དགེ་ཆོས་སྐམ་པོའི་གཅེར་བུ་དང་ཧོར་འཇིགས་དྲང་བསླུས་ཀྱི་སྒྲོ་འདོགས། ད་དུང་གཞན་དག

12333333333

 

 

མཁས་དབང་དགེ་ཆོས་ཀྱི་སྤྱོད་ལམ་ཐད་ནས། མང་མང་གིས་འཇིག་རྟེན་མི་འབྲེལ་གྱི་ཀུན་སྤྱོད་རྣམ་གཞག་གཏོར་ནས་སྤྱོད་འཆལ་ཚུལ་འཆལ་དུ་བཤད་པ་དེ་ཡང་། ཞིབ་ཏུ་བརྟག་ཚེ་ཏག་ཏག་བཙོན་གྲོལ་རྗེས་ནས་བྱུང་བ་མ་གཏོགས། ཡར་སྔོན་དུ་དེ་འདྲའི་བཤད་ཡམས་ཅི་རིགས་མེད་ཤས་ཆེ། གང་ལྟར་གཞི་འཛིན་ས་ཉག་གཅིག་ནི་ཀིརྟི་བློ་བཟང་བསྟན་འཛིན་གྱི་རབ་བྱེད་ཞབས་བཏགས་མ་རེད་ལ། དེར་སྐབས་དེའི་འབྲེལ་ཡོད་མི་སྣ་སྣ་ཚོགས་ལ་རྗེས་ནས་བཅར་འདྲི་བྱས་པ་ལས་ཐོར་བསགས་བྱས་པའི་དྲན་འཛིན་ངག་ཐོ་རེད། ངེད་ལྟར་ན། འདི་ནི་ཧ་ཅང་གི་གལ་ཆེན་ནང་གི་འགངས་ཆེན་དང་། རང་བློ་རང་སྤྱོད་གཅེར་བུར་མངོན་པའི་ངང་ཚུལ་ལ་ངོས་འཛིན་འདོད། དེ་འདྲའི་བག་ཉལ་འདུ་ཤེས་ཁོང་རང་ལ་སྔོན་མ་ནས་ཡོད་པར་འདོད་དེ། ཁོང་གི་སྙན་རྩོམ་མི་རྟག་དྲན་པའི་གསུང་མགུར་དུ། ཆེ་འདོད་རེ་བའི་གཞི་མ་མེ་ནང་དུ་བསྲེགས་ཤིང་།། མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ཏེ།། གང་དྲན་སེམས་རྗེས་འབྱུང་བ་སྨྱོན་པ་ཡི་སྤྱོད་པས།། ལྗོངས་དང་ལྗོངས་སུ་རྒྱུ་བའི་གུ་ཡངས་ཤིག་བྱུང་ན།། ཚུལ་གསུམ་རྟགས་ཀྱི་རྫོང་གོག་རྨེག་མེད་དུ་བཤིག་ཅིང་།། མཐའ་བརྒྱད་དམ་བཅའི་མདུད་པ་རང་ས་རུ་ཆད་དེ།། གང་ཤར་སྣང་བ་གཞི་མེད་རྩ་བྲལ་དུ་གོ་ནས།། ཞེ་བློ་གཏིང་ནས་བདེ་བའི་དགའ་སྤྲོ་ཞིག་བྱུང་ན།། སྟོང་བ་མཐའ་དབུས་མེད་པའི་འོད་གསལ་གྱི་དབྱིངས་སུ།། འཛིན་མེད་སེམས་ཀྱི་ངོ་བོ་རོ་གཅིག་ཏུ་ཐིམ་སྟེ།། རང་མྱོང་བརྗོད་དུ་མེད་པའི་ཟག་མེད་ཀྱི་བདེ་བ།། ཉིན་དང་མཚན་དུ་སྤྱོད་པའི་སྐལ་བ་ཞིག་བྱུང་ན།། ཞེས་སེམས་ཀྱི་རང་མྱོང་གང་ཉིད་སྙན་ཚིག་ལ་བསྟར་བས་ཀྱང་སྤྱོད་འཆལ་ཚུལ་འཆལ་ལ་རང་སྣང་ཙམ་པོ་བ་མ་ཡིན་པའི་རིགས་དཔྱོད་ཀྱི་གཏན་ཚིགས་དཔུང་བཅོལ་ཡོད་པ་ཧ་གོ་ངེས། སྐབས་དེར་ཁོང་གིས་འཇིག་རྟེན་མི་འབྲེལ་གྱི་འགྲོ་ལུགས་ཇི་ལྟར་སྣང་དོགས་མ་བྱས་ཀྱང་བླ་ཆེན་དཔོན་ཆེན་གྱི་དགེ་ཕྲུག་དང་སྐུ་དྲག་མི་དྲག་གི་སྐུ་སྲས་ཀྱིས་གང་འདོད་གང་ལས་ལྟར་མི་འཇོག་པར་ཟ་ཟུར་གང་རུང་ནས་གསུང་ཅི་འབྱོན་དང་ཁྲིད་གང་གནང་ལ་རེ་ཞིང་བསྙེག་ནས། དགེ་ཆོས་ཀྱི་རང་ཁྱིམ་སྟེ་བཞུགས་གནས་ལ་ཡང་གུ་ཡངས་མ་གནང་ཚེ། དགེ་ཆོས་ལ་རང་གི་གསང་བ་ཕྱིར་མངོན་པའི་རང་དབང་གི་གནས་ཤིག་གང་ན་ཡོད།

ལྷག་ཏུ། རང་གཞན་ཟེར་ནའང་འདྲ། སྒེར་གཞུང་ཟེར་ནའང་འདྲ། སོ་སོ་དབར་དུ་བཅས་མཚམས་གཏན་ནས་མེད་སོང་ཚེ། མི་ཚང་མ་ཅི་འདྲ་ཞིག་ཏུ་འགྱུར་བ་སུས་ཀྱང་ཤེས་གསལ་རེད། དཔེར་ན། འཇར་མན་གྱི་ཧི་ཐི་ལིར་གྱི་སྒེར་སྡོམ་འོག་གི་གཅིག་སྡུད་བཙོན་རྭ་ལྟ་བུ་དང་ཀྲུང་གོའི་གཞུང་དམངས་མཉམ་ལས་ཀྱི་དུས་སྐབས་ལྟ་བུའོ།། དེ་གཉིས་གང་གི་སྐབས་སུའང་སྒེར་དོན་གཞུང་དོན་གླེང་ས་མེད། ཐ་ན་འཇིག་རྟེན་འདིར་ཆེས་སྒེར་དབང་ཆེ་བའི་ཕོ་མོ་དབར་གྱི་འབྲེལ་བ་དེ་ཡང་སྤྱི་གཞུང་ཅན་དུ་བཏང་ཚེ། དེ་ལས་འཇིགས་ཡེར་ཞིང་དངངས་བ་ཞིག་གང་ན་མཆིས། འདི་ལྟར་ན། མ་གཞི་ནས་འགྲོ་མི་ལ་ཡོངས་ཁྱབ་ཏུ་མངའ་བར་བཞེད་པའི་རང་དབང་ཞེས་པ་གཏན་ནས་གླེང་ས་མེད་ལ་གཞི་གྲུབ་པའི་རྟེན་མེད། མི་ཡིས་གདོད་མ་ནས་རང་དབང་ལ་ལོངས་སུ་སྤྱད་ཡོད་པ་སྟེ། སྒེར་དབང་གི་ཁྱིམ་གཞི་ཞིག་སུ་དང་གང་གིས་ཀྱང་མ་བསྐུལ་བར་ཐོག་མ་ཉིད་ནས་ངང་གིས་གྲུབ་པ་རེད། དེ་བས། རང་ཁྱིམ་ནི་མི་ཞིག་ལ་མཚོན་ན་ཆེས་རང་དབང་གི་རང་དབང་དེ་གར་དུ་རོལ་ཆོག་ལ་གླུ་རུའང་བླངས་ཆོག་པའི་མལ་ས་དྲོན་མོ་རེད། གལ་ཏེ་འདི་ལ་སུས་ཕོག་ཐུག་བཏང་ཚེ། དེ་ནི་གཞན་གྱི་རང་དབང་ལ་རང་གིས་ཞེ་གནག་སྦྱོར་ངན་སྤེལ་བར་ངོས་འཛིན་པ་ལས་གང་ལ་ཡང་མི་བརྩི། དེ་ལྟར། ཕྱི་གླིང་བས། ངའི་ཁྱིམ་ལ་ཉི་འོད་འཕྲོས་ཆོག རླུང་བུ་རྒྱུ་ཆོག དེ་ལས་གཞན་པ་སུ་ཡང་གང་འདོད་ཀྱིས་འོང་མི་ཆོག ངའི་ཆོག་མཆན་མ་ཐོབ་པར། རྒྱལ་པོ་ཡིན་ནའང་ནང་དུ་ག་ལ་འོང་ཆོག ཟེར་བ་ལྟར་རང་ཁྱིམ་གྱི་གདན་ཐོབ་ནི་འགྲོ་མི་ལ་མཚོན་ན་བླ་ལྷག་གིས་གལ་ཆེའོ།། དེ་ལྟ་དེ་ལྟར། རང་ཁྱིམ་ལ་ངེས་ཤེས་གསལ་བོ་མ་འདྲོངས་བའི་དབང་གིས། དགེ་ཆོས་མཆོག་ལའང་ཉེས་དམོད་ངན་བཤད་སྣ་ཚོགས་སུ་བརྡོལ་བར་བསམ། དེ་ནི་རབ་བྱེད་ཞབས་བཏགས་མ་ལ་ཞིབ་ཀྱིས་བརྟག་ན་ཧ་གོ་ཡོང་། ཚང་མས་དགེ་ཆོས་ལགས་ཀྱི་རང་ཁྱིམ་གྱི་འགྲེང་འདུག་ཉལ་འཆག་གི་སྤྱོད་ལམ་སྐོར་གྱི་མཐོང་སྣང་འཕྲོས་བཤད་བྱེད་ཀྱིན་ཡོད་པ་ལས་མི་ཚང་གཞན་དང་ཕྱི་ཡུལ་ཕྱི་རོལ་གྱི་སྤྱོད་ལམ་མིན་པར་མཐོང་། དེ་བས། དོན་གྱིས་མི་སྣ་འདི་དག་གིས་དགེ་ཆོས་དེ་སྒེར་མི་ཞིག་གི་ཚད་ལ་མ་བཞག་པར་གཞུང་མི་སྤྱི་མ་ཞིག་གི་ཚད་ལ་བཞག་དྲགས་པས། དགེ་ཆོས་མི་སྒེར་གྱི་ཁེ་དབང་དང་རང་དབང་ག་ན་ཡོད། གཏན་ནས་ཡོད་མི་སྲིད། དགེ་ཆོས་ཀྱི་རབ་བྱེད་ཞབས་བཏགས་མ་རུ། ཐེངས་གཅིག་ང་ཚོའི་ཇོ་ལགས་ཀྱིས་འདི་འདྲ་ཞུས་སོང་། ཁྱེད་རང་མཁས་པ་ཆེན་པོ་རེད། འཇའ་ལེ་འཇོལ་ལེའི་བཟོ་འདྲ་བོས་གང་ཡོང་ན་བཟའ་གྲྭ་ཆས་ཤིག་མཆོད་ན་ཞུས་སོང་། དགེ་འདུན་ཆོས་འཕེལ་གྱིས་ངས་གྲྭ་ཆས་ཤིག་གྱོན་ན་འདྲ་ཆགས་པོ་ཞིག་ཡོང་གི་རེད་དེ། ངས་སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བསྐོར་རྩ་བ་ནས་གཏོང་གི་མིན། ངས་གྲྭ་ཆས་ཤིག་གྱོན་ནས་བླ་བརྫུ་འདྲ་ཞིག་དང་། སྔགས་བརྫུ་འདྲ་ཞིག་བྱས་ན་རེད། ངས་མི་ལ་མགོ་བསྐོར་བཏང་བ་དང་དེའི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བསྐོར་བཏང་ཡག་རྩ་བ་ཉིད་ནས་ཡོང་གི་མ་རེད་གསུངས་པ་རེད། ཁོང་དགོངས་པ་མ་རྫོགས་པར་འཇའ་ལེ་འཇོལ་ལེ་དེ་རང་བྱས་ནས་བཞུགས་པ་རེད། ན་བཟའ་ཕྱུ་བ་རང་རེད། ན་བཟའ་མཆོད་སྟངས་དེ་ཨ་མདོའི་མཆོད་སྟངས་དཔྱི་མགོའི་སྒང་དེར་ལྷག་གེ་ལྷག་གེ་ཞིག་གྱོན་པ་མི་ཡོང་བས་དེ་འདྲ་ཞིག་མཆོད་ནས་བཞུགས་ཀྱི་རེད། ༼རབ་བྱེད་ཞབས་བཏགས་མ། ཤོག་༩༢༽ འདི་ནི་དགེ་ཆོས་ཀྱི་སྤྱོད་ལམ་འཆལ་འཆོལ་མངོན་བྱེད་ཀྱི་གཞི་འཛིན་སའི་སེམས་གཏམ་དྲི་མ་དང་བྲལ་བ་རེད་ལགས།

གང་ལྟར་ཧོར་གཙང་འཇིགས་མེད་ཀྱི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞེས་པའི་དེབ་ཏུ། མི་དགའ་བའི་འཁང་མདོག་གང་འཚམ་ཞིག་བསྟན་ཡོད་དེ།

གཅིག གཞན་ཡང་"ཟ་རྒྱུ་རིག་ན་འཆི་རྒྱུ་མི་དྲན་"ཟེར་བ་ལྟར། བཙོན་གྲོལ་གྱི་རྗེས་ཐོག་ཏུ་རང་གི་གཟུགས་ཕུང་ནད་གཅོང་ཉམས་ཞན་དེ་འདྲ་ལ་ཐུག་ཀྱང་ཉག་རོང་ཟླ་བཟང་གི་ཆང་རག་གིས་བསླུ་བྲིད་ཐེབས་ཏེ་ཟུངས་ཤུགས་ཉམས་དམས་སུ་བཏང་བ་ནི། "ཁ་ཟ་མའི་དོན་ལ།། སྲོག་གཏའ་མར་བཞག། " ཟེར་བ་ལྟར་དང་། ཆང་རིན་ལྟ་བུར་"ཀླུ་སྒྲུབ་དགོངས་རྒྱན་"བྲིས་པ་དེ་ཁོང་གི་མི་ཚེའི་ནང་ནོར་འཁྲུལ་ཆེ་ཤོས་ཤིག་དང་། ཁོང་གི་གཤིས་ཀ་གྱོང་བ་ལས་"ལྟོགས་ན་ཕོར་བ་མི་ཟ་བ།། མགོ་ནག་མི་ཡི་ངང་ཚུལ་ཡིན།། ཟེར་བ་ལྟ་བུའི་རང་ཚུགས་བརྟན་པོ་མེད་པའི་དན་རྟགས་ཤིག་ཀྱང་ཡིན་ནོ།།

གཉིས། དགེ་ཆོས་ཀྱི་མི་ཚེའི་ནང་གི་དགའ་རོགས་བཙལ་བ་ཁག་ཏུའང་གཤིས་སྤྱོད་ཚད་ལྡན་ཞིག་ཕར་ཞོག ཆབ་མདོ་གཡུ་སྒྲོན་དང་བྱང་འབྲོག་དགེ་རྒྱས་ཀྱི་དེ་དག་ལ་བསམས་ཚེ་ཐ་ན་རྣམ་པ་མཛེས་ཤིང་སྐད་ཆ་གཙང་མ་བཤད་ཤེས་མཁན་ཞིག་ཀྱང་ཨེ་ཡོད་སྙམ་པའི་ཚོར་བ་སྟེར་སྟབས། ཨི་ཁུང་དམར་མོ་ཞིག་བྱུང་ཚེ་ཉར་རྐྱང་སྤྱོད་རྐྱང་བྱེད་པ་སྟེ། མོ་དད་ཆེ་དྲགས་པའི་སྐྱོན་ཞིག་ཀྱང་རང་ཤུགས་ཀྱིས་མཐོང་ཐུབ།

གསུམ། ནམ་རྒྱུན་ནང་དུ་ཀམ་པ་ལི་ཞིག་ལས་ནང་གོས་གང་ཡང་མི་གྱོན་པར་དམར་ཧྲེང་དུ་སྡོད་ཟེར་བ་དེ་ཡང་སྤྱོད་ལམ་མཛེས་པོ་ཞིག་ག་ནས་ཡིན་ཏེ། མིའི་སྤྱི་ཚོགས་ཀྱི་མི་གྲལ་དུ་བསྡད་ཡོད་སྟབས་ཁོང་སྒྱུ་རྩལ་བ་དང་། མཚན་ཉིད་པ། དབང་རྣོན་རྟོགས་ལྡན་གང་ཞིག་ཡིན་རུང་དཔེ་ཁྲིད་ཞུ་མཁན་དགེ་ཕྲུག་རྣམས་དང་མགྲོན་པོ་གལ་ཆེན་འདྲ་སླེབས་སྐབས་གཅེར་བུ་དམར་རྗེན་དུ་དེ་དག་མདུན་ནས་འགྲོ་སྡོད་བྱེད་རྒྱུ་དེར་གལ་སྲིད་རང་ཉིད་ངོ་མི་ཚ་བའི་དབང་དུ་བཏང་ཡང་མི་གཞན་ཚོར་སྡོད་སྟབས་བདེ་བོ་ཞིག་ཡིན་མི་སྲིད།༼ཧོར་གཙང་འཇིགས་མེད་ཀྱི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ། ཤོག་༡༩༩་ནས་༢༠༠་བར་༽

གོང་གི་ཕྱོགས་གསུམ་ནས་ཧོར་གཙང་འཇིགས་མེད་ནས་དགེ་ཆོས་ཉིད་ཀྱི་སྤྱོད་འཆལ་ཚུལ་འཆལ་ལ་དཔེར་དགོད་ལུངས་འདྲེན་གྱིས་རིགས་པ་ཆུ་ཐུབ་ལྟར་བསྒྲུབས་ཡོད་རུང་། ཞིབ་ཏུ་བརྟག་ཚེ་རིགས་ལམ་འདིའང་ཡིད་རྟོན་འཕེར་བའི་གནས་སུ་འཛིན་དཀའ་བར་འདུག རྒྱུ་མཚན། གོང་གི་གཅིག་དེའི་ཚིག་སྒྲོས་ཚིག་བབས་ལ་བརྟག་ན། དགེ་ཆོས་ནས་ཨ་རག་བཞེས་པ་ནི་བཙོན་གྲོལ་རྗེས་ལ་མ་གཏོགས་བཙོན་བཟུང་གི་སྐབས་སུ་མིན་པ་ལྟ་བུའི་ཚོར་བ་ཆེ། དེས་ན། བཙོན་གྱི་ཉེས་མེད་ཉེས་འདོགས་དང་རྐྱེན་གཞན་གྱི་མནར་སྡུག་མ་བཟོད་པར་སྡུག་མགོ་ཆང་གིས་གནོན་ཆེད་བཞེས་པར་གྲགས་པ་གང་ལ་སོང་། ཡང་ཨ་རག་ནི་བཙོན་འཇུག་གི་སྐབས་ནས་བཞེས་པར་གྲགས་པའི་བཤད་ལུགས་དང་འགལ་ཡོད། གཉིས་དེ་ལ་དགེ་ཆོས་ཁོང་གི་བརྩམས་ཆོས་དང་ཉམས་རྟོགས་ཟུང་འབྲེལ་གྱིས་ཉམས་ཞིབ་མ་བྱས་པའི་སྐྱོན་རེད། དེ་ནི་ངེད་ནས་སྔ་མོ་ནས་བཤད་པ་ལྟར་དགེ་ཆོས་ཁ་ཁར་ཕྲལ་ནས་ཞིབ་འཇུག་བྱས་པའི་ངན་འབྲས་རེད། གལ་ཏེ་འདོད་བསྟན་ཀློག་གོམས་ཀྱི་སེམས་མྱོང་བློ་དཔྱད་སྔོན་དུ་སོང་ཡོད་ཚེ། མོ་དད་འདི་ལ་དེ་འདྲའི་མཚར་མདོག་སྟོན་དགོས་དོན་མེད་དེ། འདོད་པ་ནི་སུས་ཀྱང་འགོག་མི་ཐུབ་པའི་མིའི་རང་བྱུང་ལྷན་སྐྱེས་ཀྱི་གཉུག་གཤིས་ཡིན་པར་དགོངས་པ་ནི་འདོད་བསྟན་ན་ཤོག་བུ་སྣུམ་གྱིས་སིམས་པ་ལྟར་འདུག ལྷག་ཏུ་བུད་མེད་ལ་རྩིས་ཐང་སྤྲད་དེ་མཐོང་ཆེན་བྱེད་དགོས་པར་དགོངས་པ་ནི་འདོད་བསྟན་གྱི་ཉིང་དགོས་ཡིན་པ་ལ་དེ་ལས་ཀྱང་གོ་བ་ལོན་ན་འགྲིག་སྙམ། ཨི་ཁུང་དམར་མོ་བྱུང་ཚེ་ཉར་རྐྱང་སྤྱོད་རྐྱང་བྱེད་ཟེར་བ་ནི་ཐལ་དྲགས་པའི་གཏམ་ཡིན་པ་མ་ཟད། སྒྲོ་འདོགས་ཆེ་བར་ཡང་བསམ། ངོ་མ་དགེ་ཆོས་ཀྱི་གནས་ཚུལ་དངོས་ལ་བསམ་བློ་ཐོངས་ནི་ཞིག་ཡིན་ན། འདི་འདྲ་ཞིག་མི་སྲིད་པ་ཁས་ལེན་ཡོད་ངེས་ཏེ། གང་རེད་ཅེ་ན། དགེ་ཆོས་བཙོན་གྲོལ་འཐོབ་རྗེས་ཉིན་རྒྱུན་དུ། ཨ་རག་བཞེས་པར་བཤད་པ་མ་ཡིན་ནམ། དེ་ལྟར་ན། ཨ་རག་བཞེས་སྟོབས་ཆེ་དྲགས་ན། ལུས་པོའི་ཟུངས་ཟད་ཅིང་ཕོ་མཚན་ལ་རང་བཞིན་གྱིས་སྟོབས་མེད་པར་གྱུར་བ་ཡང་སུས་མི་ཤེས། འདི་ལ་རབ་བྱེད་ཞབས་བཏགས་མ་རུ། ཨ་རག་མེད་ན་མགོ་ཡང་འདར། ལག་པ་ཡང་འདར་གྱི་རེད། ཡིན་ཅིག་མིན་ཅིག་ཨ་རག་འཁྱེར་ཤོག་གསུང་གི་རེད། ༼རབ་བྱེད་ཞབས་བཏགས་མ། ཤོག་༢༠༣༽ ཟེར་བ་ལ་ཅི་ལྟར་གོ་བ་ལེན། གསུམ་དེས་སྤྱི་ཚོགས་ཀྱི་ཕྱི་ནང་མ་ཕྱེ་བ་དང་། སྒེར་གཞུང་གི་དབྱེ་མཚམས་མ་ཕྱེ་བ། ཡང་ན་རང་ཁྱིམ་ནི་མི་སུ་ལ་མཚོན་ནའང་རང་དབང་མཐར་ཆགས་སུ་མངོན་གནས་ཡིན་པར་བསམ་བློ་མ་བཏང་བའི་དབང་གིས། དགེ་ཆོས་ཉིད་སྤྱི་གཞུང་སྤྱི་མ་རུ་བཏང་འདུག་པ་རེད།

གང་ལྟར། གང་མང་ཐལ་ཡོད་པ་ནི་ཧོར་གཙང་རང་ཉིད་ཀྱི་བློ་རྟོག་དང་སྤྱི་ཚོགས་འགྲོ་ལུགས་ཀྱི་ཀུན་སྤྱོད་ཉིད་རྒྱ་མར་བཞག་སྟེ་ཚད་འཇལ་བྱས་ཡོད་པའི་འཁྲུལ་སྐྱོན་དང་གཅིག ཡང་དགེ་ཆོས་ཀྱི་བརྩམས་ཆོས་དང་མྱོང་རྟོགས་སྔ་ཕྱི་ཁ་ཁར་ཕྲལ་ནས་བལྟས་པའི་ཞད་སྐྱོན་དང་གཉིས། དགེ་ཆོས་ཀྱི་བཙོན་གྲོལ་རྗེས་ནས་རང་དབང་གདགས་གཞི་རུ་གྲུབ་པའི་སྒེར་དབང་རང་ཁྱིམ་དེ་ཁས་ལེན་མ་བྱས་པའི་བསྲེས་སྐྱོན་དང་གསུམ་བཅས་ཀྱིས་དགེ་ཆོས་རྣལ་མ་ལས་རྒྱང་ཐག་གིས་ཆོད་ཡོད་པར་བསམ། རང་ལུགས་རང་སྤྱོད་གཅེར་བུ་མངོན་ལུགས་འདི་ལ་ཇི་ལྟར་ཡང་དག་གིས་བལྟ་མ་ཐུབ་དབར་དུ། སྤྱིར་བཏང་ཀུན་སྤྱོད་ལུགས་ཀྱི་སྟངས་འཛིན་ལས་ཐར་མི་ཐུབ་པའི་ཀུན་བྱིངས་ཀྱི་དཔུང་མངོན་དེ་ལྟར་ཆེ་སྲིད་པ་རེད།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།1

དཔྱད་མཆན་སྤེལ།