ཚ་བ་མདའ་སྨྱུག་གི་དགག་ལན<<ལོག་རྟོག་ཕྱིར་ཟློག>>དང་འབྲེལ་བའི་གཏམ་ཐུང་།

jiumei copy

མགོ་ལོག་རབ་ལྡན།

ཤེས་རབ་ཀྱི་སྒྲོན་མེ་ཐོད་ལ་བཏེགས་ཤིང་། ཐོས་བརྩོན་གྱི་གཤོག་ཟུང་མཁའ་ལ་བརྐྱངས་ཏེ། གནས་དང་གནས་མིན་ལ་དཔྱོད་པའི་བགྱི་བ་དང་དུ་ལེན་ཞོར་གནའ་དེང་གི་ཤེས་བྱའི་དབྱིངས་རུམ་ནས་བདེན་དོན་གྱི་སྙིང་པོ་འཚོལ་བའི་ཀློག་པ་པོ་རྣམ་པ་ལགས།

ད་ཐེངས། རང་གིས་སློབ་སྦྱོང་གི་ཞ་ཞོར་དུ་བྲིས་པའི་༼ལོག་རྟོག་ཕྱིར་ཟློག་༽ཅེས་པའི་ལེགས་སྐྱེས་ཆུང་ཆུང་འདི་དང་སྦྲགས་ཏེ་ཁྱེད་ཅག་དང་མཇལ་བ་འདི་བསོད་ནམས་ལེགས་པའི་ལས་སྐལ་ཞིག་དང་། ཡིད་སེམས་དགའ་བའི་དྲོད་ཐིག་ཅིག་ཏུ་བརླམས་ཡོད།

སྤྱིར། དུས་རབས་ཉེར་གཅིག་གི་དཀྱོགས་མཚམས་འདི་རུ་བསམ་གཞིག་སྣ་མང་གི་མེ་ཏོག་བཞད། ལྟ་བ་འདྲ་མིན་གྱི་ཚ་རླབས་འཕྱུར། དྲན་ཚོར་མོད་པོ་ཡི་ཡོ་ལང་མཆེད། ཤེས་རིག་སྣ་ཚོགས་པའི་ལམ་བུ་དེད་དེ། འཚོ་གནས་ཀྱི་སྙིང་པོ། མི་ཚེ་ཡི་རིན་ཐང་། ལྟ་གྲུབ་ཀྱི་ངོ་བོ། འཇིག་རྟེན་གྱི་ཆགས་འཇིག འཁོར་འདས་ཀྱི་གཤིས་ལུགས་སོགས་ཆོས་དང་ཚན་རིག་གི་བརྗོད་དོན་གྲངས་མང་བ་ཞིག་ལ་དྲང་ལྡོག་ཅི་རིགས་ནས་དཔྱད་པ་གཏོང་མཁན་དང་མྱོང་ཚོར་འབྲི་མཁན། ལྟ་ཚུལ་གླེང་མཁན་ཤིན་ཏུ་མང་དྲགས་པས། བྲེལ་འཚུབ་ཀྱི་ལས་དོན་མང་ཞིང་། དམིགས་བསལ་གྱི་དུས་ཚོད་གང་ཡང་མ་རྙེད་པར་ཁོམ་དུས་བྲིས་ཤིང་མི་ཁོམ་དུས་བསྐྱུར་ཏེ་ད་ཆར་ཡོངས་སུ་གྲུབ་པའི་དེབ་ཆུང་འདིར་རིན་ཐང་ཆེར་མེད་ཤས་ཆེ།
འོན་ཏེ། འདི་ནི་རས་རྐྱང་གི་དྲོད་ལ་འཁྲི་ཞིང་། ཆུ་རྐྱང་གི་བཅུད་ལ་རེ་བའི་སློབ་སྦྱོང་མཁན་དཀྱུས་མ་ཞིག་གི་ཤེས་ཡོན་གྱི་གོམ་ཁ་དལ་གྱིས་སྤོ་སྟངས་དང་། དཀའ་གནད་ཀྱི་གཏིང་མཐའ་རིམ་གྱིས་གཞལ་ཚུལ་ཙམ་ཞིག་ཡིན་པ་ལས། ཚད་མཐོ་ཞིང་། རྔམས་མཐུག་པའི་རིགས་ལམ་གྱི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་དང་། བློ་སྐྱེད་ཀྱི་ནུས་པ་མཐའ་ཡས་པ་ཞིག་ཡོད་པར་གུས་པོས་ཀྱང་སེམས་ཀྱིན་མེད།

དེ་བས། སྙིང་ཉེ་བའི་ཀློག་པ་པོ་རྣམས་ཀྱི་འདོད་བློ་ཚིམ་པའི་མཆོད་སྤྲིན་དང་། དགའ་སྤྲོ་འཕེལ་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡང་རུང་ལ་མ་གྱུར་ཡང་བླ་སྟེ།
གང་ལྟར། རང་ཉིད་དགའ་ཞིང་དད་པའི་རིག་གཞུང་གང་ཞིག་ལ་བཅངས་བའི་འདུ་ཤེས་ཀྱི་སྣང་བ་མཆེད་སྟངས་ཤིག་གམ། བསམ་གཞིག་གི་རྦ་རླབས་འཕྱོ་སྟངས་ཤིག་ཡིན་པས། འགྲིག་དང་མི་འགྲིག་པའི་ཆ་ཅི་བདོག་ན་རང་འགན་རང་གིས་ལེན་པའི་ལས་སུ་ཞུགས་པ་ལས། ཁ་གཡར་ས་དང་ཁག་འགེལ་ས་ཅི་ཡང་མེད།
དེབ་འདི་འབྲི་བའི་དམིགས་ཡུལ་ཉག་གཅིག་ནི།ཉེ་སྔོན་བོད་ཡུལ་ནས་ཐོན་པའི་རྩོམ་དེབ་སྐད་གྲགས་ཅུང་ཙམ་ཆེ་ཞིང་། ལྗིད་ཚད་ཀྱང་མི་དམན་པར་སོན་པ་རྣམས་ལས། རྣོ་དབལ་ཟིལ་གསུམ་གྱི་ངར་ཤུགས་ལྡན་འདུག་ཅེས་ས་འུར་རྡོ་འུར་བྱེད་བཞིན་པའི་དགག་སྒྲུབ་རྩོམ་ཡིག་སྟེ། ཚ་བ་མདའ་སྨྱུག་གིས་བྲིས་པའི་༼ལོག་རྟོགས་སྙིང་སྟོབས༽་ཞེས་པའི་དེབ་ཀྱི་བརྗོད་དོན་གྱི་ཆ་ལ། གཟུ་བོའི་མིག་གིས་བལྟས། དྲང་པོའི་བློ་ཡིས་གཞལ། ལུང་རིགས་དཔུང་དུ་བཞག་སྟེ། འཐེན་ཁྱེར་དང་ཞེན་གོག་གིས་མ་བསླད་པར་བགྲོ་གླེང་ཞིག་གི་རྣམ་པའམ། བསམ་ཚུལ་ཞིག་གི་ངོ་བོའི་སྟེང་ནས་ཁ་ཞིག་གྲག་འདོད་པ་དེ་ཡིན།

འོན་ཏེ། ཕྲན་གྱིས་ཁྱེད་ཅག་གི་མདུན་སར་བཏེགས་པའི་དེབ་ཆུང་འདི་ལ་༼ལོག་རྟོག་ཕྱིར་ཟློག་༽ཅེས་པའི་མིང་འདི་བཀོལ་ཚེ། རྣ་ལ་ཅུང་ཙམ་གཟན་ཞིང་། ཡིད་ལ་གནོད་མཁན་འགའ་རེ་ཡོད་སྲིད་ཀི་རེད། མ་ཟད་༼ལོག་རྟོགས་སྙིང་སྟོབས་༽ཀྱི་བརྒྱ་ཆའི་ལྔ་བཅུ་ཡན་ཆོད་ལ་ལན་ཕོག་ཨེ་འདུག་ཟེར་བའི་དྲི་ཚིག་བགོད་བྲོ་བ་འགའ་རེ་འཕངས་ནས་མིག་ཟུང་ཀེམ་ཀེམ་དུ་གཡོ་བཞིན། རྣ་བ་བླགས་ནས་ཉན་མཁན་དང་། རིག་པ་བསྒྲིམས་ཏེ་ཀློག་མཁན་ཆ་རེ་རྡོག་རེ་ཡོད་ཆོག་ཆོག་རེད། ཡིན་ཡང་། མི་སོ་སོའི་ཤེས་རབ་ཀྱི་ནུས་རྩལ་དང་ཤེས་རིག་གི་ཆུ་ཚད། རིན་ཐང་གི་ལྟ་བ། དཔྱོད་ཤེས་ཀྱི་བློ་མིག་སོགས་ནི་ཚད་མི་མཐུན་ཞིང་། ཚུལ་མི་གཅིག་པར་མ་ཟད། འདི་འགྲིག་དང་གན་མི་འགྲིག་ཟེར་ཚད་མཐའ་དག་རང་ཉིད་དགའ་ཞིང་མོས་པའི་ཤེས་རིག་གང་ཞིག་གི་ཟུར་འགའ་རེ་དང་། ངོས་གཞན་རེ་ལ་བཅར་ནས་མོལ་གྱིན་ཡོད་པ་ཤ་སྟག་ཡིན་པས།

ཏན་ཏན་ཏིག་ཏིག་གི་ཚད་ཤིང་ཞིག་ཡོད་སྲིད་ཀྱང་མི་སྲིད་ལ། ཡོད་རྒྱུའི་རེ་བའང་མེད།
གང་ལྟར། དགག་སྒྲུབ་རང་བཞིན་ཅན་གྱི་རྩོམ་ཡིག་ཅིག་ལ་མཚོན་ལ། ཟུར་མི་འདྲ་བའི་ངོས་གཉིས་ནས་ཅིས་ཀྱང་གླེང་ཡང་དགོས་ལ། གླེང་ཚུལ་ཡང་། ཁྱད་པར་འཕགས་བསྟོད་ལས། “བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཞིང་། །གང་ཞིག་རིགས་པ་ལྡན་པའི་ཚིག ། དེ་ཉིད་སྟོན་པར་ཡོངས་སུ་འཛིན། །”ཞེས་གསུངས་པ་ནང་བཞིན་འཁྱོང་ཚེ། ད་གཟོད། མངར་སྐྱུར་གྱི་བྲོ་བ་ཏོག་ཙམ་ཞིག་ཡོད་པར་མ་ཟད། དགག་སྒྲུབ་སྙིང་སྟོབས་ཟེར་ཡ་དེ་ཡང་མདངས་གསལ་ཞིང་། མདོག་བཀྲ་བ་སྟེ། བསམ་གཞིག་སྣ་ཚོགས་ཀྱི་འོད་ཟེར་འཕྲོ་བའི་ཤེས་རབ་ཀྱི་གོང་བུ་ཟླ་མེད་ཅིག་ཏུ་འགྱུར་བར་ངེས་པས། ཕྲན་གྱིས་ཀྱང་།སྐབས་འགའ་རེ་དང་། དོན་རེ་ཟུང་གི་ཐད་དུ་བགྲོ་ཞིང་གླེང་བའི་གཏམ་ལ་ངར་ཤུགས་ཀྱི་བླ་སྲོག་ལྡན་ཞིང་།སྒལ་ཚིགས་ཀྱི་སྲ་བརྟན་མངོན་ཆེད་དུ་ཨེན་ཙམ་ཤུགས་དྲག་པའི་རྣམ་འགྱུར་འགའ་རེ་བསྟན་པ་མ་གཏོགས། གཞན་དུ་མི་བདེན་རྫུན་སྒྲིག་གི་ཞྭ་མོ་དང་། དགོས་མེད་སྙད་འཚོལ་གྱི་ཀླན་ཀ་སོགས་མགོ་བའི་ནད་བཞིན་སྤངས་བར་བྱས་ཡོད། མ་ཟད། གུས་པོའི་རེ་འདོད་ཀྱི་འཁྱེར་སོ་དང་མོས་འདུན་གྱི་འཇུག་ཡུལ་དངོས་མ་དེ། དད་པ་ལ་རྒྱ་རུ་མི་འཛིན་ཞིང་། དོགས་སེམས་ང་རྒྱལ་དུ་མི་རློམ་པར། དྲང་པོ་དྲང་བཞག གཟུར་མེད་གཡོན་མེད། བདེན་པ་བདེན་རྐྱང་གི་སྒང་ནས་ལྟ་ཚུལ་ལན་གཅིག་རྗོད་འདོད་པ་དེ་ཡིན་པས། སྐབས་དང་སྐབས་སུ་མ་ཤེས་མ་དཔྱོད་པའི་དབང་གིས་སུ་དང་གང་ལ་ཕོག་ཐུག་དང་། ཐུགས་ཡིད་སུན་པའི་རྐྱེན་དུ་གྱུར་ཚེ་ གནོང་འགྱོད་ཆེན་པོའི་སྒོ་ནས་དགོངས་སེལ་ཞུ་བ་ཡིན།

སྤྱིར་བཏང་། མདའ་སྨྱུག་གི་ཡིག་ཆའི་ནང་དུ་ཚིག་སྐྱོན་དང་ཡིག་སྐྱོན་གྱི་ཆ་མ་མང་ན་མི་ཉུང་བའི་ཚོད་དུ་ཡོད་པ་ཁོ་བོས་འདིར་ཆེད་དུ་མ་བཤད་ཀྱང་ཀུན་ལ་གསལ་ངེས་ཡིན་པས་རེ་རེ་བཞིན་དུ་ཤིག་ཐོག་མཛུབ་མོ་ཀེར་བ་ནང་བཞིན་གཅིག་གཅིག་གཉིས་གཉིས་བྱས་ཏེ་རྗེན་པར་ལྷང་ལ་ཕུད་པའི་ལས་སུ་ཞུགས་མེད། དོན་གྱི་གནད་འཆོལ་ཞིང་། རིགས་པའི་ཚུགས་མ་ཟིན་པར་སྣང་བ་སྟེ། བཤད་ཉེས་ཟེར་ཉེས་ཁུར་བའི་གནད་སྒོ་ཆེ་ཤོས་དག་གི་ཐད་དུ། ཁོང་གི་ཚིག་རིས་ཇི་མ་ཇི་བཞིན་དུ་མ་བཅོས་མ་བསྒུལ་བར་རང་སོར་བཀོད་ཡོད། འུ་ཅག་སུ་ཡིན་ཡང་། དགག་སྒྲུབ་རྩོམ་ཡིག་འབྲི་སྐབས་ཕན་ཚུན་དབར་གྱི་ལྟ་ཚུལ་དང་། བསམ་ཚུལ་སོགས་མ་འདྲ་བའི་དབང་གིས་སོ་སོར་ཚིག་རྣོན་པོ་རེ་དང་དོན་བརྗིད་པོ་རེས་གསལ་འདེབས་མི་བྱེད་ཐབས་མེད་ཡིན་པས། ལེགས་ཉེས་ཀྱི་དབྱེ་མཚམས་རྟོགས་ཤིང་བླང་དོར་གྱི་འགལ་འཛོལ་དབེན་པའི་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱིས་ཀྱང་། རྩོམ་ཡིག་འབྲི་མཁན་དག་གི་ཐོབ་ཀྱི་མཐོ་དམན་དང་། རིགས་ཀྱི་དབྱེ་བ་ཙམ་ལ་མི་བལྟོས་པར། བདེན་པའི་གཏམ་ཞིག་སུ་ཡིས་བརྗོད་ཡོད། དྲང་པོའི་ཐིག་ཅིག་གང་གིས་བཏབ་ཡོད་ཕྱོགས་རིས་དང་འཐེན་འཁྱེར་གྱི་ན་བུན་རྒྱང་དུ་སྤྱུགས་ཏེ་དྲང་བོ་དྲང་བཞག་གི་ལམ་ནས་གཟིགས་རྒྱུ་ཐུགས་རྗེ་ཆེ་ཞུ་བ་ཡིན།

ཞེས་བོད་རབ་རྒྱན་ཤིང་རྟ་ལོའི་རི་དྭགས་མགོ་ཅན་གྱི་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པ་ལེགས་པ་བརྒྱད་དང་ལྡན་པའི་ཚེས་ཀྱི་ཉི་དྲོས་ཀྱི་ཆ་ཕུར་བུ་བདུད་རྩི་ཐུན་མཚམས་ཀྱི་དུས་སྦྱོར་དགེ་བར། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲལ་མཐའ་འཛིན་པ་མགོ་ལོག་རབ་ལྡན་གྱིས་མཇུག་ལེགས་པར་སྦྱར་བ་དགེའོ།། །།

j12221212121212121221iumei

ན་གཞོན་རིཊ་པ་སྨྲ་བ་མགོ་ལོག་རབ་ལྡན་ལགས་ནི།

ལོ་རབས་བརྒྱད་བཅུ་པའི་སྟོད་དུ་ཨ་མདོ་མགོ་ལོག་གཅིག་སྒྲིལ་སྦྲ་སར་ཚོ་བ་རུ་སྐྱེས། ན་ཚོད་རིམ་གྱིས་འཕར་བ་དང་བསྟུན་སངས་རྒྱས་ཀྱི་བསྟན་སྒོར་ཞུགས་ཤིང་། གངས་ལྗོངས་མཁས་པའི་འབྱུང་གནས། དཔལ་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ་རུ་ཕེབས་ཏེ། པོད་ལྔ། སྔགས། རིག་གནས་དང་བཅས་པར་ཐོས་བསམ་གྱི་བརྩོན་པ་རྒྱ་ཆེར་མཛད་ཅིང་། སློབ་གླིང་གི་དབྱར་གནང་དང་དགུན་གནང་གི་སྐབས་སུ། སེ་འབྲས་གཙོ་བྱས་པའི་ཕྱོགས་སོ་སོའི་གྲྭ་ས་དག་ལ་ཕེབས་ཏེ། རྩོད་པའི་རིགས་ལམ་དང་། གཞུང་གི་བཞེད་སྒྲོས་མི་མཐུན་པའི་དཀའ་གནད་དག་ལ་སྦྱངས་པ་ཧུར་ཐག་བྱས། དེ་ལྟར་རིག་པའི་གཞུང་ལུགས་ལ་ཐོས་པ་དལ་གྱིས་བསགས་ཤིང་། ངེས་ཤེས་རིམ་གྱིས་བཙལ་ཏེ། རང་གི་ཤེས་རབ་ཀྱི་རྩལ་དང་། བརྩོན་འགྲུས་ཀྱི་འགྲོས་ལས། མི་ཤེས་པ་ནས་ཤེས་པ་དང་། ཤེས་པ་ནས་མཁས་པའི་སར་བསླེབས་ཏེ། 2007ལོར། གསེར་ལྗོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ་རུ་གསུམ་ལྡན་སྡེ་སྣོད་འཛིན་པའི་མཁན་པོའི་དཔང་རྟགས་བཞེས། དེ་རྗེས་སློབ་གླིང་དེ་ག་ནས་བློ་རྟགས་གྲུབ་དོན་སོཊ་ལས་བརྩམས་ཏེ། དབུ་ཚད་འདུལ་མངོན་གྱི་ཕྱོཊ་ནས་འཆད་ཁྲིད་ཀྱི་ལས་ཀ་ད་བར་དུ་གཉེར། སློབ་ཁྲིད་ཀྱི་ཞོར་དུ་གཞུང་ཆེན་ལྔའི་གལ་འགངས་ཆེ་ཤོས་ཀྱི་སྐོར་ལ་དཔྱད་རྩོམ་གང་མང་འབྲི་ཞོར། རྒྱའི་ཡིག་ཐོག་ཏུ་འཁོད་པའི་ལུས་ཁམས་འཕྲོད་བསྟེན་གྱི་སྐོར་དང་། སྤྱི་ཚོགས་རིག་གནས་སྐོར་གྱི་གལ་ཆེའི་རྩོམ་ཡིག་འགའ་བསྒྱུར་གནང་མཛད་བཞིན་ཡོད། སློབ་གནང་གི་གོ་སྐབས་དང་བསྟུན་ནས་ལྷ་ས་དང་། ཨ་མདོ་རྨ་ལྷོའི་ཡུལ་གྲུ་དག་ཏུ་ཕེབས་ཏེ། བོད་ཀྱི་བྲིས་གཟུཊ་ཀྱི་ཕྱོཊ་ལ་ཞིབ་འཇུག་དང་སྦྱངས་བརྩོན་ཆེས་ཆེར་མཛད། 2012ལོར། སྐུ་ཉིད་ཀྱི་ཕྱག་བྲིས། དབུ་ཅན་དང་། འབྲུ་ཚ། སུག་རིང་སོགས་ཡིག་གཟུགས་མི་འདྲ་བ་ལྔ་ལས་གྲུབ་པའི་༼ཐོན་མིའི་མཛུབ་རིས།༽ཞེས་པའི་བོད་ཡིག་བྲིས་དཔེ་དེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལས་པར་དུ་བསྐྲུན་ཏེ་བོད་ཀྱི་ས་གནས་སོ་སོར་བཀྲམ་པས་བོད་ཡིག་བྲིས་གཟུགས་ཀྱི་ཐད་ལ་བྱས་རྗེས་བླ་མེད་བཞག ལྷག་ཏུ་རྣམ་འགྲེལ་ལེའུ་གཉིས་པའི་བསྟན་དོན་ཆེ་ཤོས་ཏེ། སྐྱེ་སྲིད་ཀྱི་སྐོར་དང་། བསྟན་པ་དང་། སྟོན་པ་ཚད་མར་སྒྲུབ་པའི་རིགས་པ་རྣམས་ཀྱི་རྣོ་དབལ་ཟུར་གསུམ་གྱི་ཆ་དག་ལ་ཆེ་མཐོང་བླ་ལྷག་ཏུ་མཛད་དེ། 2011ལོར། བླ་བྲང་བཀྲ་ཤིས་འཁྱིལ་དང་། སྐུ་འབུམ་བྱམས་པ་གླིང་། ལྔ་ཡུལ་ཀིརྟི་དགོན་ཆེན། རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་སོགས་གཙོ་བྱས་པའི་ས་དགེ་བཀའ་རྙིང་གི་དགོན་ཆེན་དག་ལ་ཆེད་དུ་ཕེབས་ཏེ། གནས་དེ་དག་གི་དགེ་བའི་བཤེས་གཉེན་རྣམས་གཙོ་བྱས་ཏེ། ཕྱོཊ་སོ་སོའི་མཁས་པའི་དབང་པོ་དག་དང་བགྲོ་གླེང་བསྟུད་མར་བྱས་ཏེ། སོ་སོའི་གོ་བའི་འགངས་དང་རིགས་པའི་གསང་ལས་རྙེད་པའི་ལེགས་བཤད་དག་ཐོས་བསམ་གྱི་བཅུད་དུ་བསྟིམས་ནས་ཡོད། ལོ་འདི་གར། རྒྱའི་ཡིག་ཐོག་ཏུ་འཁོད་པའི་གནའ་དེང་གི་ཚན་རིག་དང་མཚན་ཉིད་རིགས་པ་སྨྲ་བ་རྣམས་ཀྱི་བཞེད་ཚུལ་ལ་ཉམས་ཞིབ་བྱེད་མུས་སུ་མཆིས། དེར་བརྟེན་དེང་གི་གཞོན་སྐྱེས་རིགས་པ་སྨྲ་བ་དག་གི་ཁྲོད་དུ་སྐད་གྲགས་ཆེ་ཤོས་དང་། རེ་བ་མཐོ་ཤོས་སུ་ཆགས་ཡོད།

6 thoughts on “ཚ་བ་མདའ་སྨྱུག་གི་དགག་ལན<<ལོག་རྟོག་ཕྱིར་ཟློག>>དང་འབྲེལ་བའི་གཏམ་ཐུང་།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།