དཔེ་འཕྲིན། — ངོ་མཚར་བའི་འཇིག་རྟེན་གྱི་གསང་བ།

1187591236

སྔོན་བརྗོད།

ཡུལ་ཤུལ་བ་ཚེ་དབང་བཀྲ་ཤིས།

A

འཇིག་རྟེན་གྱི་སྟོན་པ་སངས་རྒྱས་ལ་ཕྱག་འཚལ་ལོ། །

《ངོ་མཚར་བའི་འཇིག་རྟེན་གྱི་གསང་བ་》ཞེས་པའི་དེབ་འདི་ནི་རང་བྱུང་ཚན་རིག་སྐོར་ལས་“གོ་ལའི་འཕེལ་འགྱུར་རིག་པ་”དང་། “སྐྱེ་དངོས་འཕེལ་འགྱུར་རིག་པ་”གཉིས་ཀྱི་འགྲེལ་བཤད་ཚན་རིག་གི་དེབ་ཅིག་ཡིན།

དེབ་འདི་ནི་མིག་སྔའི་ཆར་ཚན་རིག་གི་“བརྟན་གཡོའི་འཇིག་རྟེན་”གྱི་རྣམ་བཞག་དེ་མ་ལག་ཡོད་པ་དང་། ཆ་ཚང་བ། གོ་རིམ་ལྡན་པ། ལོ་རྒྱུས་དང་འབྲེལ་བ་བཅས་ཀྱི་སྒོ་ནས་ཕྱོགས་བསྡུས་འགྲེལ་བཤད་བྱས་པའི་བོད་ཡིག་གི་དེབ་གཅིག་པུ་དེ་ཡིན་ལ། ཁོ་བོས་འདི་ཉིད་སྒྲིག་རྩོམ་བྱེད་སྐབས་ཀྱང་འབྲེལ་ཡོད་ཀྱི་རྣམ་བཞག་ཐར་ཐོར་ངང་འཁོད་པའི་དེབ་ཕྲན་50ལྷག་དཔྱད་གཞིར་བཟུང་ནས་བྲིས་ཡོད།

དེ་ཡང་“གོ་ལའི་འཕེལ་འགྱུར་རིག་པ་”ནི་གཞི་རྡུལ་ཕྲ་མོ་ཁར་ཁི་དང་གློག་རྡུལ་གསར་དུ་གྲུབ་པ་ནས་མཐར་གཏོས་ཆེ་བའི་གོ་ལའི་ཁྱིམ་རྒྱུད་ཇི་ལྟར་གྲུབ་ཚུལ་གྱི་ཆོས་ཉིད་ལ་གོ་ཞིང་། “སྐྱེ་དངོས་འཕེལ་འགྱུར་རིག་པ་”ནི་སྤྲི་དཀར་དང་སྐྱུར་རྫས་ཀྱི་ཕྲ་སྲིན་ཐོག་མར་འཕེལ་བ་ནས་དབང་རྩའི་མ་ལག་ལྡན་པའི་འགྲོ་བ་མིའི་རིགས་བར་དུ་འགྱུར་ལྡོག་བྱུང་བའི་རིམ་པ་ལ་གོ་བའོ། །

དེབ་འདིའི་ནང་དུ་རྩ་བའི་རིག་ཚན་མི་འདྲ་བ་གཉིས་ཀྱི་བརྗོད་དོན་དེ་ཉིད་ཡན་ལག་གི་དོན་ཚན་དགུ་བཅུ་ལྷག་གིས་གཏན་ལ་ཕབ་ཡོད་ལ། ཡིག་འབྲུ་ཁྲི་ཚོ་21གིས་གྲུབ་པའི་ཁ་གསལ་ལ་གོ་བདེ་བའི་རྗོད་པའི་ལམ་ནས་དོན་ཚན་རེ་རེ་བཞིན་ཞིབ་བཤད་བྱས་ཡོད་ཅིང་། བརྗོད་དོན་གསལ་བོར་མཚོན་ཐུབ་པའི་བར་བཅུག་ཚོན་རིས་165ལྷག་གིས་ནང་དོན་ཚན་པ་ཁག་རྣམས་གསལ་འགྲེལ་བྱས་ཡོད།

དེ་བས་ཀློག་པ་པོ་རྣམས་ཀྱིས་དེབ་འདི་ལ་ལྟ་ཀློག་ལེགས་པར་བྱས་པས་རང་བྱུང་ཚན་རིག་གི་རིག་ཚན་གལ་ཆེན་ཁག་གཉིས་ཀྱི་གོ་དོན་དེ་ཉིད་བརྗོད་དོན་ཚན་པ་མི་འདྲ་བ་ཁག་དགུ་བཅུ་ལྷག་གིས་སྤྱིའི་གོ་དོན་ཞིབ་རྒྱས་སུ་ལོན་པ་དང་། བྱེ་བྲག་གི་སྣང་བརྙན་གསར་བར་འཆར་བའི་ཚུལ་དུ་ཤེས་རྟོགས་བྱ་ཐུབ།

དཔེར་ན་དེབ་འདིའི་ནང་གི་བརྗོད་དོན་ཚན་པ་བཅུ་བདུན་པ་“དེང་རབས་ཀྱི་མ་རྡུལ་དངོས་ཁམས་རིག་པ་”ཞེས་པ་དེའི་ནང་གི་མ་རྡུལ་དངོས་ཁམས་རིག་པའི་རྗོད་པ་ཚིག་གི་འགྲེལ་བཤད་ཀྱིས་མ་རྡུལ་གྲུབ་ཚུལ་གྱི་སྤྱིའི་གོ་བ་ཞིབ་རྒྱས་སུ་སྟེར་བ་དང་། མ་རྡུལ་དང་ཁར་ཁིའི་དཔེ་གཟུགས་ཀྱི་བར་བཅུག་པར་རིས་དེ་ཡིས་མ་རྡུལ་གྲུབ་ཚུལ་གྱི་སྣང་བརྙན་ཡིད་ངོར་གསལ་བར་འཆར་ཐུབ་པ་ལྟ་བུའོ། །

དེ་ལྟ་བས་ན་“གོ་མཐའི་ས་ལས་གོམ་གཅིག་མ་བརྒལ་བར་། །འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་། །”བར་གསུངས་པ་ཇི་བཞིན་དེབ་འདི་ལ་ལྟ་ཀློག་བྱེད་སྐབས་ཀྱང་དཔེ་ཆ་ཀློག་པ་ཙམ་གྱི་མྱོང་ཚོར་ལས་བརྒལ་ཏེ། སྟོང་ཁམས་ཀྱི་གོ་ལའི་ཁྱིམ་རྒྱུད་མཐའ་ཡས་པ་དང་། མ་རྡུལ་གྱི་འཇིག་རྟེན་མུ་མེད་པའི་ནང་དུ་དངོས་སུ་གཟིགས་སྐོར་ལ་བསྐྱོད་པ་ལྟ་བུའི་མྱོང་རྟོགས་་འབྱུང་ངེས་པས། ཀློག་པ་པོར་མཚོན་ན་དེ་ནི་རང་བྱུང་ཚན་རིག་གི་སློབ་དཔོན་རྣམས་དང་མཉམ་དུ། འོད་འགྲོས་ཀྱི་འཇིག་རྟེན་འཕུར་གྲུའི་ནང་དུ་ཞུགས་ཏེ། མཐའ་མེད་པའི་མཁའ་དབྱིངས་སུ་གོ་ལའི་འཇིག་རྟེན་ཁམས་ཆེན་མོར་སྒྱུ་འཕྲུལ་གྱི་འགྲུལ་བཞུད་ཐེངས་གཅིག་བྱས་པ་ཡིན་ལ། རྡུལ་ཕྲན་གྱི་འགྲོས་སྣོན་འཕྲུལ་འཁོར་བརྒྱུད་ནས་མ་རྡུལ་གྱི་ཁྱིམ་རྒྱུད་ཕྲ་མོར་ངོ་མཚར་གྱི་ལྟ་ཞིབ་ཐེངས་གཅིག་བྱས་པའོ། །

B

དེ་ཡང་སྤྱིར་“ཕྱི་སྣོད་ཀྱི་འཇིག་རྟེན་”དང་། “ནང་བཅུད་ཀྱི་འཇིག་རྟེན་”ཏེ་བརྟན་གཡོའི་འཇིག་རྟེན་གྱི་ཁམས་ཆེན་མོ་འདི་ཉིད་“དུས་སྐབས་ནམ་གྲུབ་པ་”དང་། “རྒྱུ་རྐྱེན་གང་ལས་གྲུབ་པ།” “བརྒྱུད་རིམ་ཇི་ལྟར་གྲུབ་པ།” “རང་བཞིན་གང་ལྟར་གནས་པ།” “མཐའ་མར་ཅི་འདྲར་འགྱུར་བ་”བཅས་ནི་མཚན་ཉིད་རིག་པ་དང་། ཆོས་ལུགས། ཚན་རིག་བཅས་མིའི་རིགས་ཀྱི་རིག་གཞུང་ཆེ་ཁག་གསུམ་གྱིས་འགྲེལ་བཤད་བྱ་གཞིའི་གལ་ཆེན་གྱི་གསང་བ་ཞིག་ཡིན།

མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ལ་བལྟས་ན་ཡོབ་གླིང་གི་མཚན་ཉིད་རིག་པ་དང་། ཡ་གླིང་གི་ཆོས་ལུགས། དེང་རབས་ཀྱི་ཚན་རིག་བཅས་ཀྱིས་འཇིག་རྟེན་གྱི་ཆོས་ཉིད་དེ་དག་ལ་ཞིབ་འགྲེལ་གནང་ཡོད་པ་མཐོང་ཐུབ།

དཔེར་ན་ལོ་2500གོང་གི་ཡོབ་གླིང་གྷི་རིགས་པ་ཋར་ལེ་སི་ཡིས་འཇིག་རྟེན་གྱི་རྩ་བའི་འགྲུབ་བྱེད་ཆུ་ཡིན་པའི་ལྟ་ཚུལ་བཏོན་པ་ནས། ལོ་2400གོང་གི་གྷི་རིགས་པ་ལེའོ་སི་ཕ་སི་ཡིས་ཨེ་ཊོམ་ཡིན་པར་འདོད་པའི་བར་དང་། ད་དུང་ནང་པས་ཀྱང་བེམ་པོ་རགས་པའི་རྩོམ་གཞི་རྡུལ་ཕྲ་རབ་ཏུ་བཞེད་པ་དང་།

ཡ་གླིང་གི་བྲམ་ཟེའི་ཆོས་པས་ལོ་2700གོང་ནས་འཇིག་རྟེན་གྱི་འབྱུང་རྐྱེན་མཐར་ཐུག་ལྷ་དབང་གི་མངོན་འདོད་དུ་མོས་པ་ནས། ལོ་2500སྔོན་ཙམ་ནས་སངས་རྒྱས་ཀྱིས་ལས་དབང་གིས་གྲུབ་པར་བཀའ་བསྩལ་བའི་བར་དང་།

ལོ་2500གོང་གི་ཨེབ་ཏོ་ཁོ་སིས་ས་དཀྱིལ་སྨྲ་བའི་ལྟ་ཚུལ་བཏོན་པ་ནས། ནང་པས་རི་རབ་གླིང་བཞིའི་འཇིག་རྟེན་གྱི་གཞུང་ལུགས་བཏོན་པ།

ཡ་ཧུ་དའི་ཆོས་པས་ལྷ་དབང་གིས་ཡ་ཏང་གསར་བཟོ་བྱས་པ་ནས་མིའི་རིགས་བྱུང་བར་བཤད་པ་དང་། སངས་རྒྱས་པས་ཚངས་རིས་ཀྱི་ལྷ་ཤི་འཕོས་ཏེ་མི་ཡུལ་དུ་སྐྱེ་བ་བླངས་པ་ལས་མིའི་རིགས་བྱུང་བར་འདོད་པ། དྷར་ཝིན་གྱིས་གནའ་བོའི་སྤྲ་རིགས་འཕེལ་རིམ་གྱི་འགྱུར་ལྡོག་ལས་མིའི་རིགས་བྱུང་བར་བསྒྲུབས་པ།

དེ་བཞིན་ཀི་པེ་ཉི་ཡིས་ཉི་མའི་ཁྱིམ་རྒྱུད་ཀྱི་གཞུང་བརྩམས་པ་ནས། ཧ་བྷོལ་གྱིས་དགུ་ཚིགས་ཁྱིམ་རྒྱུད་སྨྲ་བའི་བར་དང་།

ཚད་རྡུལ་རིག་པ་བ་པོ་ཨེར་གྱི་མ་རྡུལ་གྲུབ་ཚུལ་གྱི་དཔེ་དབྱིབས་བཀོད་པ་ནས། དངོས་ཁམས་རིག་པ་བ་ཀེལ་མན་གྱི་ཁར་ཁི་ཆགས་ཚུལ་གྱི་དཔེ་དབྱིབས་བཏོན་པའི་བར་སོགས་ཡོད་ཚད་ཀྱི་ཡོད་ཚད་རིག་གཞུང་མི་འདྲ་བའི་རྟོག་གེ་པ་དག་གིས་འཇིག་རྟེན་གྱི་ཆོས་ཉིད་ལ་དཔྱོད་པའི་འགྲེལ་བཤད་ངོ་མཚར་བ་འབའ་ཞིག་ཡིན།

ཡང་བཤད་ན་དེ་ནི་འགྲོ་བ་མིའི་རིགས་ཀྱིས་རང་གི་རྣམ་དཔྱོད་ལ་བརྟེན་ནས་རང་བྱུང་ཁམས་ཆེན་མོའི་གསང་བ་དང་ངོ་མཚར་ལ་བརྟགས་དཔྱད་དང་ཞིབ་འཇུག་བྱས་པའི་“ཤེས་རབ་ཀྱི་ལོ་རྒྱུས་”རིང་མོ་ཞིག་ཀྱང་ཡིན་པའོ། །

སྤྱི་ལོ་དུས་རབས་བཅུ་དྲུག་པའི་ཚུན་ནས་ཚན་རིག་གི་རིག་གཞུང་ལྷག་པར་ཡང་དར་མགོ་ཚུགས་ཏེ་ད་བར་དུ་ཞིབ་འཇུག་གི་རྣམ་པས་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དུས་ཐུང་ནང་གི་ལེགས་འགྲུབ་ཀྱི་འཕེལ་རིམ་གང་དེ་ནི་ཤར་རིའི་ཕྲག་ནས་ཉི་མའི་དཀྱིལ་འཁོར་མཁའ་ལ་འཕགས་པ་ཇི་བཞིན་དྲན་བསམ་གྱི་ཡུལ་ལས་རབ་ཏུ་འདས་ཤིང་ཆེས་ཆེར་འགོངས་པར་གྱུར།

མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་ལྟ་གྲུབ་དང་རིགས་ལམ། བརྟགས་ཐབས་དང་གྲུབ་དོན་བཅས་ནི་ལྟོས་བཅས་ཀྱིས་འགྱུར་མེད་བརྟན་གནས་དང་། འཕེལ་མེད་རང་གནས་ཡིན་པ་དང་། དེང་རབས་ཚན་རིག་གི་ལྟ་གྲུབ་དང་རིགས་ལམ། བརྟགས་ཐབས་དང་གྲུབ་དོན། ཞིབ་འཇུག་དང་ངེས་སྲོལ་བཅས་ཀྱི་འགྱུར་བ་དང་འཕེལ་ཕྱོགས་ནི་ཡར་ཟླའི་དཔལ་ལ་འཁུ་བས་ད་གཟོད་མཚན་ཉིད་རིག་པ་ལས་གོང་དུ་བརྒལ་ཞིང་། ཆོས་ལུགས་ལས་བླ་རུ་འདས་པའི་ཚན་རིག་གི་འཇིག་རྟེན་འགྲེལ་བཤད་གསར་བ་འདི་ལེགས་འགྲུབ་ངང་དར་ཞིང་རྒྱས་པ་རེད།

འགྲེལ་བཤད་གསར་བ་འདི་ནི་ཉེ་རབས་དང་དེང་རབས་ཀྱི་དུས་རབས་རིམ་བྱུང་ནང་གི་རླབས་ཆེ་བའི་ཚན་རིག་པ་སྟེ། ཀི་པེ་ཉི། པུ་རོ་ནོ། གྷ་ལིས་ལོ། ཁེར་ཕུ་ལིས། ཉོས་ཏུན། ཅམ་མོ་ཝོལ། ཧ་བྷོལ། བྷི་རོན། ཅུས་ལིས། པོ་ཨེར། ཨེན་སི་ཐན། ཧྥི་རན་ཁི། ཆ་ཏི་ཝ་ཁི། ཨན་ཏེར་སོན། ཀེལ་མན། ཧོ་ཁིན་སོགས་མིང་སྨོས་ཀྱིས་མི་ལང་བའི་མི་བོ་ཆེ་དེ་རྣམ་པའི་དཀའ་སྤྱད་དང་། འབད་བརྩོན། བློ་གྲོས་དང་། སྙིང་སྟོབས་ཡོད་ཚད་ཀྱི་བསྡུས་གཟུགས་ཤིག་ཡིན་ཞེས་བཤད་ཆོག།

ད་ལྟ་སྐུ་འཚོ་བའི་དངོས་ཁམས་ཚན་རིག་པ་གྲགས་ཅན་ཨེན་སི་ཐན་གཉིས་པ་རུ་བསྔགས་པའི་ཧོ་ཁེན་གྱིས་“ཚན་རིག་རབ་ཏུ་དར་བས་མཚན་ཉིད་རིག་ནི་ཤི་ཟིན་”པར་གསུངས་སྐད་ལྟར། གཞུང་ལུགས་ཀྱི་སྔོན་དཔག་དང་། ཞིབ་འཇུག་གི་ར་སྤྲོད་ཟུང་དུ་འབྲེལ་བའི་ཚན་རིག་གི་འཇིག་རྟེན་འགྲེལ་བཤད་གསར་བའི་མདུན་ས་ནས། མཚན་ཉིད་རིག་པ་དང་། ཆོས་ལུགས་ཀྱི་འཇིག་རྟེན་འགྲེལ་བཤད་མང་དག་ཅིག་ནི་“ལོང་བས་གླང་བཤད་”དང་། “ཨ་མྱེའི་བྱིས་སྒྲུང་”ལྟ་བུར་ཅིང་། འཇིག་རྟེན་གྱི་འགྲེལ་བཤད་ཆོས་ཉིད་དང་མཐུན་ཞིང་ངོ་མཚར་བ། རྒྱ་ཆེ་ལ་གཏིང་ཟབ་པ་དེ་ནི་ཚན་རིག་གི་རིག་གཞུང་ཁོ་ནའི་ཁྱད་པར་ལྟ་བུར་གྱུར་ཏོ། །

C

དེ་བས་ན་ངོས་གཅིག་ནས་བསམ་ན་ཚན་རིག་གི་བརྟགས་ཐབས་དང་གྲུབ་དོན། ཞིབ་འཇུག་དང་ངེས་སྲོལ་བཅས་ནི་“མཚན་ཉིད་རིག་པའི་དགྲ་བོ་”དང་། “ཆོས་ལུགས་ཀྱི་གཤེད་མ་”ལྟ་བུར་གྱུར་མོད། ཡང་ཟུར་གཞན་ནས་བསམ་ན་ཚན་རིག་ནི་འཇིག་རྟེན་གྱི་ཡོད་རྒུའི་འགྲེལ་བཤད་མཐར་ཐུག་པ་དང་ཆ་ཚང་བ་དེའི་ངོ་བོར་གྲུབ་མེད་པས། རང་བྱུང་གི་ཆོས་ཉིད་དང་སྣང་ཚུལ་མང་པོ་ཞིག་གི་དྲུང་ནས་མི་སྨྲ་བའི་གནས་སུ་ལྷག་པའང་རབ་ཏུ་བདོག།

དཔེར་ན། “ཚེ་སྔ་མའི་ལོ་རྒྱུས་དྲན་པ་”དང་། “སྒྲུང་འབེབས་པ།” “སྤྲ་ཕབ་པ།” “གཏེར་འདོན་པ་”ལྟ་བུས་མཚོན་སེམས་ཀྱི་ནུས་པ་ཁྱད་པར་བ་དག་ཡོད་པ་ནི་མངོན་སུམ་གྱི་མྱོང་བ་ཡིན་ལ། དེ་ཉིད་ཀྱི་ངོ་བོ་དང་བྱུང་ཚུལ་བཅས་ཀྱི་ཐད་ནས་ད་ལྟའི་ཆར་ཚན་རིག་གིས་འགྲེལ་བཤད་དག་ཅིང་གསལ་བ་ཅི་ཡང་བྱ་ཐུབ་ཀྱི་མེད་པ་ལྟ་བུ་རེད།

དོན་དངོས་འདི་ནི་ཚན་རིག་དར་འཕེལ་གྱི་“ལོ་རྒྱུས་ཀྱི་ཚད་བཀག་”དང་། “རིགས་ལམ་གྱི་ཚད་བཀག་”དབང་གིས་ཡིན་པར་《རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་》ནང་དུ་གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་གསུངས་འདུག།

གཟུ་བོའི་རྣམ་དཔྱོད་མངའ་བའི་ཚན་རིག་པ་དག་གིས་ཀྱང་དོན་དེ་ཉིད་ཇི་བཞིན་དུ་ཁས་འཆེ་བ་སྟེ། 《སེམས་དང་ཚེ་སྲོག་》ཅེས་པའི་ནང་དུ་སྐྱེ་དངོས་རིག་པ་བ་ལན་ཊར་གྱིས། “དོན་ངོ་མར་བཤད་ན། ང་ཚོས་ཤེས་ཀྱི་མེད།” ཅེས་དང་། དངོས་ཁམས་རིག་པ་བ་སི་ཊེ་ཝུན་གྱིས། “ལན་སྟབས་བདེ་ཞིག་བརྒྱབས་ན། ང་ཚོས་ཤེས་ཀྱི་མེད།” ཅེས་རྣམ་ཤེས་དང་། ལས་འབྲས། སྐྱེ་བ་སྔ་ཕྱི། ཉམས་ལེན་དང་། ཐར་པ། གཉིད་དང་། རྨི་ལམ། གསོལ་སྨོན་དང་། ལྷ་ཕབ། སྒྲུང་འབེབས། སྤྲ་ཕབ། གཏེར་འདོན། མངོན་མཁྱེན། རིགས་སྔགས་དང་། ཆོ་ག། ལྷ་འདྲེ་དང་། དག་ཞིང་བཅས་ཀྱི་ཐད་ནས་ཚན་རིག་གམ་ཚན་རིག་པས་ཅི་ཡང་ཤེས་མི་ཐུབ་པར་བཤད།

དེ་བས་དགེ་ཆོས་ཀྱིས། “ཧྲིལ་གྱིས་འདོར་བ་”ནི་“རྣམ་དཔྱོད་ཅན་གྱི་ལམ་མ་ཡིན་”པར་གསུངས་པ་ལྟར། མིག་སྔའི་ཚན་རིག་གི་གྲུབ་དོན་དང་ངེས་སྲོལ་བཅས་རྒྱུ་མཚན་དུ་བྱས་ནས་མཚན་ཉིད་རིག་པ་དང་ཆོས་ལུགས་རྩ་འདོར་བྱེད་པ་ནི། ཤེས་རབ་དང་རྣམ་དཔྱོད་མངའ་བ་དག་གི་ལས་སུ་བྱ་བ་ཞིག་མ་ཡིན་ལ། ཚུལ་དེ་ལྟའི་བྱ་བ་ནི་“ཚན་རིག་རིང་ལུགས་ཀྱི་འདམ་རྫབ་”ཏུ་ཟག་པ་ཡིན་ཞེས་དངོས་ཁམས་ཚན་རིག་པ་ཋར་སི་ཐར་ཐི་སོགས་ཀྱིས་བཞེད་པ་ཤིན་ཏུ་མད་པར་སྣང་།

རྣམ་དཔྱོད་ཀྱི་འཇུག་པ་ཡངས་པའི་སློབ་དཔོན་ཆེན་མོ་དག་གིས་གསུངས་རྒྱུར། ཧ་བྷོལ་རྒྱང་མཐོང་གི་མཐོང་ནུས་བསམ་མི་ཁྱབ་པ་ཡིན་ཡང་། མ་རྡུལ་གྱི་ཆགས་ཚུལ་ལ་ཅི་ཡང་ལྟ་བར་མི་ནུས་པ་བཞིན། ཚན་རིག་གི་ཤེས་རབ་ཀྱི་སྤྱན་མིག་ནུས་པ་དེ་ཤ་མིག་དང་རྗེས་དཔག་ལས་རབ་ཏུ་འདས་མོད། རང་བྱུང་གི་ཆོས་ཉིད་ཡོད་རྒུ་ལ་ལྟ་ཞིང་དཔྱོད་པར་མི་ནུས་པའི་ཚུལ་འདི་ལེགས་པར་ཤེས་ཚེ་“ཚན་རིག་རིང་ལུགས་ཀྱི་འདམ་རྫབ་”ཏུ་ཟག་པ་ལས་ཐར་ཐུབ་པར་གསུངས་སོ། །

དེས་ན་རྣམ་ཤེས་དང་། ལས་འབྲས། སྐྱེ་བ་སྔ་ཕྱི། ཉམས་ལེན་དང་། ཐར་པ། གཉིད་དང་། རྨི་ལམ། གསོལ་སྨོན་དང་། ལྷ་ཕབ། སྒྲུང་འབེབས། སྤྲ་ཕབ། གཏེར་འདོན། མངོན་མཁྱེན། རིགས་སྔགས་དང་། ཆོ་ག། ལྷ་འདྲེ་དང་། དག་ཞིང་སོགས་ཚེ་སྲོག་གི་གལ་ཆེ་བའི་ནང་དོན་མང་པོ་ཞིག་ནི་ད་དུང་ཚན་རིག་ལ་བསྐལ་དོན་དུ་གྱུར་པའམ། ཚན་རིག་གི་དགག་སྒྲུབ་ཡུལ་ལས་འདས་པར་གྱུར་ཡོད་ཅིང། མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་གཞུང་དག་ལས་བརྗོད་དོན་དེ་རྣམས་“རྒྱུ་འབྲས་ངོ་བོ་ཉིད་”གསུམ་གྱིས་ཡང་དག་པར་གསལ་བོར་གཏན་ལ་ཕབ་ཡོད།

རྒྱུ་མཚན་དེའི་ཕྱིར་ན་ཚན་རིག་རབས་འབྱམས་པ་ཧྥོས་རེ་ཏི་ཡིས། “ཁོ་བོ་ལྟར་ན་རྣམ་ཤེས་དང་། ཀླད་པ། ལྷ་དང་། ཚན་རིག་རྣམས་མཉམ་དུ་སྤྱད་ན་གཟོད་འཇིག་རྟེན་གསར་བ་འདིའི་གོ་རིམ་དང་མཐུན་པར་ངོས་འཛིན་བྱ་གི་ཡོད་”ཅེས་བཤད་པ་ལྟར། གནའ་དེང་གི་རིག་གཞུང་ཟུང་འབྲེལ་གྱི་སྒོ་ནས་“འཇིག་རྟེན་གྱི་ལྟ་བ་”དང་། “མི་ཚེའི་ལྟ་བ།” “རིན་ཐང་གི་ལྟ་བ་”བཅས་ཀྱི་ཕྱོགས་ནས་ཡང་དག་ཅིང་ཆ་ཚང་བའི་ངེས་རྟོགས་ཤིག་འཚོལ་རྒྱུ་ནི་མཁས་པའི་ཚུལ་ཡིན་ལ། ཚུལ་དེ་ནི་བདེར་གཤེགས་སྲས་དང་བཅས་པས་ཡང་ཡང་བསྔགས་པ་རྟག་ཆད་ཀྱི་མཐའ་དང་བྲལ་བའི་“དབུ་མའི་ལམ་”ཞེས་བྱའོ། །

དེ་ལྟ་བས་ན་མཁས་དབང་དགེ་ཆོས་ཀྱིས། 《གཏམ་རྒྱུད་གསེར་ཐང་》ནང་དུ་“ཤེས་རབ་ཡོད་ན་ཕྱོགས་གང་ནས་ཀྱང་གནད་ཆེན་པོ་རེ་རྙེད་ཐུབ་”པར་གསུངས་པའི་ལེགས་བཤད་ལྟར། གཞན་དྲིང་ལ་མི་འཇོག་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་བརྟེན་ནས་མཚན་ཉིད་རིག་པ་དང་། ཆོས་ལུགས། ཚན་རིག་སྟེ་འགྲོ་བ་མིའི་རིགས་ཀྱི་རྩ་བའི་རིག་གཞུང་གསུམ་ཆར་གྱི་སྙིང་པོའི་གནད་རྙེད་ཐུབ་པར་བྱས་ཏེ། འཚོ་གནས་ཀྱི་སྙིང་དོན་མཐར་ཐུག་པ་“མི་ཚེའི་བདེ་སྐྱིད་”དང་། “མི་ཚེའི་རིན་ཐང་”རྣལ་མ་དེ་མངོན་འགྱུར་ཐུབ་པ་ལ་འབད་གལ་ཆེ་བའོ།། །།

ཡུལ་ཤུལ་བ་ཚེ་དབང་བཀྲ་ཤིས་ཀྱིས་2016/9/2ཉིན།

1330688073

རྩོམ་པ་པོའི་ལོ་རྒྱུས།

འདན་ཤུལ་བ་ཚེ་དབང་བཀྲ་ཤིས་ནི། སྤྱི་ལོ་༡༩༧༩ལོར་ཁམས་ཡུལ་ཤུལ་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ལོ་ངོ་བདུན་ལ་སོན་སྐབས་ཕ་ཡི་དྲུང་ནས་ཡི་གེའི་སྦྱོར་ཀློག་ལ་སྦྱང་མགོ་བཙུགས། ཀློག་ལེགས་པར་བྱང་རྗེས་ཀྱི་རང་ལོ་བཅུ་གཉིས་སྐབས་དགོན་པའི་འཚོགས་གྲྭལ་དུ་ཞུགས། རང་ལོ་བཅུ་བདུན་སྔོན་བར་དུ་སློབ་སྦྱོང་གི་གོ་སྐབས་གཞན་མ་ཐོབ་ཀྱང་གླིང་སྒྲུང་དང་། ཆུ་ངོགས་གཏམ་རྒྱུད། ནུབ་བསྐྱོད་ཟིན་བྲིས། མི་ལའི་རྣམ་ཐར། མདོ་མཛང་བླུན། སྦྲང་ཆར་སོགས་ཀློག་རྒྱུར་ཧ་ཅང་མོས།

རང་ལོ་བཅུ་བདུན་པ་སྟེ་སྤྱི་ལོ་༡༩༩༥ལོར་མདོ་ཁམས་སྨད་ཀྱི་གདན་ས་ཆེན་མོ་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བསྐྱོད་ནས་ཆོས་དང་རིག་གནས་ཀྱི་སློབ་སྦྱོང་མགོ་ཚུགས། དེ་ནས་བཟུང་བགྲང་བྱ་མང་པོའི་ཡུན་ལ་སྙིགས་དུས་བསྟན་པའི་གསལ་བྱེད་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་མདོ་དང་སྔགས་ཀྱི་དབང་ཁྲིད་མན་ངག་གི་གདམས་ཟབ་མཐའ་ཡས་པ་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་རྙེད་པ་དང་། དུས་མཚུངས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། མཁན་པོ་ཚུལ་ཁྲིམས། མཁན་པོ་ཁྱབ་བརྡལ་སོགས་ཀྱི་དྲུང་ནས་ཀྱང་གཞུང་ཁྲིད་དང་གདམས་པ་མང་དུ་ཐོབ།

སྤྱི་ལོ་༡༩༩༩ལོར་གནས་དེར་བཀའ་བརྒྱུད་འཛིན་གྲྭ་གསར་འཛུགས་སྐབས་སུ་རྐང་འཛིན་སློབ་གཉེར་པའི་གྲྭལ་དུ་ཞུགས་ཤིང་ལོ་ངོ་བདུན་ལྷག་གི་རིང་དུ་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་དམ་པ་མཁན་པོ་འཆི་མེད་རིག་འཛིན་མཆོག་གི་སྐུ་མདུན་ནས་རིས་སུ་མ་ཆད་པའི་གཞུང་ཆེན་སྤྱི་དང་། ཁྱད་པར་དུ་བཀའ་བརྒྱུད་པའི་གཞུང་ཆེན་ཁག་ལ་སྦྱང་བ་ནན་ཏན་བྱས་པ་དང་། ཞོར་དུ་བརྡ་སྤྲོད། སྙན་ངག ལོ་རྒྱུས་བཅས་ལ་ཡང་སྦྱོང་བ་ནན་ཏན་བྱས།

སྤྱི་ལོ་༢༠༠༧ལོར་ལོ་ངོ་བཅུ་གཅིག་གི་སློབ་སྦྱོང་ཡོངས་སུ་གྲུབ་ནས་མཁས་མང་འདུས་པའི་དབུས་ཀྱི་འགྲན་རྩོད་དང་སྤྲོ་སེམས་ཀྱིས་ཕྱུག་པའི་འཆད་རྒྱུགས་དང་། རྩོད་རྒྱུགས།

དྲི་རྒྱུགས་སོགས་དཀའ་ཚེགས་དང་སྙོགས་འཛིང་ཆེ་བའི་རྒྱུགས་རིམ་རྣམས་ལེགས་པར་རྫོགས་ཏེ་གསེར་ཐང་བླ་རུང་ལྔ་རིགས་ནང་བསྟན་སློབ་གླིང་གི་མཁན་པོའི་ཐོབ་ཐང་བླངས།

སྤྱི་ལོ་༢༠༠༦ལོ་ནས་༢༠༡༣ལོའི་བར་དུ་རང་གི་སློབ་སྦྱོང་གི་ཞོར་དུ་འཛིན་གྲྭ་དེའི་བདག་གཉེར་དང་དཔེ་ཁྲིད་མཁན་པོའི་འགན་བླངས་ཤིང་། དུས་སྐབས་དེར་གཞུང་ཆེན་བཀའ་པོད་ལྔ་དང་བརྡ་སྤྲོད་ལོ་རྒྱུས་བཅས་རང་ནུས་ཅི་ལྕོགས་ཀྱིས་སློབ་གཉེར་པ་རྣམས་ལ་ཟབ་ཁྲིད་བྱས་ཏེ། བརྡ་སྤྲོད་འཛིན་གྲྭ་སྔ་ཕྱི་གཉིས་དང་། ཚད་མའི་འཛིན་གྲྭ་གོང་འོག་གཉིས། དབུ་མའི་འཛིན་གྲྭ་གོང་འོག་གཉིས། ཕར་ཕྱིན་འཛིན་གྲྭ་གོང་འོག་བར་གསུམ། མངོན་པའི་འཛིན་གྲྭ་གཅིག་བཅས་འཛིན་གྲྭ་ཁག་ལྔ་དང་། འཛིན་རིམ་དགུ་ཡི་དཔེ་ཁྲིད་རྫོགས་པར་བྱས།

ད་ལྟའི་ཆར་ཡུལ་ཤུལ་ཁུལ་བོད་ཡིག་ཆེད་སྦྱོང་སློབ་ཆེན་དུ་ནང་བསྟན་རིག་པ་དང་། ཚད་མ་རིག་པ་སོགས་ཀྱི་དགེ་རྒན་གྱི་འགན་བཞེས་ཏེ་བོད་རིག་པའི་སློབ་གསོའི་བྱ་བཞག་ལ་འབད་བརྩོན་བྱ་བཞིན་ཡོད།

སློབ་སྦྱོང་དང་སློབ་ཁྲིད་ཀྱི་བར་གསེང་དེ་དག་ནས་བྲིས་པའི་བརྩམས་ཆོས་ལ། ནང་བསྟན་རིག་པའི་སྤྱི་བཤད། ནང་པའི་གྲུབ་མཐའི་རྣམ་གཞག། ལམ་དང་ས་ཡི་རྣམ་གཞག། ཞུགས་གནས་བརྒྱད་ཀྱི་རྣམ་གཞག། གྲུབ་མཐའ་དང་ས་ལམ་ལ་ཉེར་མཁོའི་ཟུར་དཔྱད་ཚན་པ་གཉིས། ངོ་མཚར་བའི་འཇིག་རྟེན་གྱི་གསང་བ། དཀའ་གནད་གསལ་མེ་དང་ལེགས་བཤད་ལྗོན་དབང་གི་རྣམ་བཤད། སུམ་ཅུ་པའི་སྦྱང་གཞི་དྲི་བ་དང་དྲིས་ལན། རྟགས་ཀྱི་འཇུག་པའི་སྦྱང་གཞི་དྲི་བ་དང་དྲིས་ལན། ས་མཐའི་ལག་ལེན་གྱི་མཆན། བོད་ཀྱི་ལོ་རྒྱུས་ཀྱི་སྡོང་པོ་དང་དེའི་མཆན་འགྲེལ། གནས་བརྟན་སྡེ་བའི་སྟོན་པའི་འདས་ལོ་བརྩི་ཚུལ། རྒྱ་གར་པ་དང་གནས་བརྟན་པའི་འདས་ལོ་བརྩི་ཚུལ་གྱི་ཁྱད་པར་ལ་དཔྱད་པ། མིའི་འདོད་ཧམ་དང་སྐྱེ་ཁམས་ཀྱི་འགལ་འདུ། འོད་འགྲོས་དང་སྦྱར་ནས་ཕྲ་བའི་མི་རྟག་པ་ལ་དཔྱོད་ཚུལ་སོགས་རྩོམ་ལུས་རིང་ཐུང་ཉིས་བརྒྱ་ལྷག་ཡོད་དོ།། །།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།