ལྟོགས་དུས་ཀྱི་རྩམ་རྡོག་འགའ།

00z58PIC2wr_1024—གཞི་རིམ་པ།

ཆུང་དུས་ཨ་མས།  “ན་ཚ་མེད་པར་བཟའ་མི་མགོ་ལུས་འཛོམས་ན་སྐྱིད་པོ་ཡིན་”ཟེར་ནས་གདོང་ཆུང་འཛུམ་གྱིས་ཁེངས་དུས།  ང་ལ་མིག་ཆུ་འཁྲུག་པ་ཕར་ཟད།   དེ་ནི་དགེ་རྒན་བཙན་པོ་ཞིག་གིས་རྩིས་རིག་སློབ་ཁྲིད་བྱེད་པ་བཞིན།  བྲོ་བ་ཅི་ཡང་མེད་པའི་སྐད་ཆ་ཕལ་བ་ལས་ཀྱང་ཕལ་བ་ཞིག་རེད་སྙམ།

འོན་ཏང་ད་ནི།   གོང་གི་ལོ་ལོན་རྒན་རྒོན་དང་།  འོག་གི་བཟའ་ཟླ་བུས་ཕྲུག་ལ་ཚེ་རིང་ནད་མེད་དང་།  སྐྱེ་འཆི་ལ་གོ་རིམ་ཡག་པོ་ཞིག་བྱུང་ན།  དེ་ནི་ངའི་མི་ཚེ་འདིའི་བདེ་སྐྱིད་དང་།  སྐྱེ་བ་འདིའི་ཚེ་ནོམ་དུ་ཤེས་ཡོད།

ཁྱོད་ཀྱིས་འོས་མེད་ཀྱི་བྱ་བ་དང་།   རྫུ་མེད་ཀྱི་ལས་ཀ་མང་པོ་བསྒྲུབས་ཏེ་ཕྱི་ལ་སོང་རྗེས།   ཁྱོད་ཀྱི་གཞུག་ལ་ད་དུང་ཁ་པར་བཏང་ནས་མཐའ་མེད་པའི་དགོངས་ཡངས་གནང་མཁན་དང་།  སེམས་དྲོ་བའི་སྐད་ཆ་རིན་མེད་དུ་བཤད་མཁན་ནི།  ཁྱོད་ལ་ལས་ཀྱིས་སྦྲེལ་བའི་ཕ་མ་དང་།  ལམ་ནས་རྙེད་པའི་ཆུང་གྲོགས་ཉུང་ཤོས་མ་གཏོགས་མེད།

འདི་དག་ནི།  ཁྱོད་ཀྱི་མི་ཚེ་ཐུང་ཐུང་འདིའི་ཁང་བ་ཙམ་དང་།  སྒོར་མོ་ཙམ།   རླངས་འཁོར་ཙམ་གྱིས་འགྲན་ནུས་པ་ཞིག་ག་ལ་ཡིན།  ག་ལ་ཡིན།

མི་སེམས་ཀྱི་དགའ་ཕྱོགས་ཁ་ཤས་ལོ་ཟླ་རིམ་འདས་ཀྱིས་འདུལ་ཐུབ་པ་ཞིག་དང་། གསུབ་ནུས་པ་ཞིག་མིན་མོད། དགོས་པའི་དབང་གིས། ཅིག་བརྗེད་སོང་བ་ལྟ་བུ་དང་། ཉིག་མི་དྲན་པ་ལྟ་བུའི་ཚུགས་ཀ་འཛིན་དགོས་དུས་མང་པོ་ཡོད།

མགོ་སྒུར་སྒུར་ཐམས་ཅད་སྡར་མ་དང་། ངོ་གནག་གནག་ཚང་མ་སྤོ་འཐུས་མ་ཡིན་པ་ཇི་བཞིན། སྐབས་སྐབས་སུ། ཁྱོད་ལ་ཁ་ཡ་མ་བྱས་པ་དང་འབྲེལ་ལམ་མ་བཙུགས་པ་ཚང་མ་ཁྱོད་རང་བརྗེད་སོང་བ་དང་མ་དགའ་བ་ག་ལ་ཡིན། དེ་ནི་ཐབས་མེད་ཇུས་མེད་ཁྲོད་ཀྱི། ཁྱོད་རང་དྲན་ཚུལ་གྱི་རྣམ་པ་གཞན་ཞིག་གམ། དགའ་བ་མཐའ་ཐུག་གི་མངོན་སྟངས་གསལ་བོ་ཞིག་ཡིན་ལགས་སྙིང་ཉེ།

མཚམས་ལ་རེར།  “དེ་རིང་ནས་བཟུང་།  འུ་གཉིས་ཀྱི་དབར་ན་འབྲེལ་བ་ཅི་ཡང་མེད།  ངས་ཁྱོད་རང་གཏན་ནས་དྲན་མི་སྲིད་”ལབ་ནས།  མིག་ཆུ་ཤམ་ཤམ་བཞུར་ཞོར།  མནའ་སྐྱེལ་དམ་འཇོག་བྱེད་མཁན་ནི།  ཁྱོད་རང་མི་ཚེ་གང་བོར་རྐང་ནས་བརྗེད་མི་སྲིད་པ་དང་།  སྐྱེ་བ་ཧྲིལ་བོར་རྨང་ནས་གཡུག་མི་ནུས་པའི་མི་དེ་ཡིན།

བུད་མེད་སྐོར་ཞིག་གི་ལུས་ངག་གི་འདུ་བྱེད་དུ།   དགའ་བ་བཀབ་ནས་སྟོན་ཅིང་དུངས་པ་སྦས་ནས་བཤད་པ།   འཐད་ཀྱང་མི་འཐད་པ་དང་དགའ་ཡང་མི་དགའ་བ་ལྟ་བུའི་རྣམ་འགྱུར་སྤྲུལ་བ་བཞིན་དུ་སྟོན་རྒྱུ་ཡོད།   སྐྱེས་པ་མང་ཤོས་ཀྱང་དེ་འདྲའི་རིགས་ལ་དཔེ་མེད་པ་དགའ།

དེའི་རྒྱུ་མཚན་ནི།  བུད་མེད་ཚོའི་མཛེས་སྡུག་ཟེར་ཡ་དེ།  ངོ་དགོང་དང་གཟུགས་པོ་ཁོ་ནའི་སྟེང་དུ་མེད་པར།   རང་གི་གསང་བ་འཛིན་པ་དང་ངོ་ཚ་ཧར་གྱིས་སྲུང་བའི་གསེབ་ནས་ཀྱང་འོང་གིན་ཡོད་ཚོད་རེད།

གྲོགས་པོ་ཡིན་ལབ་ནས།  ཇ་ཁ་ཆང་ཁ་དང་ཉལ་ས་ལང་ས་གང་ཡིན་ལ་མཉམ་འགྲོ་མཉམ་གཤིབ་བྱས་བྱས་རྗེས།  ཕན་ཚུན་གྱི་མཚང་ལབ་དང་གྲོགས་གཏམ་ཕྱི་ནས་བསྒྲགས་ན་སྙིང་བོ་ཡོད་དམ།

དེས་ན།  དུས་རྒྱུན་དུ་བར་ཐག་ཚད་དང་རན་པ་བྱོས།  ཤ་འདྲེས་ཁྲག་འདྲེས་ཀྱི་སྙིང་གཏམ་ཡང་འོས་ཤིང་འཚམ་པོ་ལོབས།

སྟོན་ཐོག་ལ་མ་ཐོན་ཡང་།  ཤི་ཐོག་རོ་ཐོག་ལ་ཐུག་དུས།  མ་བོས་མགྲོན་པོ་བཞིན་ཡོང་སྟེ།   སེམས་གསོ་སྙིང་དྲོ་ཡི་གཏམ་ལོབས་ལ།  སྒོར་རྡོག་འགའ་རེའང་སེར་སྣ་མེད་པར་ཐོངས།

འདས་ཟིན་པ་དང་ཤོར་ཚར་བའི་བྱ་བ་སྐོར་ཞིག་གི་དོན་དུ།  ཁྱོས་ནམ་རྒྱུན་མིག་གོང་ལ་མཆི་མ་བསྐྱིལ་ནས་མ་འདུག

བྱ་བ་སྐོར་ཞིག   འདོད་ཐོག་ལ་རྟ་རྒྱུག་པ་དང་འདོམས་ནང་ལ་འདོམས་འདྲེས་པ་ལྟ་བུའི་འགྲིག་མོ་འཕྲོད་མོ་ཞིག་ཡོང་དཀའ།

མཚམས་ལ་རེར།   མི་ཞིག་གི་ནུས་པ་ཆེ་ཤོས་ནི།  བྱ་བ་ཞིག་བསྒྲུབས་ནས་འགྲུབ་དགོས་པ་དེ་མ་ཡིན་པར།  མ་བསྒྲུབས་མ་འགྲུབ་པའི་ངང་ནས་ཤུལ་མེད་རོ་མེད་ཀྱིས་བརྗེད་ནུས་པ་དེ་ཡིན།

ཁྱོད་ལ་འོས་མེད་བཅའ་མཁན་གྱི་མི་ནི་ཐག་རིང་ན་མེད་པར།   ཉེ་འཁྲིས་ཀྱི་གྲོགས་དང་ཤ་ཉེ།  སྤུན་ཡ་ན་ཟླ།  སེམས་སོང་རྩེད་གྲོགས་དག་གི་ཁྲོད་དུ་མང་བོ་འབྱུང་སླ།

ཡང་དེ་ལས་ལྡོག་སྟེ།   ཁྱོད་ལ་སྙིང་ནས་དགའ་ཞིང་སེམས་ཀྱིས་གཉོར་མཁན་ནི།   ཐག་རིང་ཐག་རིང་གི   ཆ་མེད་རྒྱུས་མེད་དག་གི་ནང་ནའང་མང་བོ་ཡོད་སྲིད།

༡༠

ན་ཚ་འཇིགས་པོ་བྱུང་ནས། སྡུག་གི་ཆུ་ཡིས་སེམས་ཀྱི་རྩ་འདབ་འཁྲུད་ཅིང་། ངལ་བའི་རྡོ་ཡིས་སྙིང་གི་འཕར་རྩ་གནོན་དུས། ཁྱོད་ཀྱིས། ན་ཚ་མེད་པར་རྩ་ཆུ་འདོར་ཐུབ་པ་དང་། མགོ་བོ་ཉལ་ཐུལ་གྱིས་བཏུམ་ནས་མི་ཞིག་དྲན་ཆོག་པ་ཐམས་ཅད་བདེ་སྐྱིད་ཡིན་པ་ཤེས་སྲིད།

༡༡

མདང་ནུབ་ཡང་། ཁྱོད་ཡ་མཚན་རྒོད་ཅིང་། ཟོག་ཁྱུ་ལ་མི་འདུ་བའི་ཡ་རུ་ཁེར་རྒྱུག་ཅིག་དང་འདྲ་བར། རྨི་མལ་གྱི་ལྕགས་ར་ནས་ལྡིང་ཡོང་སྟེ། ངའི་ཆུ་ཐིགས་ཁུར་བའི་མེ་ཏོག་དང་རྩི་འགོ་ཚང་མ་ཟོས་སོང་།

ལག་འབོབ་རྐང་མགོར་སྐོན་པ་དང་། དོར་ཐུང་སྟོད་འགག་ཏུ་འཆུགས་པ་བཞིན། འདི་ནི། རྩ་བ་རྩད་པ་ནས་མི་འོས་མི་མཛའ་བ་ཞིག་ཡིན་པ་ངས་ཀྱང་ལོས་ཤེས་མོད། མཚམས་ལ་རེེར། འཇིག་རྟེན་སྣང་བ་ཟེར་ཡ་འདི་དེ་ལྟར། སྐོར་ལོག་གཅུ་ལོག་གི་འབྲུག་པ་ཀུན་ལེགས་དང་འདྲ་བས་བཀོད་པ་ཅི་ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།