཞིག་ཡིན་དགོས་ས་རེད་ཟེར་བ་དེ་ཡིན། ཞ་ཞོར་ལ་སྐད་ཆ་འདི་ག་རེ་ལབ་དགོས་ཟེར་ན། ང་ཚོའི་བསམ་བློའི་འདུ་ཤེས་ཀྱི་གཏིང་རུམ་ན་བཙའ་བཞིན་ཆགས་ཡོད་པའི་སྒྲུང་གཏམ་ལ་བཟུང་བའི་ལྟ་ཚུལ་འདི་དོར་ཚེ། ད་གཟོད་སྒྲུང་གཏམ་གྱི་རིན་ཐང་དང་ཁྲོམ་ར་རྒྱ་བསྐྱེད་བསྐྱེད་ཐུབ་པ་ལ་རྔོ་ཐོགས་སྙམ།
གསར་འགོད་པ། རེད།ལྟ་ཚུལ་དེར་ཁོ་བོ་ཡང་ཤིན་ཏུ་འཐད། སྒྲུང་གཏམ་ནི་མི་སྡུག་རུས་ཅན་ཞིག་གི་འབྲི་རྒྱུ་ཞིག་རེད་དང་ཡང་ན་སྒྲུང་གཏམ་འབྲི་རྒྱུ་ནི་མི་ཁོམ་ལོང་ཅན་དག་གི་ལས་ཀ་རེད་ཟེར་བ་ནི་གང་འདོད་དུ་བཤད་པ་ཤ་སྟག་རེད།སྒྲུང་གཏམ་ནི་ཁོམ་པ་ཡོད་པ་དང་སྡུག་རུས་ཡོད་པ་ཙམ་གྱིས་འཁྱོངས་པ་ཞིག་ག་ལ་ཡིན། ཡིན་ཀྱང༌། གཏམ་གླེང་འདི་རེ་ཞིག་མཚམས་འདི་ནས་བསྐྱུར་ཞོག ང་ལ་ད་དུང་དྲི་བ་ཞིག་ཡོད་དེ། རང་རེའི་རྩོམ་སྟེགས་སྟེང་གོ་ས་ཅུང་ཟིན་ཡོད་པའི་གཞོན་སྐྱེས་རྩོམ་པ་པོ་འགའ་རེས་བྲིས་པའི་སྒྲུང་གཏམ་དེ་རང་གི་ཚོར་བ་གཙིགས་སུ་འཛིན་པ་དང༌། ལྷག་ཏུ་ཁ་ཤས་ཤིག་གི་བརྩམས་ཆོས་དེ་རབ་རིབ་ཅན་དུ་སྣང་བས་གོ་དཀའ་བའི་སྣང་བ་ཡང་སྦྱིན་ཡོང༌། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ། ཁོ་ཚོའི་ཁྲོད་ན་ནོར་ལུག་གི་རྗེས་ན་འཕག་འཚག་རྒྱག་ཅིང༌། རྣང་ཞིང་གི་བར་ན་ས་ནག་དང་འཐབ་རྩོད་རྒྱག་པའི་རོང་འབྲོག་མང་ཚོགས་ཀྱི་མདུན་སར་ལྷགས་པའི་དཀའ་ཁག་ལ་དམིགས་ནས་སྒྲུང་གཏམ་བྲིས་པ་ཤིན་ཏུ་ཉུང༌། དེ་ནི་ཁོ་བོར་མཚོན་ན་སེམས་ཁྲལ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ཁྱེད་ལ་དེ་འདྲའི་དྲན་ཚུལ་ཡོད་ཨེ་མྱོང༌། ཁྱེད་ཀྱིས་མ་འོངས་པར་སྒྲུང་གཏམ་གསར་རྩོམ་གྱི་ཁ་ཕྱོགས་དེ་གང་ཞིག་དམིགས་རྩིས་ཡོད་དམ།
རྣོ་སྦྲེང༌། རེད། རེད། རབ་རིབ་ཅན་གྱི་སྒྲུང་གཏམ་འབྲི་མཁན་དང་ཚོར་བ་གཙིགས་སུ་འཛིན་པའི་སྒྲུང་གཏམ་འབྲི་མཁན་ཡང་ཡོད་ལ་དེ་ཡོད་ཆོག་ཆོག་དང་ཡོད་འོས་པ་ཞིག་རེད་སྙམ་གི གཏན་ཚིགས་ནི་མེ་ཏོག་ལྡུམ་རྭའི་ནང་དུ་མེ་ཏོག་སྣ་གཅིག་ཁོ་ན་ལས་མེ་ཏོག་སྣ་མང་པོ་ཡོད་ན་མཛེས་སྡུག་གཞན་ཞིག་ཡོད་པ་བཞིན་ནོ།།
གཞན་གོང་གི་ཉིད་ཀྱིས་བཤད་པའི་རོང་འབྲོག་མང་ཚོགས་ཀྱི་མདུན་སར་ལྷགས་པའི་དཀའ་ཁག་ལ་དམིགས་ནས་སྒྲུང་གཏམ་བྲིས་པ་ཧ་ཅང་ཉུང་ཟེར་བ་དེ་ནི་ང་རང་ངོས་ནས་བལྟས་ན་མད་པའི་གཏམ་རེད་དེ། སྣང་ཚུལ་འདི་དག་མཚོན་ཡུལ་གྱི་ཆ་ནས་འུ་ཚོའི་སྒྲུང་གཏམ་གྱིས་ད་དུང་བསྐྱུར་ཡོད་པའི་སྟོང་ཆ་ཞིག་རེད་སྙམ།
གང་ལྟར་ང་རང་ལ་མ་འོངས་པར་སྒྲུང་གཏམ་གསར་རྩོམ་གྱི་ཁ་ཕྱོགས་གང་ཞིག་ལ་དམིགས་རྩིས་ཡོད་ཟེར་ན་དེའི་སྐོར་ལ་འདང་རྒྱབ་མ་མྱོང་མོད། རབ་རིབ་དང་ཚོར་སྣང༌། འཆར་ཡན་དང་རྟོག་བཟོའི་ཀློང་ནས་སྟོང་བསམ་དང་རྨི་ལམ་དངོས་དཔེར་བཀོད་ནས་གཞི་རིམ་གྱི་བར་སྣང་དང་ས་གཞི་གླེང་འདོད་ལ། མཁའ་དབུགས་དང་དྲོད་གྲང་ཀྱང་འབྲི་སྲིད་ངེས།
གསར་འགོད་པ། ཁྱེད་ཀྱིས་བལྟས་ན་བོད་རང་གི་དར་མའི་སྒྲུང་གཏམ་པ་དང་ན་གཞོན་སྒྲུང་གཏམ་པའི་བར་གྱི་འདྲ་ས་དང་མི་འདྲ་ས་དེ་གང་རེད། ཡང་གཅིག་བཤད་ན། ང་ཚོས་དར་མའི་སྒྲུང་གཏམ་པའི་སྟེང་ནས་སློབ་སྦྱོང་བྱེད་ས་ཨེ་ཡོད་ཀི
རྣོ་སྦྲེང༌། མི་འདྲ་ས་མཚོན་ཐབས་དང་མཚོན་བྱེད་ཡིན་རྒྱུ་རེད། དེ་ལསགཞན་ཕལ་ཆེར་བ་འདྲ་མཚུངས་ཀྱི་ཆ་འདུག་སྙམ། སློབ་སྦྱོང་བྱེད་དགོས་ས་ཡོད་སྲིད་མོད། འདི་ལ་སློབ་སྦྱོང་བྱེད་དགོས་ཞེས་དམིགས་གསལ་གྱིས་གསལ་བོ་ཞིག་བཤད་རྒྱུ་མི་འདུག
གསར་འགོད་པ། དེས་ན་ཁྱེད་རང་གི་གོ་བ་ལེན་སྟངས་ཀྱི་སྒྲུང་གཏམ་དེ་ག་འདྲ་ཞིག་ཡིན། ཁྱེད་ཀྱིས་དུས་རྒྱུན་འབོལ་རྩོམ་དང་སྒྲུང་གཏམ་འབྲི་དུས་སེམས་ཁམས་གྱི་ཆ་ནས་མི་འདྲ་ས་ཨེ་ཡོད། རྒྱུ་མཚན་ཅི་ཡིན།
རྣོ་སྦྲེང༌།ང་རང་གིས་གོ་བ་ལེན་སྟངས་ལྟར་གྱི་སྒྲུང་གཏམ་ནི་རང་ཉིད་ཀྱི་གྲིབ་རིས་ཤིག་དང་སྤྱི་ཚོགས་ཀྱི་གྲིབ་རིས་ཤིག་ཡིན། འབོལ་རྩོམ་དང་སྒྲུང་གཏམ་འབྲི་དུས་སེམས་ཁམས་ཀྱི་ཆ་ནས་མི་འདྲ་ས་ཡོད་དེ། མིག་སྔར་ཁོ་བོས་འབོལ་རྩོམ་འབྲི་དུས་ཚིག་འབྲུ་གཅིག་གི་སྟེང་ལ་ཡང་ཧ་ཅང་གཟབ་ནན་བྱེད་དགོས་པས་གནོན་ཤུགས་ཀྱི་སེམས་ཁམས་ཤིག་གིས་བྲི་དང་འབྲི་བཞིན་ཡོད་ལ།
སྒྲུང་གཏམ་འབྲི་དུས་རོལ་དབྱངས་དང་ལྷན་དུ་བག་ལྷོད་ལྷོད་ཀྱིས་སེམས་ཁམས་ཤིག་གིས་བྲིས་པ་ཡིན། གཏན་ཚིགས་ནི་བྲི་དང་འབྲི་བཞིན་པའི་ཁོ་བོའི་འབོལ་རྩོམ་དག་བྱེ་བྲག་ཁྲོད་ཀྱི་བྱེ་བྲག་ལ་བབ་ཡོད་ཅིང༌། ངས་བྲིས་པའི་སྒྲུང་གཏམ་གིས་ནི་སྤྱི་དང་སྤྱིའི་ཁྲོད་ཀྱི་བྱེ་བྲག་ཅིག་ལས་གླེང་གི་མེད་པས་སོ།།
གསར་འགོད་པ། དེར་ཁོ་བོར་བསམ་ཚུལ་ཞིག་འདུག་སྟེ། ཁོ་བོས་ཀྱང་རྩོམ་ཡིག་ཁ་ཤས་བྲིས་མྱོང་མོད། འོན་ཀྱང་འབོལ་རྩོམ་དང་སྒྲུང་གཏམ་གང་བྲིས་ཀྱང་གཟབ་ནན་བྱེད་པ་ལས་རང་དགར་འབྲི་མི་ཕོད། ཁྱེད་ཀྱི་དྲན་ཚུལ་ལ་གཞིགས་ན། སྒྲུང་གཏམ་ནི་རོལ་རྩེད་ཀྱི་རྣམ་པ་ཤེད་ཆེ་བ་ཞིག་ཨེ་ཡིན་སྙམ་ཡོང༌། དེ་འདྲ་ཡིན་ནམ། འདིའི་སྐོར་ནས་བྱེ་བྲག་ཏུ་བབས་ཏེ་ཁ་བརྡ་ཞིག་བྱས་ན་ཆོག་གམ།
རྣོ་སྦྲེང༌། ལྟོས་བཅོས་ཀྱིས་ང་རང་ཉིད་ལ་མཚོན་ན་འབོལ་རྩོམ་དང་སྒྲུང་གཏམ་གཉིས་ལས་འབོལ་རྩོམ་འབྲི་བ་ལ་གཟབ་ནན་བྱེད་པ་མ་གཏོགས། སྒྲུང་གཏམ་འབྲི་བ་ལ་གཟབ་ནན་གྱི་འདུ་ཤེས་འཛིན་མི་དགོས་པའི་ལྟ་ཚུལ་ཁྱོན་ནས་མེད། ག་རེ་ཟེར་ན། གོང་དུའང་རགས་ཙམ་གླེང་ཟིན་མོད། འབོལ་རྩོམ་དགག་སྒྲུབ་ཀྱི་ཤས་ཆེ་བ་དང་དོགས་སློང་གི་སྟོབས་ཚད་ནས་དངོས་ཡོད་ཁྲོད་ཀྱི་བྱེ་བྲག་ལ་གཞོལ་ཆེ་བས་རེད། ངས་ད་ལྟ་འབྲི་བཞིན་པའི་སྒྲུང་གཏམ་དག་ནི་དགག་སྒྲུབ་ཀྱི་དང་དངོས་ཡོད་ཀྱི་ཆ། དོགས་སློང་གི་ཆ་སོགས་མེད་པ་ག་ལ་ཡིན་མོད། སྟོང་བསམ་དང་རྨི་ལམ་དངོས་དཔེར་བཀོད་ནས་རྟོག་བཟོ་དང་འཆར་ཡན་གྱིས་སྤྱི་ཚོགས་གླེང་བ་ཙམ་དུ་ཟད་པས་འབོལ་རྩོམ་ནང་བཞིན་ཚིག་འབྲུ་གཅིག་གི་སྟེང་ལ་དུས་ཚོད་མང་པོ་འཕྲོད་བརླག་གཏོང་དགོས་པ་ཞིག་མ་རེད། དེ་ལྟོས་ས་ལྟོས་འཇོག་གིས་བཤད་ནི་རེད་པཱ།
གསར་འགོད་པ། རེད་རེད་རེད། ངས་ཁྱེད་ཀྱི་དྲན་ཚུལ་ཧ་གོ་སོང༌། ཁྱེད་ཀྱིས་རང་དང་ཕལ་ཆེར་ན་ཚོད་མཉམ་པའི་གཞོན་སྐྱེས་ཚོའི་སྒྲུང་གཏམ་ལ་མཉམ་འཇོག་གནང་ཨེ་མྱོང༌། གལ་ཏེ་མྱོང་ཚེ། ཁོ་ཚོའི་བརྩམས་ཆོས་བཀླགས་པའི་མྱོང་ཚོར་ག་འདྲ་རེད།
རྣོ་སྦྲེང༌།གསོང་བོར་ལབ་ན། ངས་རང་ཉིད་དང་ན་ཚོད་མཉམ་པའི་གཞོན་སྐྱེས་ཚོའི་སྒྲུང་གཏམ་ཞིག་མཐོང་མ་མྱོང༌། ཡང་གཅིག་བཤད་ན་དེ་ང་རང་གིས་མཉམ་འཇོག་གིས་མ་འདང་བ་ཡིན་ནའང་ཐང༌།
གསར་འགོད་པ། ཁྱེད་ཀྱིས་བདག་གི་དྲི་བའི་ཧ་མ་གོ་བ་འདྲ། ངས་འདྲི་འདོད་པ་ནི་ཕལ་ཆེར་ཁྱེད་དང་ལོ་ཚོད་མཉམ་པ་ཟེར་བ་ཡིན། དྲི་བ་དེ་ཁ་ཇེ་གསལ་དུ་བཏང་ན། ལོ་རབས་བདུན་བཅུའི་རྗེས་ནས་སྐྱེས་པའི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བཀླག་ཨེ་མྱོང༌། རྒྱའི་སྐད་དུ་བཤད་ན། “70后”གི་བརྩམས་ལ་ལྟ་ཚུལ་ཅི་ཞིག་ཡོད།
རྣོ་སྦྲེང༌། ཧ་ཧ་ཧ། གོང་དུ་ངས་འབོལ་རྩོམ་ནང་བཞིན་ཐད་ཀ་ཐད་སོར་ནས་གོ་བ་བླངས་སོང་བ་འདྲ། གང་ལྟར་སྒྲ་རྟོག་རང་ཡུལ་ལ་སེལ་འཇུག་ཡིན་ན་འགྲིག་གི་རེད། ཁྱེད་ཀྱིས་ལོ་རབས་བདུན་ཅུ་བའི་རྗེས་ཀྱི་ན་གཞོན་རྩོམ་པ་པོ་ཚོའི་བརྩམས་ཆོས་ཟེར་བ་སྒྲུང་གཏམ་ལ་གོ་དགོས་རྒྱུ་རེད། དེ་ཡིན་ན་ཁོ་ཚོའི་སྒྲུང་གཏམ་སྐོར་ཞིག་བཀླགས་ཡོད་སྲིད་མོད། བྱེ་བྲག་གི་སྟེང་ལ་བབ་སྟེ་དམིགས་བསལ་གྱིས་འདི་ཞེས་གློ་བུར་དུ་བཤད་ཐུབ་པ་ཞིག་མ་རེད།
གསར་འགོད་པ། རེད། ད་དུང་འདྲི་རྒྱུ་ཞིག་ཡོད་པ་ནི། ཁྱེད་ཀྱིས་བོད་རང་གི་རྩོམ་སྟེགས་ལ་ཇི་ལྟར་བལྟ་བ་ཡིན། ཕངས་སེམས་ཆེ་ཤོས་དེ་ཅི་ཞིག་ཡིན།
རྣོ་སྦྲེང༌། མིག་སྔའི་གནས་བབ་ལ་བལྟས་ན་བོད་རང་གི་རྩོམ་སྟེགས་ནི་ལངས་ཕྱོགས་ཀྱི་ཆེད་དུ་ལངས་ཕྱོགས་བཟོ་བ་དང༌། ཚོགས་པ་ཡི་ཆེད་དུ་ཚོགས་པ་སྐྱོར་གྱིན་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་གི གང་ལྟར་ང་རང་ཕངས་སེམས་ཆེས་ཆེ་ཤོས་ནི་བོད་ཀྱི་རྩོམ་སྟེགས་སྟེང་གི་ཤེས་ཡོན་ཅན་དག་གི་འཁྲལ་ལེ་འཁྲུལ་ལེ་ཡི་ཟློས་གར་འཁྲབ་པ་དང༌། ཡང་ན་རང་གིས་ཚད་འབྱེད་བྱེད་ཀྱི་ཁྲུ་ཙེ་ལས་བརྒལ་ཡོད་ཚེ་མཐའ་གཅིག་ཏུ་ལོག་པར་བལྟ་བ། གཞན་དེ་ལས་ཀྱང་ཕངས་སེམས་ཆེ་ཤོས་ཤིག་ཡོད་པ་ནི། ཆོས་ལུགས་གར་སྟེགས་སྟེང་གི་ལྷ་ཁ་ཤས་ལ་མིའི་ཚུལ་དུ་བཞག་ནས་སྐད་ཆ་བཤད་ན་རང་རེའི་ཤེས་ཡོན་ཅན་མང་དག་ཅིག་གིས་དང་ལེན་བྱེད་མི་ཐུབ་པ་དེའོ།།
གསར་འགོད་པ། ཁྱེད་ཀྱིས་བལྟས་ན་དེའི་རྩ་བ་གང་ལ་ཐུག་འདུག་སྙམ།
རྣོ་སྦྲེང༌། ཁྱེད་ཀྱི་དེ་སྒྲའི་ཉག་གཞི་འདི་ཕལ་ཆེར་ཆོས་ལུགས་གར་སྟེགས་སྟེང་གི་ལྷ་ཁ་ཤས་ལ་མིའི་ཚུལ་དུ་བཞག་ནས་སྐད་ཆ་བཤད་ན་རང་རེའི་ཤེས་ཡོན་ཅན་མང་དག་ཅིག་གིས་དང་ལེན་བྱེད་མི་ཐུབ་པ་དེའོ་ཟེར་བ་འདི་ལ་གོ་དགོས་པ་ཨེ་ཡིན་སྙམ། དེ་ཡིན་ན་ངས་ནི་གནད་ཀ་འདིའི་རྩ་བ་དུངས་ཞེན་ལ་ཐུག་འདུག་ཅེས་སྨྲ་ངེས།
གསར་འགོད་པ། རེད། འུ་གཉིས་ཀྱིས་སྒྲུང་གཏམ་གླེང་གིན་གླེང་གིན་འཕྲོས་ཐལ།ཕྱིར་སྒྲུང་གཏམ་སྟེང་བབས་ན་ཅི་འདྲ། ཁ་ཤས་ཀྱིས་སྒྲུང་གཏམ་ནི་རང་ཁོ་ནའི་དགའ་ཁ་འཁྱེར་སོ་ཞིག་ལ་ངོས་འཛིན་གྱིན་འདུག ཁྱེད་ཀྱིས་བལྟས་ན་སྒྲུང་གཏམ་གྱིས་སྤྱི་ཚོགས་ལ་འགན་ཁུར་དགོས་སམ་མི་དགོས། དགོས་ན་ཅི་ལྟར་ཁུར་དགོས། ལྷག་ཏུ་རང་རེའི་གནས་བབ་འདི་འདྲ་བ་ཞིག་གི་འོག་ཏུ་ཅི་ལྟར་ཁུར་དགོས།
རྣོ་སྦྲེང༌། རེད། རེད། སྒྲུང་གཏམ་ནི་རང་ཁོ་ནའི་དགའ་ཕྱོགས་འཐད་ཕྱོགས་ཞིག་ལ་ངོས་འཛིན་གནང་ན་ཡང་མཐའ་གཅིག་ཏུ་ནོར་རྟགས་རྒྱབ་ས་འགྲོ་རྒྱུ་མ་རེད་སྙམ། འོན་ཏེ་སྒྲུང་གཏམ་ལ་སྤྱི་ཚོགས་འགན་ཁུར་གྱི་ཆ་ཡོད་ན་བཟང་སྟེ། ནང་སྒོས་སུ་འུ་ཚང་གི་གནས་བབ་ལ་བལྟས་ན་སྒྲུང་གཏམ་གྱིས་རོལ་རྩེད་བཞེངས་འབྲི་བྱེད་པའི་དུས་སྐབས་མ་རེད།
གཞན་འུ་ཚོའི་སྒྲུང་གཏམ་གྱིས་བརྗོད་དོན་གྱི་ཆ་ནས་སྐུ་ཞབས་ས་ཐེ་ལགས་ཀྱིས་བརྩམས་པའི་འཁྲབ་གཞུང་《གུས་གུས་ཞུམ་ཞུམ་གྱི་འཇུད་མཐུན་མ》ལྟ་བུ་འབྲི་ཐུབ་ན་འགྲིག་ས་རེད་མོད། འུ་ཚང་ལ་འགན་འཁྲིའི་འདུ་ཤེས་རུས་པའི་གཏིང་ལ་ཟུག་ཡོད་པའི་བརྩམས་སྒྲུང་བ་ག་ཚོད་ཅིག་ཡོད་མེད་ངས་མི་ཤེས།
གསར་འགོད་པ། རེད། རེད། དེས་ན། ད་ཐེངས་མཚམས་འདི་ནས་བསྐྱུར་འཇོག རྗེས་སུ་གོ་སྐབས་ཡོད་ན་མུ་མཐུད་དུ་གླེང་ཆོག བདེ་མོ། ཁྱེད་ཀྱིས་བདག་གི་བཅར་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ།
རྣོ་སྦྲེང༌། ཨོ་ཡ་ཡ། ཁྱེད་ཅག་གིས་ཀྱང་ང་ལ་བགྲོ་གླེང་གི་གོ་སྐབས་ཤིག་གནང་བ་ལ་བཀའ་དྲིན་ཞུ།
༼༠༩ལོའི་ཟླ་༡༢་པའི་ཚེས་༤ཉིན་གྱི་མཚོ་སྔོན་བོད་ཡིག་གསར་འགྱུར་ལས་དྲངས།༽

[ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།] [ཟླ་ཚེས། 09-12-17] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཇུས་འགོད་དང་སྒྲིག་བཟོ་བྱས།
Copyright © 2009-2012 tbyouth.com All rights reserved. Powered by: tibetitw.com
E-mail:tbnewyouth@gmail.com     Tel:13552131484      QQ:1003120240