ཆོལ་གསུམ་བོད་མིའི་རིག་གནས་ཀྱི་སྡིངས་ཆ་ཆེན་མོ། རྫོང་ཁའི་ཡིག་གཟུགས་ཕབ་ལེན།
དྲ་ཚིགས་ཀྱི་མདུན་ཤོག>>མི་སྣ། >> ཟིན་བྲིས་པ་སྒོ་ཡོན་དང་ཁོའི་རྩོམ་ཡིག

ཟིན་བྲིས་པ་སྒོ་ཡོན་དང་ཁོའི་རྩོམ་ཡིག

སྒོ་ཡོན།

 

༈ ང་ཕྱི་ལ་མི་སྐྲག་ནང་ལ་སྐྲག

 འདི་ནས་ཕྱིར་བརྩིས་པའི་མི་ལོ་བརྒྱ་ཙམ་གྱི་ཡར་སྔོན་དུ་རང་རེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་གྲགས་པའི་རྒྱ་གར་ཡུལ་དབུས་སུ།གན་དྷི(༡༨༦༩—༡༩༡༨)ཞེས་པའི་རྒན་པོ་ཞི་ཞིང་དུལ་བ་ཞིག་འོང་མྱོང་ཞིང་།ཁོང་གིས་སྐབས་དེར་དབྱིན་ཇིའི་དབང་བསྒྱུར་གྱི་འོག་ཏུ་འཚོ་བའི་སྤུན་ཟླ་རྒྱ་གར་བ་རྣམས་ཀྱི་ཆེད་དུ“འཚེ་མེད་བསྟུན་མེད”ཀྱི་བདེན་པའི་དར་ཆ་ཐོགས་ཏེ།དཀའ་ངལ་ཁྱད་བསད་དང་གཞི་རྒྱ་ཆེན་པོ།ཚེ་སྲོག་གཏམ་འཇོག་གི་སྒོ་ནས་ངོ་ཚ་དང་རྒྱུ་འབྲས་ཁྱོན་ནས་མེད་པའི་སྒེར་གཅོད་པ་དག་གི་མདུན་ནས་འོས་ལངས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཞིང་།རྡུང་རྡེག་དང་བཙོན་འཇུག་སོགས་ཀྱི་ངལ་བ་བློ་ཡུལ་ལས་འདས་པ་མཐའ་ཡས་པ་བརྒལ་རྗེས་སུ།གཞི་ནས་རྒྱ་གར་ལ་རང་བཙན་གྱི་བདེ་སྐྱིད་ཐོབ་པ་རེད།

དེ་ནི་སྤྱི་ངོས་ནས་བལྟས་ན་རྒྱ་གར་བའི་སྤུན་ཟླ་དེ་དག་དཔའ་ངར་གྱི་སྤོབས་པ་མཐོ་བ་དང་ནང་མཐུན་གྱི་འདུ་ཤེས་ཟབ་པ།དགྲ་ངོས་ལ་ཞེ་ཟིན་ཡོད་པ་བཅས་ཀྱི་ཡིན་ཚོད་འདུག་ཀྱང་།གཙོ་ཆེ་བ་ནི་མ་ཧ་གན་དྷི་ལགས་ཀྱི་བསམ་བློའི་བདེན་པ་དང་བྱ་བའི་སྒྲིག་རིམ།དཀའ་ངལ་ཁྱད་བསད་ལ་རག་ལས་པས་ན།རྒྱ་གར་པ་དག་ལ་རང་བཙན་གྱི་བདེ་སྐྱིད་འཐོབ་པའི་གནད་ཆེ་ས་ཞིག་ནི་གན་དྷི་ཞེས་པའི་སྐྱེས་བུ་ཤེས་རབ་དང་ལྡན་པ་གང་དེར་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ནི་མང་མང་གིས་ཤེས་གསལ་ལྟར་རེད།

དེ་ལྟ་ནའང་།རྒྱར་གར་ལ་རང་བཙན་གྱི་ཉི་འོད་ཡོངས་སུ་ཤར་ནས་དུས་ཡུན་རིང་ཙམ་མ་འགོར་བར།རླབས་ཆེ་བའི་རྒྱལ་ཁབ་ཀྱི་རང་བཙན་དབུ་ཁྲིད་པ་ཆེན་མོ་གན་དྷི་ལགས་གློ་བུར་དུ་མེ་མདའི་འོག་ནས་འདས་གྲོངས་ཕྱིན་པ་རེད།བསམ་ཡུལ་ལས་འདས་པ་ཞིག་ལ་མེ་མདའ་ནག་པོ་ཐོགས་མཁན་དེ་ནི་དབང་མཐའ་སྒེར་གཅོད་ཀྱི་ལག་པ་རིང་བོ་མངའ་ཞིང་ཡོད་ཚད་རང་ཉིད་ཁོ་ནའི་མངའ་བྲན་དུ་བསྒྱུར་འདོད་མ་ཡལ་བའི་སྐབས་དེའི་དབྱིན་ཇི་བཙན་བསྒྱུར་རང་ལུགས་ཀྱི་དཔོན་འཁོར་སུ་ཞིག་ཀྱང་མིན་པར།རིགས་དང་རུས་པ་སྐད་དང་ཡི་གེ་སོགས་གཅིག་ཏུ་སྤྱོད་ཅིང་གཞན་གྱིས་དབང་བསྒྱུར་བའི་སྡུལ་བསྔལ་འོག་ནས་མི་ལོ་ཉིས་བརྒྱ་ཙམ་ལ་ལས་དབང་གཅིག་ཏུ་གནས་པའི་སྤུན་ཟླ་རྒྱ་གར་བ་རང་ཉིད་ཀྱི་ཡུལ་མི་མ་དྷུ་རམ་གྡོ་སེ་ཐ(༡)སྟེ།ནང་ཁུལ་གྱི་དབང་ཐོབ་ཆུང་ངུའི་ལྟ་ཚུལ་ཕྱིན་ཅི་ལོག་པའི་ངོས་ནས་རྒྱ་གར་གྱི་མི་དམངས་ཡོངས་ལ་བཀའ་དྲིན་ཤིན་ཏུ་མཐོ་བའི་བསམ་བློའི་ཡབ་ཆེན་གང་ཉིད་རང་གི་རིགས་ཀྱིས་རྡོ་ལ་བརྡབས་པ་རང་རེད།

དེ་བཞིན་རྒྱ་གར་ལ་རང་བཙན་མ་ཐོབ་པའི་སྔར་གྱི་དབྱིན་ཇིས་གསོད་བཅོམ་བྱས་པ་དང་དེ་རྗེས་རང་བཙན་ཐོབ་སྐབས་སུ་ཆོས་ལུགས(ཧིན་དྷུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས)ལྟ་གྲུབ་ཐ་དད་པའི་འགལ་འཛོལ་གྱི་གཡོན་ལྷུང་འོག་ནས།ཁྲག་དྲི་བྲོ་བའི་ནང་འཁྲུགས་ཀྱི་ནང་གསོད་བྱས་པའི་ཤི་རྨས་ཀྱི་གྲངས་ཀ་དང་གདུག་རྩུབ་གཉིས་ཀ་བསྡུར་ཞིང་དཔྱད་ན་ཕལ་ཆེར་གྲངས་མཉམ་གྱི་ཚུལ་དུ་འགྲོ་ཞིང་།ཁོ་ཚོས་རང་གི་ནང་མི་སྤུན་ཟླ་དག་གི་མགོ་བོ་བཅད་པ་དང་ནུ་མ་བྲེགས་པ།ཆུང་མ་གཙབས་པ་དང་བྱིས་པ་བསད་པ་སོགས་འཇིགས་སུ་རུང་བའི་ནང་འཁྲུགས་ཀྱི་རྣམ་པ་དེར་བལྟས་པའི་མོད་ལ།སྔར་དབྱིན་ཇིའི་དབང་བསྒྱུར་བ་དག་གིས་ནི་དགྲ་བོའི་ཚུལ་དང་གཞན་གྱི་ཚུལ་དུ་དེ་ལྟ་དེ་ལྟར་ལོས་ཀྱང་བྱེད་སྙམ་པའི་སྣང་བ་ནི་སུ་ཞིག་ལ་མི་སྐྱེའམ།

དེ་དང་འདྲ་བར་ལོ་གྲངས་གཅིག་སྟོང་སུམ་བརྒྱ་ལྷག་གི་གོང་རོལ་གྱི་རང་ཅག་བོད་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་ཀྱི་བཤུལ་ལམ་དེར་ཞིབ་ཀྱིས་ཕྱིར་འཁོར་བ་ཡིན་ན།དུས་སྐབས་གང་ཞིག་ཏུ་ཡ་གླིང་གི་ཡུལ་གྲུ་གང་སར་སྟོབས་ཀྱི་གྲགས་མྱོང་བའི་རྒྱལ་ཁབ་གང་དེའི་སྲིད་སྐྱོང་གི་ཀ་བ་ཆེན་པོ་གཅིག་ནི་མགར་ཚང(༦༠༠?—༦༩༨)ཞེས་པའི་ནང་བློན་སྡེ་ཚང་ཞིག་གི་ཕ་བུ་ཚ་གསུམ་ལ་ཐུག་འདུག་ཅིང་།དཔའ་མཛངས་མཁས་གསུམ་གྱི་རུས་པ་ཁོག་ལ་ཟུག་པའི་ནང་བློན་དེ་ཚང་གིས་རང་གི་རྒྱལ་ཁབ་ཀྱི་ཆེད་དང་རང་གི་སྤྱི་དམངས་ཀྱི་ཆེད།རང་གི་བཙན་པོའི་རྗེ་བོ་དག་གི་ཆེད་དུ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་གཞན་གང་མང་ལ་རྩལ་གྱིས་འགྲན་པ་དང་སྟོབས་ཀྱིས་འགྲན་པ།དཔའ་ཡིས་འགྲན་པ་སོགས་སྐུ་སྲོག་བློས་གཏོང་གི་སྒོ་ནས་ཆབ་སྲིད་ཀྱི་འཐབ་རྩོད་རབ་ཏུ་མང་བ་བསླངས་པའི་རྐྱེན་གྱིས།བོད་ཀྱི་ཡུལ་དབུས་མཐའ་གསུམ་གཅིག་སྡུད་དང་སྲིད་འབྱོར་རིགས་གསུམ་དར་སྤེལ་ལ་ནུས་ཤུགས་རྒྱ་ཆེར་བསྐྲུན་ཅིང་།རིགས་རུས་གཞན་དང་རྒྱལ་ཁབ་གཞན་གྱི་མངའ་ཐང་ལས་གོང་ལ་ལྡང་སྟེ་བོད་བཙན་པོའི་རྒྱལ་ཁབ་ཆེན་མོ་གང་ཉིད་སྐབས་དེ་ཤེད་དུ་འཛམ་གླིང་སྒང་གི་སྔོན་ཐོན་གྱི་གྲས་སུ་བཞག་པ་རེད།

འོན་ཀྱང་།དེ་རྗེས་ཀྱི་རང་ཅག་རྣམས་ཀྱིས་ལྷ་དང་འཕགས་པ།བྱང་སེམས་དང་སངས་རྒྱས་བཅས་སུ་མངའ་གསོལ་ཡོད་པའི་མེས་པོ་འདུས་སྲོང་མང་བོ་རྗེ(བོད་རྒྱལ་སོ་དྲུག་པ)དང་ཁོང་གི་ཡུམ་ཆེན་ཁྲི་མ་ལོད(འབྲོ་མོ་བཟའ་ཁྲི་ལོད)གཉིས་གཙོས་པའི་སྐབས་དེའི་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་བློན་འགའ་ཞིག་གིས།རང་གི་རྒྱལ་ཁབ་ཀྱི་སྲིད་སྐྱོང་དང་རྒྱལ་འབངས་ཀྱི་ལས་དོན་ཀུན་ལ་མཛད་རྗེས་གཞན་ལས་ཆེ་བའི་མགར་ཚང་གི་རྩ་བ་ཡལ་འདབ་དང་བཅས་པ་རྩད་ནས་བཅད་དེ།“བཙན་པོ་ལ་རྒྱབ་གཏོད་པའི”ཉེས་མིང་འོག་ནས་སྤྱི་ལོ༦༩༥ལ་མགར་བུ་བཙན་ཉེན་གུང་རྟོན་སྲོག་ཁྲིམས་ཀྱི་ལས་སུ་སྦྱར་བ་དང་ཁྲི་འབྲིང་བཙན་བྲོད་ལགས་རང་སྲོག་གཅོད་པའི་ལམ་དུ་བསྐྱལ་བའི་ཁར།དབུས་སུ་གནས་པའི་མགར་ཚང་གི་གཉེན་མི་ཉིས་སྟོང་ལྷག(༢)དུས་གཅིག་ཏུ་ཕྱི་མར་བརྫངས་པ་སོགས་ཡ་ང་བའི་རྒྱལ་བློན་ནང་འཁྲུགས་ཀྱི་ལས་འགུལ་སྤེལ་བ་རེད།

དུས་དེ་ནས་བཟུང་བོད་ཆེན་པོའི་གསེར་གྱི་ཀ་རྐང་དུ་གྱར་པའི་མགར་ཚང་གི་མིང་དོན་ཤུལ་མེད་བཟོས་པ་དེས་བཙན་པོའི་རྒྱལ་རབས་རྒུད་ཉམས་ཀྱི་འགོ་བརྩམས་ཏེ།བོད་ཀྱི་ལོ་རྒྱུས་ཀྱི་སྲིད་སྟེགས་སུ་བསམ་པས་མི་དཔོག་པའི་ནང་འཁྲུགས་ཀྱི་གོམ་པ་དང་བོ་སྤོས་ཤིང་།ཉིན་རེ་བཞིན་རྒྱལ་ཁབ་ཀྱི་དབང་ཐང་དང་མངའ་སྡེ་དག་གི་རླུང་རྟ་མར་ལ་ལྷུང་སྟེ།མཐའ་མཚམས་ཀྱི་རྒྱལ་ཕྲན་མཐའ་དག་གཞན་དུ་ཤོར་ཞིང་ཐང་རྒྱལ་ཁབ་ཀྱི་ཧམ་པ་དང་དམིགས་འདུན་ལེགས་ལམ་དུ་འགྲོ་བའི་སྟ་གོན་བསྐྲུན་པ་རེད།དེ་ལྟར་ཡང་།ཡིད་ཀྱིས་མི་བཟོད་པའི་མཛད་པ་དེ་འདྲ་སྐྱོང་མཁན་ནི་མི་རིགས་དང་རིག་གནས།གོམས་གཤིས་དང་འདུ་ཤེས་སོགས་གཞི་ནས་ཐ་དད་པའི་རྒྱ་ནག་དང་རྒྱ་གར་སོགས་ཀྱི་བཙན་འཛུལ་མིན་པར་བོད་རང་གི་རྒྱལ་བློན་དབང་ཆེན་འགར་ཐུག་འདུག་པས་དོན་བྱ་གང་ལ་འཕྲད་ཀྱང་ཐབས་ཇུས་ཅི་ཡོད་དམ།

གོང་གི་ལོ་རྒྱུས་དུམ་ཚན་དེ་དང་མཚུངས་མཉམ་གྱི་གནད་དོན་ཆེ་ཁག་གཞན་ཞིག་ཀྱང་ཡོད་པ་སྟེ།དེ་ཡང་རྗེ་དར་མ་འུ་དུམ་བཙན(༨༠༡?—༨༤༢)གྱིས་བོད་ཀྱི་རྒྱལ་སྲིད(བོད་རྒྱལ་ཞེ་གཉིས་པ)འཛིན་སྒང་དུ།ཁོང་གིས་ཆབ་སྲིད་གསར་བརྗེའི་ལས་ཐབས་མཐོ་རུ་ཕྱར་ནས“བཙན་པོའི་སྐབས་སུ་དམག་གི་འགྲོ་གྲོན་ཆེ་བ་དང་འབངས་མི་མང་བོ་དམག་ཁྲལ་རྒྱུགས་དགོས་པར་བརྟེན།·····གཙུག་ལག་ཁང་རྣམས་དང་དེར་ཡོད་དགེ་འདུན་གྱི་འཚོ་རྟེན་རྒྱལ་བོའི་བླ་མཛོད་ནས་སྦྱར་བའི་རྒྱུན་བཅད།མཆོད་གཞིས་རྣམས་ཕྱིར་ཕྲོག(ཕྲོགས)བླ་འབངས་སམ་གཙུག་ལག་ཁང་གི་མི་སེར་རྣམས་གློད་དཀྲོལ(བཀྲོལ)བྱས།མི་གཞོན་དམག་ཁྲལ་ལ་འགྲོ་དགོས་པའི་རྐྱེན་གྱིས་སྔོན་ཡོད་གྲྭ་བ་འགའ་ཤས་ཁྱིམ་དུ་ཕབས།སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བའི་འཚོ་བ་གཞན་ལ་བརྟེན་པའི་ལམ་ལུགས་ལ་བཀག་འགོག་ཤུགས་ཆེར་བྱས”(༣)པ་སོགས་ནི།གཞན་གྱི་དགའ་ཕྱོགས་སྲུང་འཛིན་དང་གུས་བརྩི་བྱེད་དགོས་པའི་ཀུན་སྤྱོད་དག་ལམ་དུ་འོས་ཤིང་འཚམ་པ་ཞིག་ཡིན་མིན་མ་ངེས་ཀྱང་།སྲིད་པའི་འཇིག་རྟེན་གྱི་ལས་དོན་གཙོ་བོ་བྱེད་པའི་དུས་རབས་རྙིང་བའི་རྒྱལ་བོ་ཞིག་ལ་མཚོན་ན་དམག་སྲིད་རྒྱ་བསྐྱེད་དང་དཔལ་འབྱོར་གསོག་སྤེལ་ནི་རང་གི་ཚེ་སྲོག་ལས་ཀྱང་མཆོག་ཏུ་འཛིན་པས་ན།རྒྱལ་བོ་གང་གིས་རང་གི་རྒྱལ་ཁབ་ཀྱི་དམིགས་རྒྱང་ལ་མནོ་བསམ་གཏོང་བ་དང་སྲིད་ཀྱི་གོ་སྟེགས་སྐབས་དེའི་རྒྱལ་ཁབ་གཞན་དང་མཉམ་གནས་སུ་བྱ་བ་ནི་ཤིན་ཏུ་གལ་གནད་ཆེ་ནའང་།ཁོང་གིས་གསར་བརྗེའི་ལས་དོན་རླབས་ཆེན་གང་གི་འགོ་བརྩམས་ནས་དུས་ཡུན་རིང་ཙམ་མ་འགོར་བ་སྟེ།སྤྱི་ལོ༨༤༢ལོར་རང་རེའི་རྒྱལ་ས་ལྷ་སའི་གནས་སུ་གློ་བུར་དུ་སྐུ་བཀྲོངས་པ་རེད།དེ་ལྟར་བོད་ཆེན་པོ་རྒྱལ་ཁབ་དེ་ཉིད་མདའ་གཅིག་གིས་ས་སྒང་སྟེང་ནས་མེད་པར་བྱས་ཤིང་།དུས་དེ་ནས་བཟུང་བོད་འབངས་ཡོངས་ལ་བདེ་སྐྱིད་ཀྱི་ཉི་འོད་རྩ་བ་ནས་བཅོམ་སྟེ་ཕ་མ་མེད་པའི་དྭ་ཕྲུག་ཅིག་དང་འདྲ་བར་ནམ་ཡང་གཞན་གྱི་བྲན་གཡོག་ཏུ་རྒྱུགས་དགོས་པའི་ལས་སུ་བསྐྲུན་པ་རེད།

དེའང་གཞན་སུ་ཡང་མིན་པར་འཚེ་མེད་ཞི་བའི་ཁ་གཡང་གི་སྒོ་ནས“སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུད་དང་ལྡན་པར་གྱུར་ཅིག”ཅེས་ཤུགས་ཀྱིས་གྱེར་ཞིང་།སྲིད་ལམ་གྱི་བློ་སྦྱོང་དང་གསར་བརྗེ་ཡི་དོན་སྙིང་གང་ལ་ཡང་ཐུགས་སྣང་མཛད་མི་ཤེས་པའི་སྐབས་ཐོག་དེའི་བསམ་ཡས་དགོན་གྱི་མཁན་རབས་དགུ་བ་དགེ་སློང་དཔལ་གྱི་རྡོ་རྗེ(༤)ལགས་རེད།བཙུན་པ་དེས་ཆོས་ལུགས་ཀྱི་ཞེན་ལྟ་ཙམ་དང་མིག་མདུན་གྱི་འཚོ་ཟས་ཙམ་ལས་བོད་ཆེན་པོའི་མ་འོངས་པར་མནོ་བསམ་མ་བཞེས་པ་དེས་བོད་ལ་དེ་རིང་གི་ཉིན་མོ་ནག་པོ་འདི་འདྲ་ཞིག་འཆར་བ་རེད་ལ།ཁོང་གིས་གསོད་ཤེས་པ་ལས་འཇོག་མ་ཤེས་པ་དང་བརླགས་ཤེས་པ་ལས་བསྐྲུན་མ་ནུས་པའི་གནད་དོན་དེས།བོད་ཀྱི་སངས་རྒྱས་ཆོས་ལུགས་པའི་ཁྲོད་དུ་མི་གསོད་མཁན་གྱི་ཇག་པ་དང་བོ་དེ་ཆགས་སུ་བཅུགས་པ་མ་ཟད།བོད་དུ་གྲྭ་གྲོང་བར་གྱི་འགལ་བ་དང་སྤུན་ཟླའི་ཁྲོད་དུ་ནང་དམེ་བྱེད་པའི་དབུ་འཁྱུད་ཀྱི་སྒོ་ཆེན་སྔོན་དུ་ཕྱེ་བའང་རེད།འདི་ལྟར་ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་སུ་གསལ་བའི་ནག་ཉེས་ཀུན་ཀྱི་འབྱུང་རྐྱེན་ཡང་ཕར་འདེད་ན་ཕྱི་ཡི་ཁོར་ཡུག་དང་རང་ལས་གཞན་རྣམས་མ་འགྲིག་པ་མིན་པར།རང་དང་ཕ་ཡུལ་གཅིག་པ།རང་དང་རིགས་སྡེ་གཅིག་པ།རང་དང་རྒྱལ་ཁབ་གཅིག་པ་སོགས་ལ་ཐུག་འདུག་པས་མི་ཚད།རང་གི་གཉེན་མི་སྤྱི་དང་སྤུན་མཆེད་དག་ལའང་འབྲེལ་ནས་ཡོད་པ་རེད།

གོང་དུ་བྲིས་པའི་ལོ་རྒྱུས་ཚན་ཐུང་དེ་དག་ལ་བལྟས་པ་ཡིན་ན་ང་ཚོས་ད་དུང་མིའི་རིགས་ཀྱི་ནང་འཇོམས་ཀྱི་བྱེད་ཐབས་གཞན་འགའ་ཡང་ཡིད་ལ་རང་ཤུགས་ཀྱིས་འཁོར་འོང་སྲིད་དེ།དེ་ཡང་སྤྱི་ལོའི་སྔོན་གྱི་ལྔ་བརྒྱ་ཙམ་ལ་རྒྱ་གར་འཕགས་པའི་ཡུལ་དུ་གྲགས་པ་གང་དེར་བྱོན་ནས“ཟབ་ཅིང་རྡུལ་བྲལ་འོད་གསལ་འདུས་མ་བྱས་པའི་བདུད་རྩིའི་ཆོས”(༥)ཀྱི་ལྟ་གྲུབ་ཐོག་མ་རྙེད་པའི་ཐུབ་པ་སངས་རྒྱས་གང་ལ།མི་འདོད་པའི་རྣམ་འགྱུར་དྲག་པོའི་སྒོ་ནས་ཞབས་མཐིལ་ལ་རྡོ་བས་གཞུ་མཁན་དེ་ཐུབ་པ་རང་གི་སྤུན་མཆེད་མཁས་པ་ལྷས་སྦྱིན་ལགས་ཡིན་སྐད་ཀྱི་བཤད་རྒྱུན།ང་ཚོའི་གཞུང་ལུགས་རྙིང་བའི་ཁྲོད་དུ་དུས་ད་ལྟའང་བསུབ་མེད་དུ་གནས་ཡོད་ཅིང་།སྤྱི་ལོའི་གོང་གི༥༥༡སྐབས་སུ་འཁྲུངས་པར་གྲགས་པའི་རྒྱ་ནག་རུའུ་ལུགས་ཀྱི་གསར་གཏོད་པ་ཁུང་ཙི་ཡང་།དགུང་གྲངས་མཐོན་པོར་སོན་དུས་ས་མཐར་རྒྱང་ཕུད་གཏོང(༦)མཁན་དེ་ཉིད་ཁོང་རང་གི་ཡུལ་སྡེའི་རྒྱལ་དཔོན་དག་རེད་ལ།ནུབ་ཕྱོགས་པའི་ཆོས་ལུགས་ཀྱི་གཞི་ཆེ་གྲས་སུ་གྱུར་ཅིང་སྐྱབས་མགོན་གྱིས་མི་ཡུལ་དུ་འགྲོ་བའི་དོན་མཛད་པར་མངགས་སྐད་ཀྱི་ཡེ་ཤུའི་སྟོན་པ་མ་ཤི་ཀ་ལགས་ཀྱང་རྒྱ་ཤིང་གི་རྩེར་བསྐྱོན་དོན་གྱི་གནད་རྩ་ནི།རང་གི་ཡུལ་སྡེ་ཡ་ཧུ་ད་པ་དག་གི་རྒྱལ་བོ་ཡིན་མིན་ཐད་འབྲེལ་ནས་ཡོད(༧)པ་རེད།དེ་དང་མཚུངས་པར་གཞན་ཡང་གནའ་རབས་ཀེ་རི་སེའི་མཚན་ཉིད་རིག་པ་བ་ཆེན་མོ་སོ་ཁུ་ར་ཐེ་ལགས(ནུབ་ཀྱི་བསམ་བློ་བ་ཕི་ལ་ཐིའི་དགེ་རྒན)ཀྱིས་ཀྱང་།དུག་གསོལ་ཏེ་འཆི་སར་བསྐྱེལ་མཁན་ནི་རང་དང་ཤ་རུས་གཅིག་པའི་ཀེ་རུ་སེའི་ཨ་ཐེན་སུ་པ་རྣམས(༨)ཡིན་ཞིང་།བོད་ཀྱི་མཁས་པ་དགེ་ཆོས་དང་ཆབ་སྲིད་པ་ལུང་ཤར་བ་གཙོས་པའི་གནའ་དེང་གི་མཁས་མཛངས་ཅན་གྱི་སྐྱེས་བུ་གང་མང་ཞིག་བཙོན་འཇུག་བྱེད་མཁན་དང་འཆི་ལམ་དུ་ཕུད་མཁན་རྣམས་ནི།ཁོང་ཚོའི་ལྷག་བསམ་དག་པའི་སྒོ་ནས་རང་གི་སྐུ་སྲོག་གིས་གཅེས་ཤིང་བསྐྱངས་པའི་རང་སྡེ་ཁོ་ན་ཉིད་ལས་གཞན་དུ་དཀྲི་ས་ཡེ་ནས་མེད།

དེ་ལྟར་ཡང་ཁོང་ཚོའི་བདེན་པ་ལེགས་ལམ་དུ་འགྲོ་རུ་མི་འཇུག་མཁན་དང་ཁོང་ཚོ་འགྲོ་བ་མིའི་རིགས་ཀྱི་ར་བ་ཆུང་ངུ་འདིར་གནས་སུ་མ་བཅུག་པ་དག་ནི།མཐར་གཏུག་ན་ཁོང་ཚོས་དུས་རྒྱུན་ཕན་རླབས་ཀྱིས་གསོས་ཤིང་བསྐྱེད་པའི་རང་གི་གཉེན་དང་རིགས་ལས་གཞན་སུ་ཡང་མ་ཡིན་པའི་དབང་གིས།ཤ་ལ་ཁྲག་ལན་དང་ངན་ལ་སྡིག་ལན།དགྲ་ལ་ཇག་ལན་གྱི་བྱེད་ཐབས་ནི་ཇི་ལྟར་བཀོལ་བར་བྱེད་དེ།འདི་ལྟར་མེས་པོ་འུ་དུམ་གྲོངས་ཁར་ལྷ་ལུང་པར“ཡང་མིན་ན་ལོ་གསུམ་གྱི་སྔོན་དང་ཡང་ན་ལོ་གསུམ་གྱི་གཞུག་ནས་ཁོ་བོ་བསད་ན་འགྲིག”(༩)ཅེས་གོ་རྒྱུ་གཞན་ཞིག་ཡོད་པའི་བརྡ་དེ་ཙམ་ལས་གང་ཡང་ལབ་མ་བྱུང་ཞིང་།གན་དྷི་ལགས་ཀྱིས“ནད་སོགས་ཀྱིས་མ་ཡིན་པར་གྲོགས་བུ་སྤུན་ཞིག་གི་ལག་ཏུ་འཆི་དགོས་ན་ནི་བདག་ལ་ཁོང་ཁྲོ་བ་ལྟ་ཞོག །བདག་གི་གཞན་དོན་གྱི་བསམ་པ་དེ་ནས་རྫོགས་པ་ཡིན”(༡༠)ཞེས་ལྷག་བསམ་ཡང་དག་གི་མདོག་ཙམ་བསྟན་པར་ལས་ཐབས་གང་ཡང་མ་ཕུད་ལ།དགེ་ཆོས་ལགས་ཀྱིས“ངས་དཀའ་ལས་ཏོག་ཙམ་བརྒྱབ་པ་དེ།ཡིན་རྒྱུ་བོད་ཀྱི་དོན་དུ་བྱས་པའི་ཁུལ་ཡིན་ཡང་།གང་ཡང་བྱུང་མ་སོང”(༡༡)དང“ད་ནི་འཛམ་གླིང་ན་དཀོན་པའི་བེེ་ཌྰུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་ཚར”སོགས་མཁས་པ་ཁོང་གི་སེམས་སུ་སྐྱོ་གདུང་གི་མཆི་མ་ཤག་ཤག་འགྲུལ་བ་ཙམ་ལས་གཞན་ཅི་ཡང་མ་གསུངས་ཤིང་།རང་གྲོལ་ལགས་འདའ་ཁར“ངས་བསམ་གཞིག་ཞིབ་མོ་ཞིག་བཏང་བ་ན།རང་རིགས་འདི་སྔར་བཞིན་བླུན་རྨོངས་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང་།དེའི་དོན་དུ་ཁོ་བོས་ཀྱང་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་པ་ཚོའི་གོ་རྟོགས་དེ་སད་ན་སྙམ་ཡང་།ཕམ་ཁ་ནི་རང་གིས་ཉོ་དགོས་བྱུང་རྐྱེན།ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་བློས་བཏང་སྟེ་དུང་བརྡ་གསལ་བོ་ཞིག་བསྒྲགས་པ་ཡིན”(༡༢)པའི་མཐའ་ཚིག་ཡིད་དུངས་ངེ་བ་ཞིག་བརྒྱབ་པ་ལས་གཞན་མི་སྣང་བ་སོགས།ཇི་ལྟར་བཤད་ཀྱང་།རང་རང་གི་རིགས་སྡེ་དང་འགྲོ་བ་མིའི་རིགས་སྤྱི་ལ་བཀའ་དྲིན་གྱི་མཛད་པ་ཤིན་ཏུ་མཐོ་བའི་སྐྱེས་བུ་ཤེས་རབ་མངའ་བ་ཁོང་རྣམས་ཀྱིས།འདའ་ཁའི་དུས་སུ་ཡིད་ཕངས་པའི་ཉམས་དང་བློ་ཡུལ་ལས་འདས་པའི་ཚད་ཀྱིས་ཐབས་རྡུགས་འགྱོད་བཞག་གི་གསུང་བཤད་དེ་འདྲ་རེ་མཛད་ནས།རིམ་བཞིན་མི་མངོན་པའི་ཀློང་ཡངས་སུ་གཏན་དུ་རྫོགས་སོང་བ་རེད།དངོས་གནས་སྔོན་གྱི་དུས་སུ་རང་རེའི་མེས་པོ་ཞིག་གིས“བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ”(༡༣)གསུངས་པ་ནི་ཅི་འདྲའི་བདེན་ཨང་།

གཞན་ཡང་ཕྱིར་འཁོར་ནས་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ཁྲོད་བོད་དུ་སྤེལ་བའི་ཡ་ང་བའི་གསོད་བཅོམ་འཕྲོག་གསུམ་གྱི་ལས་འགུལ་དེར་ཐེངས་གཅིག་བལྟས་པ་ཡིན་ན།གོང་གི་གནས་ཚུལ་བྱེ་བྲག་པ་དེ་དག་ལས་ཀྱང་འཇིགས་སུ་རུང་བ་སྣ་ཚོགས་པ་ཞིག་བྱུང་མྱོང་ཡོད་པ་སྟེ།གཞན་མིས་ལས་འགུལ་གྱི་འགོ་བརྩམས་ཏེ་ཅུང་ཙམ་མ་འགོར་བར།བོད་རང་གི་ཁྲོད་དུ་སློབ་བུས་རང་གི་བླ་མའི་མགོ་ལ་གཅིན་པ་བཏང་བ་དང་བུ་ཕྲུག་གིས་རང་གི་ཕ་མར་ངན་སྨྲས་བྱས་པ།སྤུན་མཆེད་ཀྱིས་རང་གི་གཉེན་མིར་འཐབ་རྩོད་བྱས་པ་དང་ཆུང་མས་རང་གི་གཟའ་ཟླ་ཁྲིམས་འོག་ཏུ་བསྡུས་པ་སོགས་བསམ་པས་མི་ནུས་པའི་ནང་འཁྲུགས་ཀྱི་སྦྱོར་བ་དཔག་ཡས་ཤིང་།ཁྱིམ་མི་ནང་ཕན་ཚུན་དུ་དུག་བླུགས་པ་དང་ངན་བཙལ་བ།བཙོན་དུ་བསྐྱེལ་ཐབས་བཅས་ཀྱི་ལས་བཙོག་དག་ནི་སྐབས་དེའི་གནས་ཚུལ་དངོས་ལ་ཆ་འདྲེས་ཡོད་པ་ཞིག་མིན་ན་སུས་ཀྱང་བདེན་ལ་གཟུང་དཀའ་ལ།གལ་སྲིད་ལོ་རབས་ལྔ་བཅུ་བའི་ལས་འགུལ་གྱི་ཉེས་སྐྱོན་གང་དེ་བརྒྱ་ཆ་གསུམ་དུ་བགོས་པའི་དབང་དུ་བཏང་ན།ནག་ཉེས་ཀྱི་བརྒྱ་ཆ་གཅིག་ནི་བོད་པ་རང་གི་མགོ་ཐོག་ཏུ་མི་དཀྲི་ཀ་མེད་ཡིན་ཞིང་།ཁོང་ཚོར་གཞན་གྱིས་བཙན་བཙུགས་པ་སོགས་ཀྱི་ཁ་གཡོར་ས་ནི་ཀུན་ནས་ཀྱང་ཡོད་དུ་ཆུགས་མོད།གཙོ་བོ་ནི་སྐབས་དེའི་བོད་པ་མང་ཆེ་བར་རང་རྟོགས་དང་རང་སྲུང་གི་འདུ་ཤེས་དེ་རུས་པའི་གསེང་ལ་ཟུག་མེད་པའི་གནད་ཀར་ཐུག་ཡོད་པར་སྙམ།

དེ་བཞིན་དེ་རིང་གི་ཆ་ནས་རང་ཅག་བོད་ལ་བལྟས་ནའང་།ནང་གསོད་དང་ནང་རྐུ།ནང་བཅོམ་དང་ནང་འཇོམས་ཀྱི་རིགས་ནི་སྤྱི་ཚོགས་ཀྱི་ཟུར་སྣེ་གང་སར་མཐོང་དུ་ཡོད་ལ།མི་རིགས་དང་རིག་གནས་རང་ལུགས་ཀྱི་དར་ཆ་ཐོགས་ཏེ་ཁ་སེམས་གཉིས་ཆར་གྱིས་ལས་རིགས་འདྲ་མིན་སྤེལ་བའི་ཤེས་ཡོན་ཅན་གྱི་སྡེ་དང་བཅས་པ་དག་གི་ཉེ་མ་རིང་དུ།སྐད་ཆ་གཉིས་དང་མིག་ཟུང་གཉིས།ལྟ་སྤྱོད་གཉིས་སོགས་མི་གཉིས་ཀྱི་སྐུ་རུ་སྤྲུལ་ཏེ་རིགས་གཅིག་སྤུན་ཟླ་གང་མང་བཙོན་འཇུག་གི་ལས་སུ་བགྱི་མཁན་དང་།རྡུང་རྡེག་གི་ལས་སུ་གཞོལ་མཁན་གྱི“ལྐོག་མྱུལ་བ”རེ་རེ་ནི་རང་དང་ཤ་རུས་ཀྱི་འབྲེལ་བ་གཅིག་གིས་བཅིངས་པའི་སྤུན་གྲོགས་བཟང་ཤོས་དེ་དག་ལས་གཞན་ཞིག་མིན་ལ།ལྷག་བསམ་དག་པས་མདུན་དུ་བསྐུལ་ཏེ་རང་རིགས་ལ་ལེགས་ཉེས་དབྱེ་འབྱེད་ཀྱི་བློ་གྲོས་སྩོལ་མཁན་རྣམས་ཀྱི་མགོ་ཐོག་ཏུ་དམ་ཚིག་ཉམས་པ་དང་ལྟ་བ་ལོག་པ།རྒྱལ་ཁབ་ག་གེ་མོའི་གསང་མྱུལ་བ་དང་ལྟ་གྲུབ་ཕྱི་རོལ་བའི་རྒྱུགས་ཁྱི།ཚོང་ནག་གང་ཞིག་གི་འགོ་བ་དང་བསྟན་པར་ངན་བཤད་པའི་དགྲ་བོ་སོགས་ཀྱི་རྡོ་ཆེན་དག་མངོན་ལྐོག་གང་རུང་ནས་ཅི་འདོད་དུ་འཕེན་པར་བྱེད་ཅིང་།སུ་ཞིག་གིས་རང་ཉིད་གཙོས་པའི་རང་གི་རིགས་སྡེ་ཡོངས་ཀྱི་ཉེས་སྐྱོན་གྱི་རྨ་ཁར་རེག་ཅིང་བྱིལ་བ་ན།ཁོ་ཚོ་སེམས་གཏིང་ནས་ཁོང་ཁྲོ་བ་དང་སྙིངས་ལངས་པ་བྱེད་ཀྱིན་ཡོད་ཁར།སུ་ཞིག་གིས་རང་གི་ནད་རྙིང་དག་ལ་བཅོས་བསྒྱུར་གྱི་ལམ་བཟང་བསྟན་པ་ན།ཁོ་ཚོས་དེ་དག་གི་འཚོ་ལམ་སྟེང་ལ་བཟོད་པར་དཀའ་བའི་འཁོན་ལན་བསློག་སྲིད་པ་རེད།

གལ་ཏེ་ཁྱོད་ནི་སྤྱི་ཚོགས་སྟེང་གི་བཟང་ངན་གང་རུང་གི་གནས་སུ་གསར་བཅོས་བྱེད་མཁན་ཞིག་དང་རང་གི་རིགས་སྡེ་ལ་རང་ནུས་གང་ཡོད་ཀྱིས་དོན་དམ་པའི་སྲིད་དཔལ་ཆོས་གསུམ་དར་སྤེལ་བྱེད་མཁན་ཞིག་ཡིན་པའི་དབང་དུ་བཏང་ན།ཁྱོད་ཀྱི་སྐད་ཆ་དང་བརྩམས་ཆོས་དག“གནད་དོན”ཞིག་ཏུ་བརྩིས་ཏེ་གཞན་མིའི་མིག་ལམ་དུ་ལྐོང་རྫོངས་བྱེད་མཁན་ནི་གཞན་ཞིག་ཡིན་མི་སྲིད་ལ།ཁྱོད་ཀྱི་རིག་གནས་ཀྱི་ལམ་དང་བདེན་འཚོལ་གྱི་སྤོབས་པ་དགུང་ལ་མཐོ་བཞིན་པའི་སྐབས་སུ།རྒྱང་ཉེ་གང་རུང་དང་མངོན་ལྐོག་གང་རུང་ནས་ངན་དུ་སྒྲོག་པ་དང་གཡོན་དུ་བསྒྱུར་བ།ལྡོག་ཕྱོགས་སུ་བཟོ་མཁན་རྣམས་ནི་ཁྱོད་དང་དུས་རྒྱུན་འགྲོགས་ཤིང་འདྲེས་པའི་གྲོགས་པོ་དང་གཉེན་མི་ལས་གཞན།རང་གི་ལས་དབང་གི་ཕྱི་ནང་ལག་ལ་གཞག་སའི་སྤུན་ཟླ་མིང་སྲིང་དག་ལས་སུ་ཡང་མིན།ཁྱོད་ཀྱིས་ནམ་རྒྱུན་རང་གི་ཁོར་ཡུག་གི་རིགས་གཅིག་སྤུན་ཟླ་འགའ་ཞིག་གི་འགྲོ་འདུག་ལ་སྙམ་ཞོག་དང་།ཁོ་ཚོས་བསྟོད་པར་འོས་པ་དང་བཀུར་བར་རིགས་པའི་ནང་མི་དག་གི་སྟེང་དུ་འཐད་པ་ཁྱོན་ནས་མིན་པའི་ངན་སྨྲས་ཀྱི་མདའ་མཚོན་འཕེན་གྱིན་ཡོད་ལ།ཁོ་ཚོས་རང་དང་བཅས་པའི་ཕ་མེས་དག་གི་མགོ་ལུས་ཁྱིམ་གསུམ་རྩ་སྟོང་བྱས་དང་བྱེད་པའི་རིགས་ཁག་དེ་དག་ལ་དགའ་མོས་དང་ཡིད་སྨོན་བྱེད་ཀྱིན་ཡོད་པ་རེད།

ང་ཚོས་འདི་དག་གི་ཁྲོད་ནས་འདང་བརྒྱབ་པ་ཡིན་ན།འགྲོ་བ་མིའི་རིགས་ཀྱི་ནག་ཉེས་ཀུན་ཀྱི་རྩ་བ་དང་མ་རུང་བ་ཐམས་ཅད་ཀྱི་འབྱུང་རྐྱེན་གཙོ་བོ་ནི།འགྲོ་བ་མིའི་རིགས་རང་ཉིད་མ་འགྲིག་པ་དང་རང་གིས་བཟོས་པ་ཁོ་ནར་གྱུར་འདུག་ཅིང་།དེ་བཞིན་བྱེ་བྲག་མི་རིགས་རེ་རེ་དང་ཡུལ་སྡེ་རེ་རེ།ཁྱིམ་ཚང་རེ་རེ་འགལ་འཐོར་དུ་གྱུར་དང་འགྱུར་བ་རྣམས་ཀྱང་ཁོ་པ་རང་རང་གི་ནང་མིས་བཟོས་པ་རྐྱང་རྐྱང་དུ་སོང་འདུག་ཕྱིར།མིའི་རིགས་དང་མི་རིགས།ཡུལ་ཤོག་དང་ཁྱིམ་སྒེར་སོ་སོའི་ཀློང་དུ་རིག་གནས་རང་ལུགས་ཀྱི་ལམ་ཀ་མ་རྙེད་པ་དང་བདེན་པར་ངོས་ཟིན་མ་ཐོབ་པ།འགྲོ་མིའི་ཁེ་དབང་གི་གོ་རྟོགས་མ་སད་པ་སྟེ།ཞོགས་དུང་རྣམ་པའི་སྐད་དུ་བཤད་ན“མི་བུའི་རྒྱུ་འབྲས་བློ་མིག”གི་སྲོག་ཤིང་མ་རྒྱས་པའི་གནད་ལ་ཐུག་ཅིང་།དེའང་ཕར་དེད་ན་མི་སྒེར་རེ་རེ་ཚུད་པའི་འགྲོ་མི་ཡོངས་ལ་རང་རྟོགས་བསམ་བློའི་བག་ཉར་གང་དེ་ཡར་སློང་མ་ནུས་པའི་དོན་དུ་ངེས།

དེ་བས་ན།མིའི་རིགས་ཀྱི་ནང་འཁྲུགས་ཀྱི་ལས་བཙོག་གང་དེ་མི་འོང་བར་ང་ཚོས་ཅིས་ཀྱང་འབད་རིགས་ཤིང་།འདི་ཡི་སྐྱེ་རྒྱུན་གཅོད་པའི་ཐབས་ཇུས་ལ་ཕྱོགས་སྣ་གང་འཚམ་ནས་སྒྲིག་འཛུགས་བླ་ལྷག་བྱེད་འོས་མོད།གཞི་རྩའི་གནད་དོན་ནི་ང་ཚོ་མི་སྒེར་རེ་རེར་འདྲ་མཉམ་དང་རང་ཐོབ།དྲང་བཞག་གི་ཀུན་ཁྱབ་ལྟ་བ(འདི་དག་གི་ཐད་ལ་ཁོ་བོས་བྲིས་པའི<བསམ་བློའི་རང་བཙན>ཞེས་པར་གཟིགས་འཚལ)ཡང་དག་ཅིག་གནས་མ་ཐུབ་པའི་ལས་སུ་བདོག་པས་ན།མི་རིགས་རང་ལུགས་པ་དང་རིག་གནས་རང་ལུགས་པ་གང་གི་ཁོངས་སུ་བཏོགས་ཀྱང་རུང་སྟེ།ཡོངས་ཀྱི་གཞི་རྩར་འབོད་རུང་བའི་ནང་གི་བསམ་བློའི་རྟོགས་པ་གང་ཉིད་སྤྱད་དེ་འདྲ་མཉམ་དང་རང་ཐོབ་ཀྱི་བཙན་སར་སྙེག་པ་ནི་གནད་དུ་ཆེ་བར་འདོད་ཅིང་།རང་རེའི་ཤེས་ལྡན་ཁ་ཅིག་གིས“ནང་གི་རང་དབང་མ་ཐོབ་ན་ཕྱིའི་རང་དབང་འཐོབ་ཀྱང་དགོས་པ་ཆུང”བར་གསུངས་པའང་གནད་དོན་འདི་ཙམ་ལ་དམིགས་པ་ལོས་ཀྱང་ཡིན།

དེ་བས་ང་ཚོ་སུ་ཡིན་ཡང་མིག་སྔར་མདུན་དུ་བཤམས་པའི་རིགས་ཀྱི་ལས་དོན་གཙོ་བོ་ནི།ནང་གི་བསམ་བློའི་རང་ལམ་ལ་འབད་པ་ཁོ་ན་ལས་གཞན་དུ་མེད་ཕྱིར།ཅི་སྟེ།བོད་པ་མང་ཆེ་བས་རང་སྟེང་ནས་འདྲ་མཉམ་གྱི་རྟོགས་པ་དང་རང་ཐོབ་ཀྱི་རྟོགས་པ།ཡོངས་ཁྱབ་ཀྱི་རྟོགས་པ་གང་ཉིད་ཡོངས་སུ་མ་རྙེད་པ་དེ་སྲིད་དུ་མི་རིགས་ཡར་རྒྱས་ཀྱི་རེ་བ་ཕྲ་ཙམ་གདའ་ལ།ལྟ་བ་གསར་རྙིང་དང་གྲུབ་མཐའ་ཐ་དད།ལྷ་སྲུང་མཆོད་ཕྱོགས་དང་ཆོལ་སྡེ་སོ་སོ་བཅས་ཀྱི་འགལ་རྒྱ་ཐོགས་ནས་རིག་གནས་དང་མི་རིགས་ཀྱི་གནད་དོན་མཐའ་དག་མི་སྒེར་གྱི་ཕན་གནོད་དུ་བལྟས་དང་ལྟ་བའི།ནང་གི་དཀའ་རྙོག་གི་དུག་རྒྱུན་རུལ་བ་མཐའ་དག་རྩ་མེད་མ་བཟོས་པར་སྐྱིད་ཀྱི་ཉི་འོད་གསར་བ་ཞིག་འཆར་བ་ནི་སྟོང་བསམ་གྱི་དབྱིངས་ཁོ་ནར་ཟད།དེ་དག་གི་རྐྱེན་པས།ཁོ་བོ་ནི་རིགས་དང་ཁོར་ཡུག །ལམ་དང་རྡོག་པ་ཐ་དད་པའི་ཡུལ་ཚོགས་གཞན་ལ་ཁྱོན་ནས་མི་འཇིགས་པར།ཐ་སྙད་ཀྱི་གྲངས་དང་ཐོབ་ཐང་གི་མིང་ཙམ་མངའ་མིན་གྱི་རང་གི་ནང་མི་སྤུན་ཟླ་དག་གིས་ནང་འཁྲུག་གི་གཡོ་འཕྲུལ་སྣ་མང་སློང་བ་དེར་ཤིན་ཏུ་སྐྲག་ཅིང་དོགས་པའོ།།

༠༩ . ༠༦ . ༢༠༡༡ལ་བྲིས།

 

ཟུར་མཆན།

(༡)གཅིག«བདག་ཉིད་ཆེན་པོ་གན་དྷིའི་རྟོགས་བརྗོད་སྐྱེ་དགུའི་སྙིང་ནོར»ཞེས་པའི་གློག་རྡུལ་དེབ།

གཉིས།«གན་དྷི»ཞེས་པའི་དབྱིན་སྐད་གློག་བརྙན།(སྨད་ཆ)

(༢)«བློན་ཆེན་པོ་མགར་སྟོང་བཙན་དང་ཁོང་གི་གདུང་རྒྱུད་ལ་དཔྱད་པ»ཞེས་པའི་ལྡེབ་ངོས༢༤༩བ།

(༣)«མདའ་དང་འཕང»(སྟོད་ཆ) ལྡེབ་ངོས༡༠བ།

(༤)«ཏུན་ཧོང་ཡིག་རྙིང»ལ་ཝ་ལེ་པུ་སན།1962,no.689/2(<མདའ་དང་འཕང>སྟོད་ཆ།ལྡེབ་ངོས༡༤བ)

(༥)  མདོ«རྒྱ་ཆེར་རོལ་བའི»བབ་པོ་བཅུ་དྲུག་པ།

(༦)  «孔子»ཞེས་པའི་རྒྱ་སྐད་གློག་བརྙན།

(༧) «བདག་ཅག་གི་སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི་རྣམ་ཐར»གྱི་ལེ་ཚན༨༣པ།

(༨)གཅིག«འཛམ་གླིང་གི་ལོ་རྒྱུས་ཤེས་བྱ—མཚན་ཉིད་རིག་པ་བ་གྲགས་ཅན་གྱི་སྐོར»

གཉིས།བསྡུས་པ«གནམ་ས་གོ་འབྱེད—བསླབ་པ་ཞི་བའི་ཐབས་ལམ་དགུ་གྲོལ»

(༩)དཔའ་བོ་གཙུག་ལག་ཕྲེང་བའི«ཆོས་འབྱུང་མཁས་པའི་དགའ་སྟོན»གྱི་ཤོག་ངོས༢༢༤བ།

(༡༠)ཚིག་འདིའི་ནང་དོན་དངོས«བདག་ཉིད་ཆེན་པོ་འགན་དྷིའི་རྟོགས་བརྗོད་སྐྱེ་དགུའི་སྙིང་ནོར»ཞེས་པའི་གློག་རྡུལ་དེབ་ཀྱི་གྲངས་ངོས༢༡པ།

(༡༡) རཀ་ར་བཀྲས་མཐོང་གི«དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས»

(༡༢) «ཚེར་མའི་ལམ་གྱི་ང་རོ—དཔའ་དར་རིང་མོ»

(༡༣) ཨོ་རྒྱན་གླིང་བའི«པདྨ་བཀའ་ཐང»གི་ཤོག་ངོས༥༦༧པ།

 


 

༈ བསམ་བློའི་བདེན་པ།

 o//o

 ཁྱོད་རང་འཇིག་རྟེན་འདིར་སྐྱེས་སོང་བ་ཙམ་གྱིས་མི་ཆོག་ལ།མི་ཞིག་གི་མིང་ཐོ་ཐོབ་པ་ཙམ་གྱིས་ཀྱང་གང་ཡང་མི་ཕྱིན་ཏེ།ཆེས་ཡོད་དགོས་པ་ནི་དཔྱོད་ཤེས་ཀྱི་བློ་མིག་ཡིན་ཞིང༌།ཆེས་བསྒྲུབ་འོས་པ་ནི་མི་ཆོས་ཀྱི་བདེན་པ་འཚོལ་ཐབས་དེ་ཡིན་པས།མདུན་དུ་སྐྱོད་ཀྱིན་པའི་སྤྱི་ཚོགས་འདིའི་ཁྲོད་ནས་རང་ཉིད་ནམ་ཡིན་ཡང་རྗེས་སུ་ལྷག་ན་མི་འགྲིག

o//o

ཁྱོད་ཉིད་མིའི་རིགས་སུ་གཏོགས་པའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་དང་བདག་དབང་ལོངས་སུ་སྤྱོད་དགོས་ལ།ཁྱོད་ཉིད་མི་རིགས་བྱེ་བྲག་པ་ཞིག་གི་རུས་རྒྱུད་ལས་མཆེད་པ་ཡིན་པའི་དབང་གིས་རང་མི་རིགས་ཀྱི་དུས་གསུམ་གྱི་ཆགས་འཇིག་ལ་འགན་འཁྲི་ཡོད་དགོས།དེ་བས།མི་ཞིག་གི་མི་ཚེ་ནི་རླབས་ཆེན་དང་ཕུན་ཚོགས་ཤིག་ལ་བརྩི་བཞིན་ཡོད་ནའང༌།རང་སྲུང་རང་བདག་ཙམ་ལས་ཅི་ཡང་མི་ནུས་པ་དག་གི་མི་ཚེ་ནི་ཅི་འདྲའི་ལས་སླ་མོ་ཞིག་རེད་ཨང༌།

o//o

 ཁྱོད་ཀྱིས་མི་གཞན་ངོ་ཤེས་དགོས་པ་བཞིན་དུ་རང་ཉིད་ཀྱང་ངོ་ཤེས་ན་འགྲིག་སྟེ།རང་གི་བསམ་བློའི་མཐོ་ཚད་དང་ཀུན་སྤྱོད་ཀྱི་མཛེས་བཙོགརིན་ཐང་གི་ལྟ་བ་སོགས་ཅི་དང་ཅི་ལྟ་བུ་ཞིག་ཡིན་པ་དག་ལ་གསལ་ཆ་ངེས་ཅན་ཡོད་དགོས་པ་ལས།འོལ་ཚོད་ཀྱིས་མི་ཚེ་ཕུད་ཐབས་བྱེད་པ་ནི་རང་མགོ་རང་གིས་གཡོགས་པ་ཁོ་ན་ཉིད།

o//o

 དགག་སྒྲུབ་ནི་སྡིགས་དམོད་མ་ཡིན་ལ་དོགས་སློང་ནི་གཏོར་བཤིག་དེ་བས་ཀྱང་མ་ཡིན་པས།དོགས་སློང་དང་དགག་སྒྲུབ་དག་གི་ཁྲོད་ནས་ཁྱོད་ཀྱིས་བསམ་བློ་རྙེད་སྲིད་ཅིང༌།བསམ་གཞིག་དང་འཚོལ་ཞིབ་ཀྱི་བར་ནས་ཁྱོད་ཀྱིས་བདེན་དོན་རྙེད་ཐུབ་ཕྱིར།མི་ཞིག་དྲང་ལམ་ལ་འགྲོ་བའི་སྔོན་འགྲོ་ནི་བསམ་བློའི་དོགས་སློང་དང་བསམ་བློའི་དགག་སྒྲུབ་ཡིན་པ་ལས།འུད་བསྟོད་དང་མཐུན་ཐབས་ལར་ནས་མིན།

o//o

 ཁྱོད་ནི་ཡ་རབས་ལ་དགའ་ཞིང་དངོས་ཡོད་ལ་ཞེན་པའི་ཤེས་ཡོན་ཅན་གྱི་ལམ་ལ་ཞུགས་འདོད་ན།མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ངོ་བོ་མ་ཤེས་ཀྱང་ཆོག་ལ།ཚན་རིག་ལག་རྩལ་གྱི་ཉམས་མྱོང་མ་འཐོབ་ཀྱང་རུང་མོད།ཆེས་མེད་ཐབས་བྲལ་བ་ཞིག་ནི་བསམ་བློའི་སྒེར་ཚུགས་ཁྱད་པར་ཅན་ཞིག་དང༌།ལྷད་མེད་ཀྱི་ཀུན་སྤྱོད་སྔ་ན་མེད་པ་ཞིག་ཡོད་འོས་པ་ནི་རྩ་བའི་ཆ་རྐྱེན་ཡིན།

o//o

 མི་རིགས་དང་རིག་གནས་མི་མཚུངས་པའི་ཁོར་ཡུག་ཏུ་རང་རང་སོ་སོར་རིན་ཐང་གི་ལྟ་ཚུལ་མི་འདྲ་བ་རེ་རེ་ཡོད་ཆོག་པ་ནི་ཤིན་ཏུ་གལ་ཆེ་ནའང༌།དེ་དག་ལས་ཀྱང་ཡིད་འཇོག་བྱ་བ་ནི“བསམ་བློ་རང་དབང་དང་ལྟ་བ་མཉམ་གནས”ཀྱི་མཁའ་དབུགས་ཡག་པོ་ཞིག་ཆགས་དགོས་པ་ནི་ཐོག་མའི་རྨང་གཞི་ཡིན་སྟབས།ཁྱོད་ཀྱིས་རང་ཉིད་མ་གཏོགས་གཞན་གྱི་ལངས་ཕྱོགས་ལ་བརྩི་བཀུར་མི་ཐུབ་པ་ནི་དུས་གཏན་དུ་ནོར་འཁྲུལ་ཡིན།

o//o

 ཁྱོད་ཀྱིས་བདག་ཉིད་ལ་བརྩོན་པ་དང་འདྲ་བར་མི་རིགས་སྤྱི་ལའང་བརྩོན་ངེས་ཤིང༌།ཁྱོད་ནི་རང་གི་ཆེད་དུ་ཚེ་སྲོག་ཀྱང་འདོར་ཕོད་པ་བཞིན་དུ་མི་རིགས་ཀྱི་དོན་དུ་ཡང་རང་སྲོག་བློས་གཏོང་མཁན་ཞིག་ཡིན་ནའང་ཆོག་མོད།དེ་བས་ཀྱང་ཆེས་མཐོ་ཤོས་ནི་གནས་ལུགས་ཀྱི་རྒྱ་མའི་མདུན་ནས་རང་སྐྱོན་རང་གིས་ཁས་ལེན་ཕོད་པ་དེ་ཡིན་ན།ཁྱོད་རང་ཁ་ཕྱི་ལ་འཁོར་ཏེ་ལས་བྱ་གཉེར་རྒྱུ་དེ་མིན་པར་ཁ་ནང་ལ་འཁོར་ནས་མནོ་བསམ་གཏོང་རྒྱུ་དེ་རེད།

o//o

 ཁྱོད་རང་རྩོམ་རིག་པ་ཞིག་ཡིན་ཡང་ཆོག་ལ།དེ་བཞིན་དུ་སྒྱུ་རྩལ་བ་དང་ཚན་རིག་པ།མཚན་ཉིད་རིག་པ་བ་སོགས་ཡིན་ཡང་ཆོག་སྟེ།ཐ་ན་གོང་དག་ལས་ལྡོག་སྟེ་གནག་རྫི་ཞིག་ལས་མ་ཡིན་ནའང༌།དུས་ནམ་ཡང་བརྗེད་མི་རུང་བ་ལས་གཅིག་ནི་གཞན་ལ་ཉེས་འགེལ་གྱི་ཞྭ་མོ་མི་བསྐོན་རྒྱུ་དང༌།ཅིག་ཤོས་ནི་གཞན་གྱི་དཔལ་ཡོན་རང་ཉིད་ཀྱི་ཡིན་ཁུལ་མི་བྱེད་རྒྱུ་དེའོ།།

o//o

 མི་ཚེ་ནི་བདེ་སྐྱིད་ཀྱི་ཕྱིར་དུ་བསྐྱེད་པ་ཞིག་མིན་ཞིང༌།སྡུག་བསྔལ་ཁོ་ནའི་ཆེད་དུ་བྱུང་བ་ཞིག་ཀྱང་མ་ཡིན་མོད།མི་ཚེ་བདེ་སྐྱིད་ལ་བསྐུལ་བར་འདོད་པ་ནི་མི་རྣམས་ཀྱི་ཕུགས་བསམ་གྱི་གྲུ་ཟུར་ཆེ་ས་ཞིག་ཡིན་པས།ཁྱོད་ལ་འཚོ་བ་དང་གྲགས་སྙན།ཐོབ་ཐང་དང་ཡོན་ཏན་སོགས་ཀྱིས་ཀུན་ནས་དབེན་འདུག་ཀྱང༌།རང་སེམས་རང་གིས་སྐྱིད་ལ་བསྐུལ་བ་ནི་ཚེ་ཐོག་འདིའི་ལས་རིགས་ཉག་གཅིག་ཡིན་འོས།

o//o

ཁྱོད་ནི་རང་ཡུལ་དང་རང་རིགས་སྲུང་སྐྱོབ་བྱེད་པར་སྤྲོ་བ་ཡོད་མཁན་ཞིག་ཡིན་ན།མི་རིགས་རང་གི་སྐད་ཡིག་ཁྱབ་སྤེལ་དང་སྤྱོད་བཟང་མཐོར་འདེགས།གོམས་གཤིས་ལེགས་པོ་རྒྱུན་སྐྱོང་མཛད་དགོས་པ་མ་ཟད།བྱ་དངོས་གསར་བ་དང་རིག་གནས་གསར་བ་དག་ཚུར་ལེན་བྱེད་པའི་བློ་སྤོབས་ཡོད་དགོས་ལ།ལྷག་ཏུ་རིག་དངོས་འགངས་ཆེན་དག་མྱུར་སྐྱོབ་དང་སླར་གསོ་བྱེད་པ་སོགས་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཡིན་པ་སྟེ།  

མདོར་ན།རྒྱ་ནག་གི་ཉེ་རབས་མཁས་པ་ལུའུ་ཞུན་ལགས་ཀྱིས་གསུངས་པ་ལྟར།“མི་རིགས་ཉམས་རྒུད་ཀྱི་དུས་སུ་ཀི་འདེབས་མཁན་གྱིས་ཀི་ཐོབས།ཤེད་འདོན་མཁན་གྱིས་ཤེད་ཐོན།དྲོད་ཅི་ཙམ་ཡོད་ན་འོད་དེ་ཙམ་སྤྲོས་ཤིག”ཅེས་པ་འདི་ལ་གོ་བ་གཏིང་ཟབ་ཅིག་ལེན་པར་རིགས་སོ།།

 

006/08/2009ལ་བྲིས།

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 11-10-15] [ཀློག་གྲངས། ]

དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་ཇུས་འགོད་དང་སྒྲིག་བཟོ་བྱས།
Copyright © 2009-2012 tbyouth.com All rights reserved. Powered by: tibetitw.com
E-mail:tbnewyouth@gmail.com     Tel:13552131484      QQ:1003120240