མི་རིགས་ཀྱི་བརྩེ་དུང་དང་ཆོས་གཞུང་གི་དད་པ།

 

01

 

རྣོ་སྦྲེང་།

བཤད་རྒྱུན་ལ། ཁ་སང་དེ་རིང་གི་དུས་སྐབས་འདིར་སྨྱན་བྱེད་ཀྱི་ནུས་པ་མེ་མདའ་ལས་རབ་ཏུ་འཕགས་ཡོད་ཟེར། བདེན་པ་འདྲ་སྟེ། དཀར་ནག་སྤྱི་ཚོགས་ཀྱི་སོ་མཚམས་ནས་མེ་མདའ་ལ་མི་སྐྲག་པའི་དཔོན་རིགས་མང་པོ་ཡང་སྨྱན་བྱེད་ལ་སྐྲག་ཅིང་འདར་བར་བྱེད། གཡོལ་ཞིང་དོགས་པར་བྱེད། སྤ་འཁུམ་པར་བྱེད། བག་ཞུམ་པར་བྱེད། 

དེ་ནི། སྨྱན་བྱེད་ཀྱིས་བལྟས་བལྟས་རིག་རིག་ལ། ཉིན་མ་དཀར་ངོགས་སུ་གང་དེའི་དེ་ཉིད་རྗེན་པོར་ཕུད་ཐུབ་པས་ལོས་ཡིན། དེ་ནི། སྨྱན་བྱེད་ཀྱིས་བསམ་དབང་དྲན་དབང་མེད་པར། དུས་ཚོད་སྐར་ཆ་ཁ་ཤས་ཀྱི་ནང་ལ་གང་དེའི་ནང་རྫོང་འཛམ་གླིང་གི་མི་རྣམས་ཀྱི་མིག་ལམ་དུ་བསྟར་ཐུབ་པས་མིན་ནམ།

དེ་བཞིན་དུ། པོད་འཕྲིན་དང་སྐད་འཕྲིན་དར་བ་ནས། བོད་མི་མང་པོ་ཡང་བརྡ་འཕྲིན་ལ་ཁ་ཕྱོགས་ཏེ་སྣ་སྒོ་མོའི་དོན་དག་ཆེ་མ་ཆུང་གསུམ་ དྲ་ཐོག་ལ་འདོན་སྤེལ་བྱེད་རྒྱུར་གོམས་ལོབས་བྱུང་དང་འབྱུང་གི་ཡོད་ལ། གོ་རིམ་དེའི་ཁྲོད་དུ་བདག་གི་ཁེ་དབང་དང་ཐོབ་ཐང་རྩོད་པའི་ཚ་རླབས་འདྲ་ཞིག་ཀྱང་འཕྱུར་དང་འཕྱུར་བཞིན་ཡོད། དེ་ལ་རིགས་མང་པོ་ཡོད་མོད། མ་གྲོས་གཅིག་མཐུན་གྱིས་ཀུན་པོས་ཁ་རུབ་ལག་རུབ་བྱེད་པ་ནི། གང་ཞིག་གིས་མི་རིགས་ཀྱི་བརྩེ་དུང་ངམ་དུངས་ཞེན་ལ་གནོད་པའི་ལས་བྱས་པ་དེ་རེད། དཔེར་ན། ད་ལོའི་བརྙན་འཕྲིན་ཟློས་གར་བོད་ལྗོངས་ཀྱི་གསང་བའི་དོན་རྐྱེན་དང་། སཱ་ཐིན་ཐིན་གྱི་གྱོན་ཆས་ཀྱི་དོན་རྐྱེན། ལྷམ་གྱི་སྟེང་དུ་སྟོན་སྐུ་བཞག་པའི་དོན་རྐྱེན། རི་དྭགས་གསོད་མཁན་ཁྲིམས་ལ་སྦྱར་བའི་དོན་རྐྱེན། དགོན་པ་དང་ལྷ་སྐུ་རོལ་རྩེད་བྱས་པའི་དོན་རྐྱེན་སོགས་ཀྱིས་མཚོན། 

 འོ་ན་ཅི་ཞིག་ལ་མི་རིགས་ཀྱི་བརྩེ་དུང་ཟེར་ཞེ་ན། ཕུན་དབང་གིས་མཛད་པའི་མར་ཁི་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར་ལས་མི་ རིགས་བརྩེ་དུང་ཞེས་པར། སྤྱིར་བཏང་གི་མི་རིགས་བརྩེ་དུང་རང་གི་མི་རིགས་ལ་དགའ་ཞིང་བློ་དཀར་བའི་བསམ་ བློ་ལ་ཟེར། རང་གི་མི་རིགས་འཚོ་སྡོད་བྱེད་སའི་གནས་དང་རི་ཆུར་དགའ་བ་དང་། རང་མི་རིགས་ཀྱི་ཡུན་རིང་བའི་ལོ་རྒྱུས་དང་གཟི་འོད་འཕྲོ་བའི་རིག་གནས། སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་བཟང་པོར་དགའ་བ། ད་དུང་སེམས་གཏིང་ན་རླབས་བཞིན་འཕྱུར་བའི་མི་རིགས་ལ་རྒྱ་དང་རང་བཀུར་བསམ་པ་སོགས། འདི་ནི་མི་རབས་བརྒྱུད་དེ་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་ཆགས་ཤིང་ སྲ་མཐུས་སུ་གྱུར་བའི་བརྩེ་དུང་ཞིག་ཡིན་ལ། མི་རིགས་བརྩེ་དུང་ཁྲོད་ཀྱི་རིན་པོ་ཆེ་ལྟ་བུར་སྣང་བས་སུས་ཀྱང་རྡོག་རྫིས་བཏང་མི་ཆོག་པ་ཞིག་ཡིན། ཞེས་གསུངས་པ་ནང་བཞིན། གོང་དུ་ཀུན་པོས་ཁ་རུབ་ལག་རུབ་བྱས་ཏེ་གླེང་གཞི་བཟོ་བའི་དོན་དག་འདི་དག་གིས་ ཀྱང་མི་རིགས་ཤིག་གི་གོམས་སྲོལ་དུ་གྱུར་བའི་བརྩེ་དུང་ལ་ཕོག་ཐུག་བཟོས་པ་ཡིན་ལ། ཆུང་ཆུང་བྱིས་པའི་དུས་ནས་རང་ལ་གོམས་ལོབས་སུ་སོང་བའི་དུངས་ཞེན་ལ་ཕོག་ཐུག་བཟོས་པས། བོད་ཀྱི་སྐད་ཡིག་དང་རིག་གནས། ཆོས་ལུགས་ཤེས་མིན་ཚང་མས་རྡུང་ཞིང་རྒོལ་བ་རེད། དེ་ནི་ཕྱོགས་གཅིག་ནས་བཤད་ན། རང་གི་ཐོབ་ཐང་སྲུང་བའི་འདུ་ཤེས་དང་། སྤྱི་ཚོགས་ཀྱི་ལས་སྒོ་སོ་སོར་རང་སྟོབས་ཀྱིས་ཞུགས་ཤིང་འཇུག་པའི་སྤྱི་དམངས་ཤིག་ཆགས་པའི་སྔ་ལྟོས་ཡིན་པས་དགའ་འོས་པའི་གནས་ཤིག་རེད།

ཡང་ཕྱོགས་གཞན་ཞིག་ནས་བཤད་ན། པོད་འཕྲིན་དང་སྐད་འཕྲིན་གྱི་སྒང་ན་ཉིན་མཚན་ཀུན་ཏུ་ཉལ་བའི་སྤུན་ཟླ་མང་པོ་ ཞིག་གིས་གཞན་གྱིས་ཆོས་ལུགས་ལག་ཆ་དང་རྩེད་ཆས་སུ་བྱས་པ་ལ་དུངས་ཞེན་ནམ་བརྩེ་དུང་གི་ངོས་ནས་དམོད་པ་ལས། རང་རང་སོ་སོས་སྐད་ཡིག་དང་རིག་གནས་ལ་སློབ་སྦྱོང་མི་བྱེད། ཆོས་ལུགས་དང་དད་པ་སོགས་ལ་དབྱེ་ཞིབ་ཅི་ཡང་མེད་པར། ཁྲག་རྒྱུན་བོད་རིགས་ཡིན་ཞིང་བོད་ཡིག་བོད་སྐད་མི་ཤེས་པ་དང་། བོད་ཀྱི་རིག་གནས་དང་ཆོས་ལུགས་ལ་རྒྱུས་ལོན་སྤུ་ཙམ་ཡང་མེད་པའི་བོད་མི་ཚུན་ཆད་ཀྱིས་ང་ཚོ་ནི་དད་པ་ཡོད་པའི་མི་རིགས་ཤིག་ཡིན་ཞེས་འུར་ཞིང་སྤུར་བ་དེ་ནི་གོང་གི་དེ་དག་ལས་ཀྱང་ཆེས་ཆེ་བའི་ཉེན་ཁ་ཞིག་ཏུ་ཅི་ནས་ཀྱང་འདོད། 
 
 རྒྱུ་མཚན་གང་གིས་ཞེ་ན། བོད་མི་མང་པོ་ཞིག་གིས་ལབ་བཞིན་པའི་དད་པ་ནི་ཁ་ཡི་དད་པ་ཙམ་ཡིན། མདོར་དེད་ན་དགའ་བ་ཙམ་དང་དུངས་པ་ཙམ་ཡིན་པ་མ་གཏོགས་དད་པ་ཟེར་བ་དང་དད་ཡུལ་མཆོག་གསུམ་གྱི་ངོ་བོ་ལ་རྒྱུས་ལོན་དང་དབྱེ་ཞིབ་བྱས་ཡོད་མཁན་ཤིན་ཏུ་ནས་ཉུང་། དཀོན་མཆོག་གསུམ་ལ་མཆོད་ཅིང་དད་པ་ཡོད་ཟེར་བའི་བོད་མི་མང་པོ་ཞིག་གིས་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་གསུམ་གྱི་མཚན་ཉིད་དམ་ངོ་བོ་ཤེས་མཁན་ག་ཚོད་ཡོད་སྲིད་དམ། དེ་ལ་ཆོས་གཞུང་ནས་བཤད་པའི་རྣམ་པ་བཞི་ལྡན་གྱི་དད་པ་འཇོག་ལུགས་ག་འདྲ་ཡིན་མིན་ཤེས་མཁན་ག་ཚོད་ཡོད་དམ།

དེ་ལྟར་སྐྱབས་ཡུལ་རབ་རིབ་དང་མག་མོག་ཡིན་ལ། སྐྱབས་སུ་འགྲོ་བྱེད་ཀྱི་དད་པའི་རང་ལྡོག་ལ་རྨོངས་པའི་མི་དག་གིས་གཞན་ལ་དད་པ་ ཡོད་མེད་གླེང་དུས། དངོས་གནས་བཤད་ན་ངས་ཅི་ཞིག་གླེང་དགོས་པ་ཤེས་མ་སོང་། 

 འདིར་ཁོ་བོས་ནི་དད་པའི་ངོ་བོ་མ་ཤེས་པར་དད་པ་ཡོད་ཅེས་གནམ་ལྡང་ས་ལྡིང་བྱེད་མཁན་སྐོར་ཞིག་ལ་ཆོས་གཞུང་ནས་བཤད་པའི་དད་པ་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ངེས་པར་དུ་ངོ་སྤྲོད་རགས་ཙམ་བཤད་འདོད་དེ། ཇི་སྐད་དུ། འཕགས་པ་རྒྱ་ཆེར་རོལ་བ་ལས། བཀའ་སྩལ་པ། ཀུན་དགའ་བོ། དད་པ་ལ་སྦྱོར་བར་གྱིས་ཤིག འདི་ནི་དེ་བཞིན་གཤེགས་པའི་གསོལ་བ་འདེབས་པའོ་ཞེས་གསུངས།

 འོ་ན་དད་པ་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་མཛད་པའི་ཐར་རྒྱན་ལས། དེ་ལྟར་ཡང་ཆོས་མངོན་པ་ལས། དད་པ་གང་ཞེ་ན། ལས་དང་འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་ངེས་པར་དུ་ཡིད་ཆེས་པ་དང་། འདོད་པ་དང་། སེམས་དང་བའོ།། ཞེས་གསུངས་སོ།།

 ཡང་རིན་ཆེན་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་།། རྨོངས་པ་གང་ཞིག་ཆོས་མི་འདའ།། དེ་ནི་དད་པ་ཅན་ཞེས་བྱ།། ངེས་པར་ལེགས་པའི་སྣོད་མཆོག་ཡིན།། ཞེས་གསུངས་ཏེ། 
 དེ་ལ་འདུན་པས་ཆོས་ལུགས་མི་འདའ་བ་ནི། འདོད་ཆགས་ཀྱི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་ན་རེ། ཁྱེད་ལ་ཟས་ནོར་རམ། བུད་མེད་དམ། རྒྱལ་སྲིད་ལ་སོགས་པའི་བྱ་དགའ་ཆེན་པོ་སྟེར་གྱི་ཆོས་ཐོངས་ཟེར་ཡང་མི་གཏོང་ བའོ།། 

 ཞེ་སྡང་གིས་ཆོས་ལས་མི་འདའ་བ་ནི། ཁོང་ཁྲོ་བའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་གཞན་ཞིག་གིས་བདག་ལ་སྔར་ཡང་གནོད་པ་ཆེན་པོ་བྱས་ལ། ད་རུང་ཡང་གནོད་པ་ཆེན་པོ་གང་རུང་བྱུང་ཡང་ཆོས་མི་གཏོང་བའོ།། 
 འཇིགས་པས་ཆོས་ལས་མི་འདའ་བ་ནི། བྲེད་པའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དཔེར་ན་འགའ་ཞིག་ན་རེ། ཁྱོད་ཆོས་མི་གཏོང་ན་དཔའ་བོའི་སུམ་བརྒྱ་བཀྲལ་ནས། ཉིན་རེ་བཞིན་ཁྱོད་ཀྱི་ལུས་ལ་ཤ་སྲང་ལྔ་ལྔ་གཅོད་ཟེར་ཡང་ཆོས་མི་གཏོང་བའོ།། 

 རྨོངས་པའི་ཆོས་ལས་མི་འདའ་བ་ནི། མི་ཤེས་པའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། ལས་མི་བདེན། འབྲས་བུ་མི་བདེན། དཀོན་མཆོག་གསུམ་མི་བདེན། ཁྱོད་ཚོས་བྱས་ན་ཅི་བྱེད། ཆོས་ཞོག་ཟེར་ཡང་ཆོས་མི་གཏོང་བའོ། དེ་ལྟར་རྣམ་པ་བཞི་དང་ལྡན་པ་དེ་དད་པ་ཅན་ཡིན། ཞེས་གསུངས་པ་བཞིན་ལགས་ན། ང་ཚོས་དད་པ་ཞེས་པ་དེ་མི་རང་རང་སྟེང་ན་ཡོད་མེད་ལག་པ་བྲང་ལ་བཞག་ནས་འདང་རྒྱག་དགོས་རྒྱུ་རེད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་རང་ཉིད་ལ་རྣམ་པ་བཞི་ལྡན་གྱི་དད་པ་དེ་ཡོད་མེད་ལམ་སེང་ཧ་གོ་ཡོང་གི་རེད། འདས་མ་ད་གསུམ་གྱི་བོད་མི་རིགས་ཀྱི་གནས་བབ་དང་ལོ་རྒྱུས་ལ་གང་ལ་བལྟས་ཀྱང་། རྣམ་པ་བཞི་ལྡན་གྱི་དད་པ་འདི་བསྲུང་ཐུབ་ཀྱིན་མེད་པའི་བོད་མི་ནི་བགྲང་ལས་འདས། དེ་བས་ང་ཚོས་ལན་རེར་དད་པ་ལག་ཆར་བྱས་ཏེ་འདང་རྒྱག་སྤུ་ཙམ་ཡང་མེད་པར་གཞན་ལ་ཁ་གཏོང་བ་ལས། རང་ཉིད་ནས་མགོ་བཟུང་སྟེ་མི་རིགས་རང་གི་སྐད་ཡིག་དང་རིག་གནས། ཆོས་ལུགས་སོགས་ལ་སློབ་སྦྱོང་དང་དབྱེ་ཞིབ་རེ་བྱེད་རྒྱུ་ཡང་ཤིན་ཏུ་གལ་ཆེ་བར་སྙམ། 

 སྤྱིར་ན་བྱ་དངོས་གཅིག་ལ་ངོས་དང་ཟུར་མང་པོའི་ཐད་ནས་ལྟ་སྟངས་ཡོད་རེད། དགེ་ཕན་གྱིས་ཕྱུག་ཚེ་ངོས་དང་ཟུར་མང་པོའི་ཐད་ནས་གང་ལ་གང་འཚམ་དེ་ལ་དེར་སྟོན་གྱིས་བལྟས་ན་དམིགས་བསལ་བྱིན་ན་མི་ཆོག་པ་ཆེར་མེད། འོན་ཀྱང་ང་ཚོས་ནམ་ཡང་རིག་གནས་རང་ལྡོག་གམ་རང་ངོས་ནས་ལེགས་ཉེས་ཤན་སྟོབས་འབྱེད་པ་དང་། བདེན་རྫུན་གྱི་དཀར་ནག་འབྱེད་རྒྱུ་དེ་ལས་ཀྱང་འགངས་ཆེ་བར་སྙམ།

དཔེར་ན་ས་ཐིན་ཐིན་གྱིས་སྟེང་ན་སྟོན་པ་ཡོད་པའི་ལྭ་རིང་གྱོན་པ་ལྟ་བུ་རེད། མི་རིགས་ཤིག་གི་བརྩེ་དུང་གི་ངོས་ཐད་ནས་བཤད་ན་དེ་འགྲིག་ཡོད་པ་མ་རེད། ཡར་ལ་མཆོད་ཅིང་འཇོག་པའི་གོམས་སྲོལ་ལམ་དུངས་ཞེན་གྱིས་དང་ལེན་བྱེད་ཐུབ་པ་མ་ རེད། དེ་དང་ལེན་བྱེད་མ་ཐུབ་ཀྱང་རྒྱུན་ལྡན་རེད་མོད། དེ་ནི་ཆོས་ལུགས་ལ་དམའ་ཕབ་པ་དང་མ་དགའ་བ། ཡང་ན་དད་མོས་མེད་པ་སོགས་ལ་ཁ་གཡར་ནས་དད་པ་དེ་མི་རིགས་ཀྱི་བརྩེ་དུང་གི་ལག་ཆ་རུ་བྱས་ན་ཡག་པོ་མི་འདུག ཆོས་ལུགས་ཀྱི་ངོས་ནས་བཤད་ན་སྟོན་པའི་སྐུ་འདྲ་ཞིག་ལུས་སྟེང་ལ་གྱོན་ན་དེར་གནོད་པ་དང་ཉེས་པ་ཅང་ཡོད་པ་མ་རེད། སངས་ཆོས་ཀྱིས་སངས་རྒྱས་མེད་པའི་ས་ཕྱོགས་མེད་དེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས་ཟེར་བ་རེད། དེ་ཁ་སྐད་ཀྱིས་བཤད་ན་རྡུལ་ཕྲ་རབ་རེ་རེའི་སྟེང་ན་སངས་རྒྱས་རེ་རེ་བཞུགས་ཞེས་པའི་དོན་རེད། དེ་ལྟར་ཆོས་གྲྭ་ཁག་ན་རྩོད་རྒྱུན་ཡང་ཡོད་རེད། དེའི་ཕྱིར། ཆོས་ལུགས་ལ་དད་པ་ཡོད་མིན་ནི་སེམས་ཀྱི་སྟེང་ནས་འཇོག་དགོས་པ་ལས། ཕྱིའི་དགོན་པ་ལྷ་ཁང་གི་མང་ཉུང་། རྟེན་བཞེངས་ཀྱི་རྒྱུ་ཆ་སོགས་ཀྱི་སྟེང་ན་མེད་པར་རིན་པོ་ཆེ་ཚང་གིས་ཀྱང་རྒྱུན་དུ་གསུང་བཞིན་ཡོད་པ་མིན་ནམ། དེ་བས་འོ་སྐོལ་གྱི་སྡེས་དད་པ་དད་པ་ཟེར་བ་ཡང་དགའ་བ་ཙམ་དང་མོས་པ་ཙམ། ཡིད་ཆེས་ཙམ་ལ་རྟེན་གཞི་བྱས་ནས་ཡར་དཀོན་མཆོག་ལ་མཆོད་བཀུར་བསྙེན་བྱམས་བྱེད་པ་ལས། ཆོས་ལུགས་ཀྱི་ངོ་བོ་དང་རིན་ཐང་སོགས་ལ་ཤེས་ནས་མཆོད་བཀུར་བྱེད་མཁན་ཤིན་ཏུ་ཉུང་།

སྟོན་པ་ཤཱཀྱ་ཐུབ་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་ཡོད་ནའང་། རང་རེའི་ཆོས་ལྡན་གྱི་ཞིང་ཁམས། དད་པའི་བདག་ཉིད་ཅན་རྣམས་ཀྱིས་དམ་པའི་ཆོས་ལ་མ་བརྟག་མ་དཔྱད་མ་མ་བརྡར་བར་མིག་བཙུམ་ནས་རིག་རིག་ཀུན་ལ་ཐོད་པ་གཏུགས་རྐྱང་བྱེད། ཕྱག་འཚལ་རྐྱང་བྱེད། དེ་བཞིན་དུ་ཆོས་ལུགས་མི་ཤེས་ཀྱང་ཆོས་ལུགས་ལ་དད་པ་ཡོད་ཟེར། དད་པ་ཟེར་བ་ག་འདྲ་ཞིག་ཡིན་མིན་ཧ་མི་གོ་ཡང་དད་པ་མི་འདུག་ཟེར་མཁན་དག་ཧ་ལམ་ཐན་དུ་ལྟ། དེ་ལྟར་མི་རིགས་དང་ཆོས་ལུགས་དང་དད་པ་གསུམ་གྱི་བར་ལ་བཤད་མི་ཤེས་པའི་འབྲེལ་བ་ཞིག་གྲུབ་ཅིང་། མི་རིགས་དང་ཆོས་ལུགས་དང་དད་པ་གསུམ་གྱི་འབྲེལ་བའི་བར་ལ་ཆབ་སྲིད་ཀྱི་ལག་ཟུང་བསྲིངས་བས། མི་རིགས་དང་ཆོས་ལུགས་དང་དད་པ་གསུམ་བར་གྱི་འབྲེལ་བ་དེ་ལས་ཀྱང་ཉོག་འཛིང་ཅན་ཞིག་ཏུ་བསྒྱུར་ཡོད། 

 སྤྱིར་བཏང་ཆོས་ལུགས་དང་དད་པ་ནི་ཆོས་ལུགས་དང་དད་པ་རང་ཡིན་པས་ཆབ་སྲིད་ལ་འབྲེལ་བ་མེད་ན་ཡང་། སེམས་ཅན་ཐམས་ཅད་ཀྱི་བདེ་དོན་གཙོ་སྙིང་དུ་འཛིན་པའི་ཆོས་ལུགས་ལ་གང་ཟག་ཅིག་དང་ མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གིས་བདག་དབང་བྱེད་རྒྱུའི་སྒེར་སེམས་སོགས་ཁེ་ཕན་གང་དུ་ཡོད་ན་དེ་རུང་གློག་དམར་འཁྱུག་འཁྱུག་བྱེད་པའི་བསམ་བློ་ནི་ཆོས་ལུགས་རང་ སྟེང་གི་སྒེར་གཅོད་མ་ཡིན་པར་གང་དེའི་ཆབ་སྲིད་ཀྱི་བསམ་བློ་ལས་བྱུང་བས། རང་གཞན་སུས་ཀྱང་ཆོས་སྲིད་ཟུང་འབྲེལ་མི་རུང་བའི་དགོས་ཕན་རྒྱ་ཆེར་གླེང་ན་ཡང་། རང་གཞན་སུས་ཀྱང་ཆོས་སྲིད་ཀྱི་སྐྱ་འཐབ་པའི་སྤྱི་ཚོགས་ཤིག་གི་པང་ནས་ཀུ་ཅོ་འདོན་གྱིན་ཡོད་པ་ལས། ཆོས་སྲིད་སོ་སོའི་རང་ལྡོག་གི་ལམ་བུ་ལ་ཞུགས་མཁན་ཧ་ཅང་དཀོན་ལ། དེ་ལས་ཀྱང་མི་རིགས་ཀྱི་བརྩེ་དུང་དང་ཆོས་གཞུང་གི་དད་པ་གཉིས་ལ་དབྱེ་ཞིབ་ཨེན་ ཙམ་ཡང་མེད་པར་ཉ་ཉོག་བསྲེས་ནས་ནམ་ནམ་ཞར་ཞར་གླེང་།

མཐར་འདིར་དད་པ་དང་དག་སྣང་གིས་བཟི་འགྲོ་ཟེར་མཁན་དག་ལ་དཔྱད་གཞི་ཞིག་གི་ཚུལ་ དུ་རྩོམ་འདིའི་མཇུག་བསྡུ་བར་བྱ་སྟེ། སྟོན་པ་ཤཱཀྱ་ཐུབ་པས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་གསུངས་ཏེ། རྒྱལ་བའི་གསུང་རབ་ལ་ཐོས་བསམ་སྒོམ་གསུམ་གྱི་ལས་ཅི་ཡང་མ་བགྱིས་བར་སྡིག་པ་ཆུ་ཡིས་འཁྲུ་བ་དང་། སྡུག་བསྔལ་ཕྱག་གིས་སེལ་བ། རྒྱུད་ལ་ཡོན་ཏན་ཐད་ཀར་སྤོ་བར་འདོད་པ་དགག་པའི་གནས་སུ་གསུང་ཡོད་མོད། གསེར་རྟའི་མཁན་ཚུལ་བློ་ཡིས་འཆད་པའི་མཐའ་གཉིས་རབ་སེལ་ཞེས་པའི་དེབ་ནང་གི་དྲི་བ་དྲིས་ལན་ཞིག་ཏུ་འདི་ལྟར་འཁོད་ཡོད་དེ།

དྲི་བ། བླ་མའི་གཙང་ཆབ་འཐུང་བའི་ལུགས་སྲོལ་ཞིག་འདུག ལུགས་སྲོལ་འདི་ཇི་ལྟར་དར་བ་དང་། ལུགས་སྲོལ་འདི་འགྲིག་གམ་མི་འགྲིག།

ལན། དེ་བདེན་པ་རེད། བོད་ཀྱི་ནང་ནས་ཆོས་ལ་དགག་པ་རྒྱག་བསམ་མཁན་ལ་ལ་ཞིག་གིས་བླ་མའི་གཙང་ཆབ་འཐུང་བ་འདིར། རང་གི་གཅིན་བཙན་གྱིས་གཞན་ལ་ལྡུད་ཀྱིན་ཡོད་གི་རེད་ཟེར་གྱིན་འདུག་ཀྱང་། བཙན་གྱིས་གཅིན་བླུད་ན་སུས་ཨེ་འཐུང་མི་ཤེས། དེ་འདྲ་མ་རེད། ང་ཚོའི་རིག་གནས་ལ་དེ་འདྲའི་འགྲེལ་ལོག་བརྒྱབ་ན་ག་ལ་འགྲིག དེར་མ་ཟད། དཔེར་ན། ལུགས་ཀྱི་བསྟན་བཅོས་སུ་མི་གཡོ་སྒྱུ་ཅན་ལ་གྲོགས་པོ་བྱེད་པ་ལས་མི་དྲང་བོ་ལ་དགྲ་ཉིད་དུ་གྱུར་ན་དེའི་དགའ་ཞེས་གསུངས་པ་བཞིན་དུ། གཞན་པའི་རིག་གནས་ཡིན་ན་ཡང་དེ་འདྲའི་དཀྱོག་འགྲེལ་དེ་རྩ་བ་ནས་བྱེད་ཉན་གི་མ་ རེད། དངོས་གནས་དྲང་གནས་གྲུབ་ཐོབ་དེ་འདྲ་ཡིན་ན། དེའི་གཙང་ཆབ་དེ་སྣང་ཚུལ་གྱི་དབང་དུ་བྱས་ན་མིའི་གཅིན་རེད། རེད་ཀྱང་གང་ཟག་དེའི་ཉམས་ལེན་དང་གང་ཟག་དེའི་ཉམས་ལེན་གྱི་ནུས་པ་ལ་བརྟེན་ནས། མི་ཕལ་བ་ཞིག་གི་གཅིན་དང་རྩ་བ་ནས་འདྲ་གི་མ་རེད། མིའི་སེམས་ཁམས་ཀྱི་སྟོབས་ཀྱིས་ལུས་པོའི་ཆ་ཤས་ཚང་མ་བསྒྱུར་ཐུབ་པ་དང་། སྒོམ་བརྒྱབ་ན་ཀླད་པ་ཡང་བསྒྱུར་འགྲོ་གི་རེད། དེ་འདྲ་ཡིན་དུས་ཉམས་ལེན་གྱི་སྟོབས་ཀྱིས་རང་གི་ལུས་ཀྱི་ཤ་ཁྲག་གི་ནུས་པ་མི་འདྲ་བར་འགྱུར་བ་དང་། གང་ཟག་ཁ་ཤས་ཤི་བའི་ཚེ་འཇའ་ལུས་སུ་དྭངས་འགྲོ་རྒྱུ་འདྲ་དང་། གང་ཟག་ཁ་ཤས་ཀྱི་རུས་པའི་ཐོག་ལ་སྐུ་དོད་ཡོང་རྒྱུ་ཡོད་ནའང་། སྤྱིར་བཏང་གི་མི་ཕལ་བ་ཞིག་གི་རུས་པ་མེ་ནང་ལ་བསྲེགས་ན་དེའི་ཐོག་ལ་སྐུ་དོད་མི་ཡོང་གི  བླ་མ་ཉམས་ལེན་ཅན་ཞིག་གི་རུས་པའི་ཐོག་ལ་ལྷ་སྐུ་རང་བྱོན་དུ་དོད་ཡོད་ས་ཡང་ཡོད་ གི དེ་རུས་པ་ཕལ་བ་ཞིག་མིན་པའི་རྟགས་རེད། དེ་ནས་གཅིན་དེ་ཡང་ང་ཚོའི་གཅིན་དང་བསྡུར་རྒྱུ་མེད་པ་ཞིག་ཡིན་དུས། བླ་མ་དེ་ལྟ་བུ་གྲུབ་ཐོབ་དག་གི་གཅིན་ཡང་ང་ཚོའི་གཅིན་འདྲ་ཞིག་ཡིན་ན། དེ་བླུད་མི་ཉན་ལ་འཐུང་ཡང་ཉན་གི་མ་རེད། འཐུང་ན་དོན་དག་ཡང་ཡོད་ཀི་མ་རེད། དེ་འདྲ་མ་ཡིན་ཚེ་གཅིན་ཞིག་རེད་ཟེར་ས་ཡོད་ཀི་མ་རེད། དེ་འདྲའི་སྐོར་དེ་ཧ་ཅང་ཟབ་མོའི་སྐོར་རེད། ང་ཚོའི་བསམ་ལུགས་རྐྱང་བའི་དབང་དུ་བྱས་ནས་འགྲེལ་བ་བརྒྱབ་ན་མི་འགྲིག་གི དེའི་ནང་ལ་ཁོ་རང་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་གི་རེད། ངས་ལན་རྒྱག་རྒྱུ་དེ། དངོས་གནས་དྲང་གནས་བླ་མ་གྲུབ་ཐོབ་དག་གི་གཅིན་དེ་འཐུང་ན་ཕན་ཐོགས་ཡོད་ཀི་རེད། ངས་ཀྱང་འཐུང་མྱོང་། དེར་གནོད་པ་ཅི་ཡང་ཡོད་ཀི་མ་རེད། དེ་འདྲ་མ་ཡིན་ན་མ་འཐུང་ན་དགའ་གི་རེད་ཟེར།

འདི་ནི་མཁན་ཚུལ་བློས་བླ་མའི་གཙང་ཆབ་འཐུང་ཆོག་མིན་སྐོར་ལ་བཤད་པའི་ལན་རེད། གནའ་ནས་ད་བར་དུ་ཆོས་ལུགས་པ་མང་པོ་ཞིག་གིས་མགོ་བདེ་འཁྲབ་རྒྱུ་མང་དྲགས་པས་ཆོས་ཀྱི་སྙིང་བོ་མ་ཡིན་པའི་ཆོས་ལུགས་ཀྱི་ཆོ་ག་མང་པོ་ཞིག་མང་ཚོགས་ལ་ཆོས་ཀྱི་ཚུལ་དུ་སྟོན་གྱིན་ཡོད་པ་རེད། མཁན་ཚུལ་བློས་གོང་གི་དྲི་བ་དེ་ལ་ཐོག་མ་ཉིད་ནས་དུངས་ཞེན་དང་ཨུ་ཚུགས་ཀྱིས་ལན་འདི་ལྟར་བརྒྱབ་ཡོད་དེ། “བོད་ཀྱི་ནང་ནས་ཆོས་ལ་དགག་པ་རྒྱག་བསམ་མཁན་ལ་ལ་ཞིག་གིས་བླ་མའི་གཙང་ཆབ་འཐུང་བ་འདིར། རང་གི་གཅིན་བཙན་གྱིས་གཞན་ལ་ལྡུད་ཀྱིན་ཡོད་གི་རེད་ཟེར་གྱིན་འདུག་ཀྱང་། བཙན་གྱིས་གཅིན་བླུད་ན་སུས་ཨེ་འཐུང་མི་ཤེས། དེ་འདྲ་མ་རེད། ང་ཚོའི་རིག་གནས་ལ་དེ་འདྲའི་འགྲེལ་ལོག་བརྒྱབ་ན་ག་ལ་འགྲིག” བོད་ཀྱི་ནང་ནས་ཆོས་ལུགས་པ་དགག་པ་བྱེད་མཁན་སུ་ཞིག་གིས་བླ་མའི་གཙང་ཆབ་འཐུང་བ་ འདིར། རང་གི་གཅིན་བཙན་གྱིས་གཞན་ལ་ལྡུད་ཀྱིན་ཡོད་ཀི་ཟེར་གི་འདུག་ཟེར། དེ་ས་གནས་གང་ཞིག་ནས་དུས་ཚོད་ནམ་ཞིག་ལ་མི་སུ་ཞིག་གིས་དེ་ལྟར་བཤད་པ་རེད། རྩིངས་རགས་བཤད་པར་དགའ་ཞིང་རྩིངས་རགས་ལ་ཉན་པར་མོས་པའི་འུ་ཚོའི་ཁོར་ཡུག་ནས་མི་མང་པོ་ཞིག་གིས་སྐད་ཆ་འདི་ལ་སྣང་ཆུང་བྱེད་སྲིད་ནའང་། འདི་ནི་བདེན་པ་དང་འབྲེལ་བའི་དོན་དག་ཅིག་ལགས་པས་མི་སུས་བཤད་ན་དེ་ལ་བཤད་ན་འགྲིག་པ་ལས་རང་གི་འོལ་ཚོད་ཀྱིས་དེ་འདྲ་ཞིག་འདོད་ཀྱི་འདུག་སྙམ་པའི་ཀུན་སློང་ཙམ་ལ་གཞི་བཅོལ་ནས་བཤད་ན་འགྲིག་གི་མ་རེད། 
 ཕྲ་ཞིབ་མེད་པར་བཤད་པའི་ཕྱོགས་ལྷུང་གི་བམ་བཤད་འདིས་ཕྱོགས་གཞན་ཞིག་ནས་ཆོས་ལུགས་ལ་དོགས་སློང་བྱེད་མཁན་དག་གི་སྟེང་ལ་ཞྭ་མོ་གཞན་ཞིག་བསྐོན་བཞིན་ཡོད་པ་རེད། ལྟོས་ཚོད་ལ་མཁན་ཚུལ་བློ་སོགས་ཀྱིས་གཞན་པའི་རིག་གནས་དང་འདོད་ཚུལ་གང་ལ་ཡང་འགྲེལ་ལོག་དང་དཀྱོག་འགྲེལ་བྱེད་མི་ཉན་པ་ཤེས་ཡོད་ཡོད་འདྲ་མོད། ལན་རེར་ཁོ་ཚོས་བསམ་བཞིན་དུ་གཞན་གྱི་འདོད་པ་ལ་དཀྱོག་བཤད་དང་ལོག་འགྲེལ་བྱས་འགྲོ།

མདོར་དྲིལ་ན་མཁན་ཚུལ་བློའི་ལྟ་ཚུལ་ནི། “དངོས་གནས་དྲང་གནས་བླ་མ་གྲུབ་ཐོབ་དག་གི་གཅིན་དེ་འཐུང་ན་ཕན་ཐོགས་ཡོད་ཀི་རེད། ངས་ཀྱང་འཐུང་མྱོང་། དེར་གནོད་པ་ཅི་ཡང་ཡོད་ཀི་མ་རེད།”ཟེར་བ་འདི་རེད། གཏམ་འདི་གོ་དུས་ང་རང་ཧང་སང་སོང་། མ་གཞི་ཉེ་སྔོན་བོད་ལྗོངས་ཀྱི་གསང་བ་ཞེས་པའི་བརྙན་འཕྲིན་ཟློས་གར་དེའི་ནང་དུ་བོད་མིས་བླ་མའི་མི་གཙང་བ་མཆོད་པའི་ཟུར་དེ་འདྲ་བསྟན་ཡོད་པ་ལ་ཡང་གཞི་འཛིན་ས་གཏན་ནས་མེད་པ་ཞིག་མིན་པ་ཚོར་བྱུང་། ཡིན་རྒྱུ་ནི། མཁན་ཚུལ་བློ་དང་ཚུལ་བློ་འདྲ་བའི་བླ་རྒན་སྐོར་ཞིག་གིས་གནའ་ནས་ད་བར་དུ་བླ་མ་ གྲུབ་ཐོབ་དག་གི་གཅིན་སྐྱག་མཆོད་ན་བྱིན་རླབས་ཡོད་པའི་གསུང་བཤད་གནང་ཞིང་། བླ་མའི་ཅི་གསུང་ཆོས་ཡིན་པའི་མང་ཚོགས་དག་གིས་དེ་ལྟ་དེ་ལྟར་མཆོད་པའི་ལོ་རྒྱུས་འུ་ཅག་གི་འཚོ་བའི་ནང་དུ་མ་གཞི་ནས་གཞི་གྲུབ་ཡོད་པས་མིན་ནམ། 

 དེ་ལས་ཀྱང་། མཁན་ཚུལ་བློ་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་པའི་ངོས་ཐད་ནས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་པ་སྟེ། སངས་རྒྱས་རྣམས་ཀྱིས་འགྲོ་བའི་སྡུག་བསྔལ་ཆུ་ཡིས་བཀྲུ་མི་ཐུབ། སྡུག་བསྔལ་ཕྱག་གིས་སེལ་མི་ཐུབ། རྒྱུད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ཐུབ། ཐབས་དང་རིགས་པ་བརྒྱ་ཕྲག་སྣ་ཚོགས་པའི་ལམ་ནས་ཆོས་ཉིད་ཀྱི་བདེན་པ་སྟོན་དགོས་པར་འདོད་པའི་གསུང་དང་འགལ་ཡོད་པ་མིན་ནམ།

གཞན་རིན་པོ་ཆེ་ཚང་གིས་དཔལ་སྤུངས་ཤེས་རབ་གླིང་དུ་ཆོས་འབྲེལ་བཀའ་སློབ་གནང་བའི་གསུང་བཤད་ཅིག་ཏུ། སྔོན་ ལ་ངས་སྒྲུང་ཞིག་བཤད་ཀྱི་ཡིན། སྔ་མོ་བོད་ཨ་མདོའི་ཁུལ་དུ་བླ་མ་རྩ་ཆེན་པོ་ཞིག་ཡོད། ཁོང་དགུང་ལོ་མཐོན་པོ་ཡིན་པ་དང་། ཁོང་བཞུགས་ཡུལ་ནས་ཕྲན་བུ་ས་ཐག་རིང་བའི་སར་ཡོད་པའི་དགོན་པ་ཞིག་གི་གསུང་ཆོས་གནང་རོགས་གནང་ཞེས་གདན་འདྲེན་ཞུས་པ་རེད། བླ་མས་ང་ལོ་མཐོ་པོ་རེད། གསུང་ཆོས་ཆེད་ཡོང་ཐུབ་རྒྱུ་མ་རེད་གསུང་པ་རེད། དེ་ནས་གདན་འདྲེན་ཞུ་མཁན་ཚོས་བླ་མ་ཉིད་དགུང་ལོ་མཐོ་པོ་རེད་ཐུགས་ཁག་ཁྱོན་ནས་ མེད། གསུང་ཆོས་གནང་མ་ཐུབ་ནའང་ཕྱག་དབང་བྱིན་རླབས་ཤིག་གནང་ཆེད་ཁྱུག་ཙམ་ཕེབས་རོགས་ཞུས་པ་རེད། དེ་ནས་བླ་མས་འགྲིག་གི་རེད་ང་བསླེབ་ཡོང་གསུངས་ནས་ཕེབས་ཏེ་གསུང་ཆོས་ཡག་ཐག་ཆོད་གནང་རྗེས། བླ་མས་ང་སྡུག་བདེན་གྱི་ལག་པ་མགོ་བོར་བཞག་ནས་གྲོགས་སྟེར་མཁན་དེ་མིན། སངས་རྒྱས་ཀྱི་ཆོས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་འགྲེལ་བཤད་བརྒྱབ་ནས་ས་དང་ལམ་བགྲོད་ནས་སངས་རྒྱས་ཀྱི་སར་འགྲོ་མཁན་ཡིན་མ་གཏོགས་སྡུག་བདེན་གྱི་ལག་པ་མགོ་བོར་བཞག་ནས་བྱིན་རླབས་ཀྱི་ཐོག་ནས་སངས་རྒྱས་ཀྱི་རེད་ཟེར་མཁན་དེ་འདྲ་མིན། ཞེས་གསུངས་པ་རེད། འདི་དངོས་བདེན་རེད་ཅེས་དང་། ཁ་ རི་ཁ་ཐུག་གིས་ཞུས་པ་ཡིན་ན་བོད་ཀྱི་སྤྱི་ཚོགས་ནང་མང་པོ་ཞིག་གིས་སངས་རྒྱས་ ཀྱི་ཆོས་འདི་ག་འདྲ་ཡིན་པ་ཤེས་ཀྱི་མི་འདུག སྐྱབས་སུ་མཆི་བརྗོད་རྒྱུ་ཙམ་མ་གཏོགས་མི་འདུག སྐྱབས་སུ་འགྲོ་སྟངས་དེའང་ངའི་བདེ་སྡུག་ཆ་ཚང་ཁྱེད་ཀྱི་ཕྱག་ཏུ་ཡོད་ཟེར་རྒྱུ་འདྲ་བོ་དེ་འདྲ་འདུག འདི་སངས་རྒྱས་ཆོས་དང་ཡོངས་སུ་འགལ་བ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ན། རང་གི་སྐྱབས་ལ་ངའི་བདེ་སྡུག་ཆ་ཚང་ཁྱེད་ཀྱིས་མཁྱེན་བརྗོད་ན་འགྲིག་གི་ཡོད། འཇིག་རྟེན་བཀོད་པ་པོས་ང་ཚོ་ཚང་མ་བཀོད་པ་རེད། ང་ཚོའི་བདེ་སྡུག་ཚང་མ་ཁོང་གི་ཕྱག་ཏུ་ཡོད་ཟེར་གྱི་ཡོད་ཀྱང་། སངས་རྒྱས་པའི་ཆོས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་གསུངས་པ་མ་གཏོགས་བཅོམ་ལྡན་འདས་འཇིག་རྟེན་བཀོད་པ་པོ་ཡིན་གསུང་གི་མེད། ཞེས་གསུངས་ཡོད་པ་མིན་ནམ། སྔ་ཕྱིའི་ལུང་དང་རིགས་པ་གང་གི་ལམ་ནས་བལྟས་ཀྱང་། མཁན་ཚུལ་བློས་“དངོས་གནས་དྲང་གནས་བླ་མ་གྲུབ་ཐོབ་དག་གི་གཅིན་དེ་འཐུང་ན་ཕན་ཐོགས་ཡོད་ཀི་རེད། ངས་ཀྱང་འཐུང་མྱོང་། དེར་གནོད་པ་ཅི་ཡང་ཡོད་ཀི་མ་རེད།”ཟེར་བ་དེ་དང་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད། དེ་བས་ང་ཚོ་སུ་ཞིག་ཡིན་རུང་། ཆོས་ལུགས་དང་མི་རིགས། དད་པ་སོགས་གླེང་དུས། བརྩེ་དུང་གིས་གླེང་བ་དང་། མཁྲེགས་འཛིན་བྱེད་པ་ཙམ་གྱིས་ཅི་ཡང་མི་འོང་བས། ང་ཚོས་ཆོས་གང་ལ་ཡང་དབྱེ་ཞིབ་དང་ཞིབ་འཇུག་ཕྲ་མོ་བྱེད་རྒྱུ་ནི་ཆེས་འགངས་ཆེན་པོ་ཡིན་ནོ།།

 

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

qrcode_for_gh_24a680a08df5_430

 

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།