གློག་འོད་ཀྱིས་རྒྱན་པའི་སྤྱི་ཚོགས་ཤིག་གི་ནང་ལ་ཐོན་པའི་མེ་ལྕེ་ལགས་ཀྱི་རྩོམ་ཡིག་གཉིས།

དེང་གི་དུས་འདིར། བོད་ཀྱི་རྩོམ་སྟེགས་ཀྱི་སྒང་བ་རུ། རང་བསྟོད། རང་འུར། རང་སྤེལ་དང་། སྒམ་ཚུགས། ཆེ་བཤད། བམ་བཤད་ཀྱི་འཕྲིན་ལས་ཆེ་ཆེར་དར་བ་ལས། ངེས་དོན་གྱིས་བོད་ཀྱི་སྤྱི་ཚོགས་དང་སློབ་གསོ། རིག་གནས་སོགས་ལས་རིགས་སོ་སོ་ལ་དོ་ཁུར་དང་བསམ་གཞིག་བྱེད་མཁན་ཤིན་ཏུ་ཉུང་ལ། སྒོས་སུ་དེར་འབྲེལ་གྱི་རྩོམ་ཡིག་འབྲི་མཁན་གྱི་ཤེས་ཡོན་པ་ཡང་ཇེ་ཉུང་ནས་ཇེ་ཉུང་།

ད་ལྟའི་སྤྱི་ཚོགས་ནི་གློག་འོད་ཀྱིས་རྒྱན་པའི་སྤྱི་ཚོགས་ཤིག་ཡིན་པ་དང་། ད་ལྟའི་མི་དག་གློག་འོད་ཀྱིས་རྒྱན་པའི་ཁྲ་ཁྲ་རིག་རིག་གི་ཕྱིའི་རྣམ་པ་ཙམ་ལ་མཚར་ཏེ། གཟབ་ནན་གྱི་ལས་ཀ་དང་ངེས་དོན་གྱི་ངོ་བོ་ལ་དང་དོད་ཆེན་པོ་མི་བྱེད་པའི་སྐབས་འདི་འདྲ་ཞིག་ལ། ང་ཚོར་རྣག་ཐོག་ཁབ་གཙག་བྱེད་པའི་རྩོམ་པ་པོ་ཡང་ཅི་འདྲའི་མཁོ་ཨང་།

དེའི་ཕྱིར། འདིར་ངེད་དྲ་བས་ཁ་སང་དེ་རིང་རྩོམ་སྟེགས་སུ་གྲགས་འགུལ་མི་ཉུང་བ་བཟོས་ཡོད་པའི་མེ་ལྕེ་ལགས་ཀྱི་རྩོམ་ཡིག་གཉིས་ལ་ཆེད་བསྒྲིགས་ཤིག་བཟོས་ཏེ་ཀློག་པ་པོ་དག་ལ་འོས་སྦྱོར་ཞིག་གི་ཚུལ་དུ་ཕུལ་ཡོད།

——རྩོམ་སྒྲིག་པའི་གཏམ།

889

 

སློབ་ཆེན་པ་མགོ་སྟོང་ཚོ་གླེང་བ།

མེ་ལྕེ།

ཉེ་ཆར་གྲོགས་པོ་བརྒྱུད་དེ་སློབ་རའི་དུས་དེབ་གཉིས་སྔ་ཕྱིར་ལག་འབྱོར་བྱུང་། གཅིག་ནི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གིས་རྩོམ་སྒྲིག་གནང་བའི<<ཐོས་བསམ>>ཞེས་པ་དང་། ཅིག་ཤོས་ནི་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་རྩོམ་སྒྲིག་གནང་བའི<<གངས་ཀྱི་རོལ་དབྱངས>>ཞེས་པ་དེའོ། །སྔ་མ་ནི་སློབ་ཆེན་པའི་དཔེ་ཀློག་དང་བསམ་གཞིག་ལ་ཁ་ཕྱོགས་པའི་དུས་དེབ་ཅིག་དང་། ཕྱི་མ་ནི་སློབ་ཆེན་པའི་སྦྱངས་རྩོམ་ལ་དམིགས་གཏད་པའི་དུས་དེབ་ཅིག་རེད། སྔ་མས་གཞོན་ནུ་རྣམས་ཀྱི་ཐོས་བསམ་ལ་སྐུལ་ལྕག་གཏོང་བ་དང་། ཕྱི་མས་གཞོན་ནུ་རྣམས་ཀྱི་ཚོར་ཤེས་ལ་ཕྱར་བ་གྲུ་འདེགས་བྱེད། རྩོམ་ལུས་ཀྱི་ཆ་ནས་སྔ་མས་ཐོལ་རྩོམ་དང་དཔྱད་བརྗོད་གཙིགས་སུ་འཛིན་པ་དང་། ཕྱི་མས་སྙན་ངག་དང་ལྷུག་རྩོམ་གཙོ་བོར་བྱེད།

རང་ཅག་གི་སློབ་ཆེན་པ་རྣམས་ད་ལ་ཐུག་གི་བར་དུ་རྩོམ་རིག་གི་ཕོ་བྲང་ནས་མགོ་འཁོར་ཏེ་བསྡད། སྙན་ངག་གི་སྲས་མོ་ལ་ཤི་འཐམ་རོ་འཐམ་བྱས་ཏེ་ལུས། དངོས་ཡོད་སྤྱི་ཚོགས་ལ་གདོང་གཏོད་དགོས་ཞེས་ཡང་ཡང་ཟློ་ནའང་དེ་འབྲེལ་གྱི་ཤེས་བྱ་ཡོན་ཏན་སྦྱང་མཁན་ཤིན་ཏུ་ཉུང་། དཔེ་ཆ་མང་པོ་བཀླགས་ཏེ་ཐོས་པ་འཚོལ་མཁན་ཉུང་ལ། ཐོས་པ་བསགས་པའི་རྒྱ་མཚོ་ལས་དགོས་འདོད་ནོར་བུ་ལེན་མཁན་དེ་བས་ཀྱང་དཀོན། མི་མང་ཆེ་བས་ཚོར་བ་ཟ་ཟི་དང་སྣང་བ་བན་བུན་ལ་བརྟེན་ནས་སྙན་ངག་ཐན་ཐུན་རེ་བྲིས། སྐྱེས་ཆེན་ལ་ཁ་རེ་བཏང་། ངའོ་སྙམ་པའི་བློ་རེ་སྐྱེས་ཏེ་ཉི་མ་གཏོང་གི་ཡོད་པ་རེད།

སློབ་མ་ཕལ་ཆེ་བས་རང་ལ་ཕ་མས་གནང་བའི་མགོ་བོ་མཐོན་པོ་ཞིག་ཡོད་བཞིན་དུ། ལ་རྒྱ་ཤོར། ཁོག་དཔུང་ཉམས། རང་ཚུགས་ཤོར། རྩིས་ཐང་སྐྱུར། བསམ་གཞིག་བོར། བློ་སྤོབས་ཉམས་པའི་ངང་སློབ་ཆེན་གྱི་འཚོ་བ་མཇུག་སྒྲིལ་གྱི་ཡོད་པ་རེད། ཁོ་ཚོ་བློ་རིག་པ་རྣོ་དུས་ལོ་རྒྱུས་ལ་མི་དཔྱོད། བརྡ་སྤྲོད་ལ་མི་ལྟ། གཙུག་ལག་ལ་མི་འཇུག ཁོ་ཚོས་སྨྲ་བསམ་སྒྲུབ་གསུམ་ཕོད་དུས་ངག་ལྐུགས་པ་དང་བློ་ཉམས་པ་དང་ལག་ཞ་བར་གྱུར་ཡོད།

སློབ་ཆེན་པ་ཚོས་ནམ་ཡང་དཔྱོད་ཤེས་ལས་ཚོར་ཤེས་གལ་ཆེ་བར་འདོད་ལ། ལོ་རྒྱུས་ཤེས་རིག་ལས་སྒྱུ་རྩལ་རྩོམ་རིག་ལ་རིན་ཐང་ལྡན་པར་སྙམ། ཡང་སློབ་ཆེན་པ་ཚོས་རིགས་གཞུང་ཞིབ་འཇུག་ལས་རིག་རྩལ་གསར་རྩོམ་ལ་དོན་སྙིང་ལྡན་པར་འདོད་ལ། ཆེད་མཁས་པ་ལས་སྙན་ངག་པ་དང་སྒྱུ་རྩལ་པ་ལ་གདན་ཐོབ་ཡོད་པར་སྙམ།
སློབ་ཆེན་པ་ཚོས་སྙན་ངག་ནི་རིག་གནས་ཀྱི་བླ་སྲོག་ཡིན་པར་འདོད་ལ། མི་རིགས་ཤིག་སྐྱོབ་དགོས་ན་སྙན་ངག་ཁོ་ནས་ཆོག་པར་སྙམ། ཡང་སློབ་ཆེན་པ་ཚོའི་སེམས་ཁོང་ན་མཁས་པའི་དབང་པོ་ཞིག་ལས་གླུ་པ་གླུ་མ་ཞིག་གི་གོ་ས་མཐོ་ལ། དགེ་རྒན་དཔྱོད་ལྡན་ཞིག་ལས་རྒྱུ་ཅན་དབང་ཅན་ཞིག་གི་གཟི་བྱིན་འབར།

ད་དུང་དགོད་བྲོ་བ་ཞིག་ལ་གཞོན་ནུ་ཕོ་མོའི་དབྱེ་བ་མེད་པར་སྐེ་ལ་ཕྲེང་བ་ཞིག་དཔྱངས་པ་དང་ལག་མགོར་ཕྲེང་བ་ཞིག་བཏགས་པའི“རྒྱན་ཆ”དེ་ནི་གཟོད་དེང་རབས་སློབ་ཆེན་པའི་རྟགས་མཚན་ཞིག་ཏུ་ངོས་འཛིན་གྱིན་མེད་དམ་སྙམ།
འདི་ལྟའི་འཁྲུལ་ཤེས་དང་རྨོངས་འཐོམ་གྱི་ངང་ན་གནས་པའི་སློབ་ཆེན་པ་ཚོ་ནི་རང་རིགས་ཀྱི་མ་འོངས་པའི་ཁང་བཟང་གི་ཀ་བ་གདུང་མའོ་ཞེ་ན་སུ་ཞིག་གི་རྣ་བའི་ཡུལ་དུ་འགྲོ་ཨང་།

2016.05.26


རང་ངོ་རང་འཚོལ་གཞོན་པའི་སྨན་དུ་འགྲོ།

མེ་ལྕེ།

སློབ་རའི་དུས་དེབ་གཉིས་ལས་འཕྲོས་ཏེ་རང་ཅག་གི་སློབ་ཆེན་པའི་རིག་གནས་སྣང་ཚུལ་ལ་བསམ་ཚུལ་ཕྲན་ཙམ་ཐོལ་གྱིས་སྦྱར་པ་དེས། ལང་ཚོ་དང་ཕུགས་བསམ་གྱིས་ཕྱུག་པའི་སློབ་ཆེན་པ་དག་འུར་ཆིལ་ལེར་བཏང་སོང་། མ་བསམ་ས་ནས་ཐག་ཞོར་འབྲེང་འདྲུད་ཀྱིས་སྙན་ངག་པའི་སྡེ་ལའང་ཕོག་ཐུག་བཟོས་སོང་། མཉམ་འུར་དེ་ནི་རིག་གནས་བགྲོ་གླེང་གི་ངོས་ནས་བལྟས་ན་ཧ་ཅང་རྒྱུན་ལྡན་ཞིག་རེད། ཁོ་བོས་ཟིན་ཐུང་དེ་གར་གླེང་བའི་སྣང་ཚུལ་དེ་རིགས་སློབ་ཆེན་རེ་གཉིས་ལ་བྱུང་བ་ཁོ་ན་ཞིག་མ་ཡིན་པར། བོད་ཀྱི་སྐད་དང་ཡི་གེ་སློབ་གཉེར་གནང་བའི་མི་རིགས་སློབ་ཆེན་སྤྱི་ལ་ཁྱབ་པ་ཞིག་གོ། ངས་སྣང་ཚུལ་དེ་དག་ཟུར་བསྟན་ལེབ་མཐོང་གི་ཚུལ་དུ་གླེང་སློང་བྱས་པ་ཙམ་ཡིན།

སྐྲངས་འབུར་ལ་རེག་ན་ན་བ་དང་། རྣག་ཐུམ་ལ་གཙགས་ན་ཚ་བ་དེ་ཆོས་ཉིད་དུ་ངེས་ཤིང་། སློབ་ཆེན་པ་ཚོས་ཨ་ཡོ་ཨ་ཚ་ཟེར་བ་ལའང་ཅི་ཁག་སྟེ་ཁག་མི་འདུག་གོ། རང་ཅག་གིས་སོ་སོའི་སྐྲངས་འབུར་དང་རྣག་ཐུམ་གང་ཡིན་དེ་ངོས་ཟིན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་གསལ་པོར་སྨྲས་ན་རང་ངོ་རང་འཚོལ་གྱི་ལམ་ནི་གལ་ཆེན་ནང་གི་དོན་ཆེན་རེད། དེ་མ་ཡིན་པར་མུན་ནག་སྦར་མྱུལ་དང་འབེན་མེད་མདའ་འཕེན་གྱིས་མི་ཚེ་སྐྱེལ་ན་ཐོབ་བྱ་ཅི་ཡང་མེད་པ་ཡིན།
ཕྱོགས་གཅིག་ནས་ཨ་ཡོ་ཨ་ཚ་ཟེར་བ་དེས་སློབ་ཆེན་པ་རྣམས་སྦྲིད་ཅིང་འཐོམ་མི་འདུག་པ་སྟེ། ཁོང་ཚོ་ད་དུང་ཚོར་བ་རྣོ་བ་དང་དབང་པོ་གསལ་བ་དང་ངར་སེམས་ལྡན་པ་མཚོན་གྱི་འདུག འདི་ནི་ང་རང་ལ་མཚོན་ན་ཡིད་སེམས་དགའ་ལེར་འགྲོ་བའི་གནས་ཤིག་ཅི་ལ་མིན།

དྲང་མོར་བཤད་ན་བུ་རེ་བ་ཅན་ལ་རེ་བཞག་དང་གོས་རི་མོ་ཅན་ལ་རྒྱང་ལྟ་ཞེས་པ་ཇི་བཞིན་ང་རང་གཞོན་རབས་པ་རྣམས་ལ་ཧ་ཅང་དགའ་པོ་ཡོད། གལ་ལ་ཐུག་ཚེ་ནམ་ཡང་ཁོང་ཚོའི་རྒྱབ་རྩ་ན་ཀ་ལངས་ལངས་བྱས་ཏེ་བསྡད་ཡོད། མདུན་ཕྱོགས་ན་ཆུ་བཞུར་བཞུར་བྱས་ཏེ་སོང་ཡོད། ངས་ཀྱང་གཞོན་ནུ་རྣམས་ལ་རང་མགོ་བསྐོར་པའི་གཏམ་དང་གཞན་ངར་སློང་བའི་ཚིག རྣ་བར་སྙན་པའི་ངག་སོགས་སྤེལ་ཆོག་ཆོག་ཡིན་ཡང་། དོན་གྱིས་མི་རིགས་འདི་བསམས་ནས། མི་རབས་འདི་བསམས་ནས། གཞོན་པའི་རབས་གསར་པ་འདི་བསམས་ནས་དགག་སྒྲུབ་ཀྱི་མདའ་ཁ་སློབ་ཆེན་པའི་སྡེ་ལ་གཏད་པ་ཡིན། དེ་ནི་སེམས་ཀྱི་བློ་མིག་གིས་མ་བཟོད་པར་ཟེར་ནའང་ཆོག་ལ། གཞོན་རབས་པའི་བློ་སྟོབས་དང་ཤེས་རབ་ཀྱི་གྲི་ཁ་བརྡར་ཏེ་རྣོ་ལེན་པའི་ཆེད་ཡིན་ཟེར་ནའང་ཆོག་པའོ། །

དེ་སྔོན་རང་གི་སྐད་འཕྲིན་དུ་སྤེལ་མྱོང་བའི་སློབ་ཆེན་རིག་གནས་སྣང་ཚུལ་དང་འབྲེལ་བའི་ལྟ་ཚུལ་ཐོར་བུ་དག་སྟེ“བསྡུས་གྲྭའི་རིགས་ལམ་འགྲན་བསྡུར”གྱི་སྐོར་ཡིན་ནའང་འདྲ། “མི་ཚུལ་སློབ་གསོའམ་སྐྱ་བོའི་སློབ་གསོའི་སྣ་ཐིག་སེར་མོ་པའི་ཕྱག་ཏུ་འཇོག་པ”ཡིན་ནའང་འདྲ། “འབུམ་རམས་པ་རྣམས་ཆོས་བཤད་རྒྱག་པར་དགའ་བ”ཡིན་ནའང་འདྲ། དེ་ནས་ཐེངས་འདིའི“ཐོས་བསམ་བོར་ནས་སྙན་ངག་ལ་འཐམས་པའི་སློབ་ཆེན་པའི”སྐོར་ཡིན་ནའང་འདྲ། གནད་དོན་འདི་དག་གླེང་བའི་དགོས་པའམ་འབབ་ས་ཉག་གཅིག་ནི་གཞོན་རབས་པ་ཚོའི་རིན་ཐང་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། བསམ་པའི་འཁྱེར་སོ། སྤྱོད་པའི་རྣམ་གཞག་སོགས་དུས་ཀྱི་འཕེལ་ཕྱོགས་སམ་རླུང་གི་རྒྱུ་ཕྱོགས་དང་མཐུན་པའི་སྒོ་ནས“མདོག་འགྱུར་ཞིང་སྤུ་བརྗེ་དགོས”ཟེར་བ་དེ་ཡིན།

གཞན་དུ་ཁོ་བོའང་སློབ་ཆེན་འགྲིམ་དུས་རྩོམ་རིག་ལ་དགའ་མྱོང་། སྙན་ངག་ལ་བལྟས་མྱོང་། ཐ་ན་སྙན་ངག་གི་དཔྱད་པ་ཐ་ངེ་ཐུང་ངེའང་བྲིས་མྱོང་། དེའང་རང་རང་གི་སློབ་པའི་ལམ་གྱི་རིམ་པའམ་འཚར་ལོངས་ཀྱི་གོ་རིམ་ཞིག་ལ་ངོས་འཛིན་གྱི་ཡོད་པ་བདེན། ཡིན་ནའང་གྱ་ཙེ་གོམ་ཙེའི་ངང་ཕྱིན་པའི་ལམ་བུ་དེར་ད་ལྟ་ཁ་ཕྱིར་འཁོར་ནས་བལྟས་པ་ཡིན་ན། ཚོད་ཚོད་ལ་དཀྱོག་ལམ་དང་གོལ་ལམ་མང་པོ་ཞིག་དགོས་མེད་ཀྱིས་བརྒྱུད་འདུག་ཨང་སྙམ་པའི་ཚོར་བ་རྒྱུན་དུ་སྐྱེ་ཡི་འདུག དེའི་འཕྲོར་མི་ཞིག་ལ་མཚོན་ན་གཞོན་པའི་དུས་སུ་རིན་ཐང་ལྟ་ཚུལ་དང་བསམ་པའི་འཁྱེར་སོ་དང་མི་ཚེའི་དམིགས་འབེན་སོགས་ཡང་དག་ཅིང་མ་ནོར་བ་ཞིག་རྒྱུད་ལ་འཁྲུང་རྒྱུ་ནི་ཅི་འདྲའི་གལ་ཆེ་བ་ལའང་སྙམ་གྱི་འདུག
རིན་ཐང་ལྟ་ཚུལ་དང་བསམ་པའི་འཁྱེར་སོ་ཡང་དག་པ་དེ་ནི་ད་གཟོད་རང་གི་མི་ཚེའི་ལམ་སྟོན་སྒྲོན་མེ་ཡིན་པ་རེད། གཞོན་ནུ་རྣམས་ཀྱིས་ཡིད་ལ་བརྣག་ཅིང་ཐུགས་ལ་འཛིན་རྒྱུ་ཞིག་ལ་ལམ་སྟོན་གྱི་སྒྲོན་མེ་དེ་ཡུན་རིང་གི་ཐོས་བསམ་ལས་རྙེད་དགོས་པ་ཡིན། སྙན་ངག་ལ་དགའ་བ་དང་ལ་རྒྱ་དགུང་དུ་འཕྱུར་པ་ཙམ་གྱིས་ལམ་སྟོན་གྱི་སྒྲོན་མེ་དེ་འཐོབ་དཀའ། གནད་འདི་གཞོན་པ་སྟག་ཤར་གྱི་སྡེ་ཡིས་ངེས་པར་དུ་མཁྱེན་དགོས་པ་ལགས།

ཞར་བྱུང་དུ་གླེང་རྒྱུ་ཞིག་ལ་རང་རེའི་སྙན་ངག་པ་རྣམས་ད་ཐེངས་རླུང་དྲག་པོ་ལངས་ཏེ་ས་ལྡིང་གནམ་ལྡིང་བྱེད་དོན་ག་རེ་ཡོད། ཁྱེད་ཚོའི་དགོངས་པ་ལྟར་ན་སློབ་ཆེན་དུ་གཞོན་སྐྱེས་ཚོ་ནི་གཟུགས་རྗེས་གྲིབ་འབྲངས་ཀྱིས་སྙན་ངག་པ་རྐྱང་རྐྱང་སྐྱེད་སྲིང་བྱེད་དགོས་པ་ཨེ་རེད། སྙན་ངག་གིས་མི་རིགས་ཤིག་སྐྱོབ་མི་ཐུབ་པ་ནང་བཞིན་འབོལ་རྩོམ་སོགས་ཀྱིས་ཀྱང་ཐད་ཀར་དུ་མི་རིགས་ཤིག་སྐྱོབ་མི་ཐུབ་པ་ཁོ་བོས་ཀྱང་ལོས་ཤེས། རྒྱ་ནག་གི་ལུའུ་ཞུན་སོགས་ཀྱིས་རྩོམ་རིག་གི་དར་ཆ་འཕྱར་ཞིང་འབོལ་རྩོམ་གྱི་གོ་ལག་བསྣམས་ཏེ་རང་མི་རིགས་སྐྱོབ་མ་ཐུབ་པ་ཞིག་ལ། བདག་ཅག་ལྟ་བུའི་མགོན་མེད་སྐྱབས་བྲལ་གྱི་མི་རིགས་ཤིག་ལ་མཚོན་ན་དེ་བས་ཀྱང་ལྟ་ཅི་སྨོས། འབོལ་རྩོམ་དང་ཐོལ་རྩོམ་གྱི་སྐོར་ནི་གླེང་བྱ་གཞན་ཞིག་ཡིན་པས་འདིར་རེ་ཞིག་བསྐྱུང་བར་བྱ། ད་ནི་རང་མི་རང་ལ་ཁ་ནང་ལྕེ་རྒྱུས་ཡོད་ན་སྙན་ངག་པ་རྣམས་ཀྱིས་རང་ཆས་སུ་གྲུབ་པའི་ཁ་བདག་མེད་དང་ཚིག་ཚོད་མེད་ཀྱི་ལས་དེ་སྤང་བར་བྱའོ། །

མཇུག་མཐར་ང་རང་ཚོའི་ཤེས་རིག་གི་འཕེལ་ཕྱོགས་དང་ད་ལྟའི་སྙན་ངག་གི་གནས་བབ་ལ་གཟས་ཏེ་གཤམ་གྱི་སྡོམ་ཚིག་འདི་འདྲ་ཞིག་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་འདོད།
གཅིག སྙན་ངག་ནི་སྒེར་པའི་ཁོངས(私人领域)ལས་སྤྱི་པའི་ཁོངས(公共领域)ལ་འཇོག་གི་མིན་པ་དང་།
གཉིས། སྙན་ངག་མང་ཆེ་བ་ཚོར་བ་རྒྱ་ཡན་པའི་ཚིག་སྐམ་ཞིག་ཡིན་པ་མ་གཏོགས་དཔྱོད་ཤེས་བསམ་གཞིག་གི་རྩི་བཅུད་ཅིག་ལ་རྩི་རྒྱུ་མིན་པ།
གསུམ། སྙན་ངག་དེ་སོ་སོ་སྐྱེ་བོའི་དགའ་ཁ་འཁྱེར་ཕྱོགས་ཀྱི་དབང་གིས་འཇུག་རྒྱུ་ཞིག་ལས་མི་རིགས་སྤྱི་ཡི་ཤུགས་རྒྱག་སའི་འབེན་ལ་ངོས་འཛིན་རྒྱུ་མིན་པ་བཅས་སོ། །

2016.05.29

3 thoughts on “གློག་འོད་ཀྱིས་རྒྱན་པའི་སྤྱི་ཚོགས་ཤིག་གི་ནང་ལ་ཐོན་པའི་མེ་ལྕེ་ལགས་ཀྱི་རྩོམ་ཡིག་གཉིས།

  1. མ་ཤེས་ཤེས་མདོག་ས་བུ་ཆེ

    རྩོམ་དང་པོ་དེ་ཡི་ལྟ་ཚུལ་བཞི་ལ་མི་ཐད། ༡ ཚོར་ཤེས་དང་དཔྱོད་ཤེས་ཁ་ཁ་བྱེད་པ་དེ། ནུབ་ཕྱོགས་དུས་རབས་བར་མའི་ལྷ་རིག་སྨྲ་མཁན་དག་གི་ལྟ་བ་བླངས་ཡོད་རེད་བསམ་གི དེ་ཚོའི་ལྟ་བ་དེ་མུ་མཐུན་དུ་དུས་རབས་འདི་ནང་དུ་རྒྱུད་འཛིན་བྱེད་མཁན་བྱུང་བཞིན་ཡོད་པ་རེད་མོད་ཀྱང་། རིག་པ་ཅན་སུས་ཀྱང་དེ་ཡི་སྐྱོན་གང་ཡིན་མཐོང་ཐུབ་ཀིས་རེད་དྲན། ལ྄རིག་སྨྲ་མཁན་ལ་མཚོན་ན། ཚོར་ཤེས་ནས་རྫས་ལས་བྱུང་བས་དེ་མི་དགེ་ཅན་དང་ངན་བསླད་ཅན། བསླུ་བྲུད་ཅན་ཡིན་པ་དང་། དཔྱོད་ཤེས་ནི་ལྷ་ཆེན་པོའི་བྱིན་རླབས་ལས་བྱུང་བ་ཡིན་པས། དེ་ནི་བསླུ་མེད་དང་མཐོ་སར་འཇོག་པ་རེད། རྒན་པ་མེ་ལྕེ་ཡིས་ཕལ་ཆེར་བཤད་སྟངས་འདི་ཡི་དེང་རབས་བརྗོད་སྟངས་ཞིག་སྐྱོང་ཡོད་པ་རེད། ཁོང་གིས་ཚན་རིག་ནས་བཤད་ཀྱིན་ཡོད་པས། དཔྱོད་པའི་འབྱུང་གཞི་ཚོར་བ་ཡིན་པ་དེ་དགག་བཞིན་ཡོད་ས་རེད། རྩོམ་འདི་ལས་དེ་འདྲ་མངོན་པར་འཆད་མེད་ཀྱང་། དེ་ལ་ཕྱོགས་ཞན་ཡོད་པ་ནི་ང་ཚོས་དཔྱད་ཙམ་གྱིས་མཐོང་ཐུབ། དེ་བས། དུས་རབས་བར་མའི་ལྟ་བ་སྐྱོང་མཁན་གྱི་རྙིང་ཞེན་པ་ཞིག་གིས་དེང་རབས་ཀྱི་གཞོན་ནུ་ལ་ལམ་སྟོན་ཨེ་འོས་སམ། ཡང་ན་ལ྄རིག་སྨྲ་མཁན་ཞིག་གིས་ནང་པའི་རྗེས་འཛིན་པ་ལ་ལམ་སྟོན་ཨེ་ཐུབ་བམ། ། ༢ ཁོང་གིས་ཚོར་བ་དེ་དོར་དགོས་དཔྱོད་པ་ལེན་དགོས་ཟེར་བ་ལ་འདང་ཟིག་རྒྱོབ་དང་། དེ་ནི་འོ་མ་མི་དགོས། ཞོ་དགོས་ཟེར་བ་དང་མི་འདྲའམ། འཇིག་རྟེན་ཤེས་བྱ་ཅི་རྙེད་པ། ཚོར་བས་ཚད་མ་མ་བྱས་ནས་བདེན་པར་གྲུབ་པ་ཞིག་གང་ན་ཡོད། ཆོས་ལུགས་ཕལ་བོའི་ནང་གི་ལུང་སྟོན་ལ་ཁུངས་སྐྱོལ་བ་མ་གཏོགས། ནང་ཆོས་དང་ཚན་རིག་སོགས་ཀྱིས་འཇིག་རྟེན་ཤེས་བྱ་དང་ཚོར་བ་གཉིས་ཁ་ཁར་ཕྱེ་བ་མ་རེད། ཤེས་བྱ་ཡིན་ན་དབང་བོ་ལས་ཐོབ་དགོས། དཔྱོད་ཤེས་ཟེར་བ་དེའི་རྨང་གཞི་ཡང་ཚོར་ཤེས་ཡིན་ངེས། ། ༣ ཡང་ང་ཚོའི་སློབ་གསོའི་ལམ་ལུགས་འདི་ལ་སྐྱོན་མང་པོ་ཡོད་པ་ལས་ཆེ་ཤོས་ནི། སྒོང་ང་ཐམས་ཅད་སླེ་བོ་གཅིག་གི་ནང་ཏུ་བླུགས་བཞག་ཡོད་པ་དེ་རེད། འོན་ཏེ་འདི་ལ་ཉེས་འགན་ཁུར་མཁན་ཞིག་དགོས་ན། དེ་ཏག་ཏག་གཞོན་རབས་སློབ་མ་ཚོ་ཡིན་རྒྱུ་མ་རེད། སྐྱོན་དེའི་འགན་ཁུར་བ་ཞིག་ནང་ནས་བཙལ་དགོས་ན། ཏག་ཏག་རྒན་རབས་ཚོས་སློབ་གསོའི་ལམ་ལུགས་ཆ་ཚང་ཞིག་ཀྱང་ལེགས་གྲུབ་ཐུབ་མེད་པ་དེ་ལ་ཐུག་ཡོད། དེ་བས་ཚང་མས་སྙན་ངག་དང་གློག་བརྙན་དང་བརྩམས་སྒྲུང་སོགས་ལ་ཤི་འཐམ་རོ་འཐམ་བྱེད་པ་བདེན་མོད། དེ་ཡི་ནག་ཉེས་ནི་གཞོན་རབས་ལ་འགེལ་ཐབས་མེད། གཞོན་རབས་ནི་སློབ་གསོ་དེ་འདྲ་ཞིག་མྱོང་མཁན་ཙམ་ཡིན་པ་ལས་སློབ་གསོ་དེ་འདྲ་ཞིག་བཙུགས་མཁན་ནི་མ་ཡིན་ནོ། ། ༤ གཞོན་ནུས་ཕྲེང་བ་བཏགས་ན་ནག་ཉེས་དང་རྨོངས་རྟགས་ཞིག་གང་ལ་ཡིན། ཆོས་ལ་དད་པ་ཅན་གྱིས་ཆོས་ལ་དད་པ་བྱེད་ལོས་ཆོག ཆོས་སྒྲུབ་ཀྱིན་མེད་ཀྱང་ཕྲེང་བ་བཏགས་ན་ཡང་བོད་མིའི་ཆ་ནས་ཤིན་ཏུ་འོས་པ་ཡིན་ཏེ། དེ་ནི་དྲག་པོའི་སྤྱི་ཚོགས་འོག་གི་གེན་པོའི་ངོ་རྒོལ་ཞིག་ཡིན་པ་དང་། སྔ་ཚེ་མི་ནག་རྣམས་ཀྱིས་འདྲ་མཉམ་རྩོད་སྐབས། སྐྲ་ཟིང་ཟིང་དང་རྣ་རྒྱན་ཆེན་པོ་རྟགས་པ་དང་ངོ་བོ་གཅིག་རེད། དེ་ནི་མི་རིགས་ཀྱི་ངོ་རྟགས་འཚོལ་བའི་ཐབས་ཤེས་ཞིག་རེད། གལ་ཏེ་ཆོས་ལུགས་དུག་མཐོང་གི་གུ་དོག་དེའི་ནང་དུ་ལྷུང་བ་ཡིན་ན། ཕྲེང་བ་རིག་ན་འདྲེ་རིག་པ་ལྟར་བྱུང་བ་ཡིན་མོད། སྤྱི་ཚོགས་ཀྱི་ཆེ་ཕྱོགས་ནས་དེ་འདྲའི་དོགས་སྣང་ཡོད་མ་རེད། དེ་བས་གཞོན་པ་ཚོས་ཕྲེང་བ་བཏགས་ན་ང་རྒྱལ་དང་གཟི་བརྗིད་ཞིག་ཏུ་བརྩི་རྒྱུ་དང་། དེའི་ཐོག་ནས་མ་ཎི་དང་ཁ་འདོན་ཐུབ་ན་རབས་ཡིན། །
    རྩོམ་གཉིས་པ་ལས་ཁོང་གིས་སྙན་ངག་པ་རྒན་རབས་ཚོས་སློབ་ཆེན་པ་མགོ་སྐོར་མ་བཏོང་ཟེར་ནས་བརྗོད་འདུག དེ་ཡིན་ན་ཁོང་གིས་ཀྱང་གཞོན་རབས་ལ་ལམ་སྟོན་བྱེད་དགོས་ས་མ་རེད། ཁྱོད་ཚོས་གཞོན་ནུ་དག་ལུག་ཁྱུ་ཞིག་ཏུ་མཐོང་ནས་དེ་ལ་ངེས་པར་ཏུ་ལུག་རྫི་ཞིག་དགོས་པ་དྲན་ཡོད་དམ། གཞོན་ནུའི་ལམ་ནི་རང་རང་གིས་ཤེས་རབ་དང་འཇིག་རྟེན་ཤེས་བྱ་ལས་ཐོབ་ཐུབ་པ་ཡིན། དེ་ལ་སྙན་ངག་པས་བསླུ་བྲུད་མི་དགོས་པ་བདེན་མོད། དེ་ལ་དཔྱོད་ཤེས་ཅན་གྱི་རྒན་རབས་དག་གི་ལམ་ཁྲིད་ཀྱང་མི་དགོས་པ་དེ་བས་བདེན། ང་ཚོ་གཞིས་ནང་ལ་མཚོན་ན། ལོ་སུམ་བཅུ་ཡན་གྱི་མི་རབས་དེ་དག། གལ་ཏེ་གྲྭ་བ་དང་གྲྭ་ལོག་འདྲ་མིན་ན། ཆ་ཚང་གི་སློབ་གསོ་རག་ཡོད་མཁན་དུ་ཡོད། མི་རབས་དེ་ལ་རེ་བ་ཅི་ཡང་བཅོལ་དགོས་དོན་མེད། དེ་དང་ལྡོག་ནས། རེ་བ་གཞོན་རབས་ལ་བཅོལ། ལམ་སྟོན་དགོས་ན་གཞོན་རབས་ཀྱིས་ཕྱིར་རྒན་རབས་ལ་དགོས་པ་རེད་འདོད། །
    ----------------

  2. wochou

    སྤྱིར་མང་པོ་བཤད་དགོས་པ་མེད།
    མེ་ལྕེ་ཟེར་བའི་མི་འདིའི་བརྩམས་ཆོས་དང་དཔེ་ཆ་དེ་སྔོན་བཀླགས་མྱོང་ཡོད་། དེ་དུས་ནས་བཟུང་མི་འདིའི་བསམ་བློའི་དམིགས་བྱ་དང་། ཤེས་བྱའི་བློ་སྦྱོང་དེ་འདི་དང་གང་ལྟ་བུ་ཞིག་ཡིན་པར་དངོས་ནས་མག་མོག་ལ་གྱུར་འདུག་ལ། མི་འདིས་མཚམས་མཚམས་སུ་དེང་རབས་བཤད་ཀྱིན་རེད་ཟེར་ན་དེ་ཡང་གསལ་བོ་ཞིག་བཤད་ཐུབ་ཀྱིན་མེད་ལ། སྲོལ་རྒྱུན་བཤད་ཀྱིན་རེད་ཟེར་ན་སྲོལ་རྒྱུན་གྱི་ནང་དུ་སླད་བསྲེས་འདུག་པ་དང་། དགག་བཞག་གི་བསམ་བློའི་ངོས་ཐད་ནས་བཤད་རྒྱུ་རེད་ཟེར་ན་དེའི་ཐད་ལའང་བསམ་གཞིགས་དངོས་མ་ཞིག་དང་། བསམ་ཚུལ་གསར་བ་ཞིག ཡང་ན་མི་དག་ལ་གོ་དོན་འདི་དང་གན་ཞེས་པའི་དོན་ཚིག་གནད་ལ་འཁེལ་བ་ཞིག་ཀྱང་བཤད་མ་སོང་བར། མཐར་གཏུགས་ཀྱི་དཔྱོད་ཤེས་ཀྱི་རྡོག་དོན་དེའང་ངེས་གཏན་ཞིག་མེད་པར། ཕར་ལྟས་ཚོད་ཀྱི་བཤད་ལ་དགའ་ཞིང་ནར་མ་སོན་པའི་ མག་མོག་གི་ ཕུགས་བློ་ཞིག་མ་གཏོགས་དངོས་ནས་ཅི་ཡང་མཐོང་མ་སོང་། ཉེ་སྔོན། ཁོ་ནས་སློབ་ཆེན་པ་མགོ་སྟོང་ཚོ་གླེང་བ་ཞེས་པའི་རྩོམ་ཡིག་ཅིག་དྲ་ཐོག་ཏུ་འདུག་པ་དེ་མཐོང་ནས། ཤེས་ཡོན་པ་ཞིག་གིས་སྐད་ཆ་འདི་ལྟ་བུའང་བཤད་སྲིད་དམ། ཁ་ཕྱོགས་དང་མཛུབ་སྟོན་འདི་ལྟ་བུ་བྱས་ན་ང་ཚོའི་ནར་མ་སོན་པའི་མི་དག་ལམ་ལོག་ལ་མི་འགྲོ་རང་འགྲོ་རེད་སྙམ་ནས་རེ་ཞིག་ཧ་ལས་ཤིང་། ཁེར་དགོད་ཅིག་རང་དབང་མེད་པར་ཤོར་སོང་།
    གཅིག རྩོམ་རིག་སྒྱུ་རྩལ་གྱི་བློ་སྦྱོང་ནི་མི་རིགས་ཤིག་གི་བསམ་བློའི་རྟོག་སད་དང་། འཇིག་རྟེན་ལ་དཔྱད་འཚོལ་བྱེད་པའི་ཚངས་ཐིག སྤྱི་ཚོགས་ལ་གསེལ་བཀྲོལ་བྱེད་པའི་ཡོ་བྱད་ཅིག་བཅས་ཡིན་ནོ། ང་ཚོའི་སློབ་ཆེན་པ་ཕར་ཞོག་གཞན་རྩོམ་མཁན་དག་གིས་རྩོམ་རིག་ཟེར་བའི་ལག་ཆ་འདི་ལ་བསྟེན་ནས། མི་རིགས་ཤིག་གི་འཚོ་གནས་དང་ཆག་འཇིག ཁ་ཕྱོགས། བརྩེ་ཞེན། མུན་འཐོམ་སོགས་ལ་མཛུབ་སྟོན་དང་མཚང་འབྱིན་གནད་ལ་འཐིམས་པ་ཞིག་ད་དུང་བྱེད་ཐུབ་ཀྱིན་མེད་ལ། ང་ཚོས་ད་དུང་ངེས་པར་དུ་རྩོམ་རིག་སྒྱུ་རྩལ་ཐད་ཀྱི་ཤེས་བྱ་དང་གསར་རྩོམ་ཧ་ཅང་ཞན་འདུག་ལ། དེའི་ཐད་ཤུགས་ཆེན་པོ་རྒྱག་དགོས་འདུག
    གཉིས། སྙན་ངག་དང་བརྩམས་སྒྲུང་། གཏམ་རྒྱུད། ལྷུགས་རྩོམ། ཟློས་གར་སོགས་ནི་བོད་སྐད་ཡིག་མི་ཉམས་འཕེལ་རྒྱས་གཏོང་བྱེད་ཀྱི་་ཆེས་རྨང་གཞིར་གྱུར་བའི་ཐབས་ལམ་དང་སྦྱང་ཚན་ཡིན་ལ། བོད་སྐད་ཡིག་སློབ་དགོས་ན་འདི་དག་ནི་སྲོག་ཤིང་ལས་ཀྱང་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་ཚང་མས་ཤེས་གསལ་ཡིན་ལ། ང་ཚོར་བོད་ཡིག་དགོས་ན་འདི་དག་ལ་སྦྱང་བརྩོན་དགོས་ལ། འདི་དག་སྣང་མེད་དུ་བཞག་ན་བོད་ཡིག་ཀྱང་རིམ་བཞིན་ཉམས་ཞན་དུ་འགྲོ་བའི་་གནས་ལུགས་དེ་ཤེས་པར་གྱིས་ཤིག
    གསུམ། ང་ཚོ་ཤེས་ཡོན་པའི་སྡེ་རུ་ཤེས་ཡོན་པ་རྫུས་མ་ཁ་ཤས་ཤིག་གིས་དབང་བསྒྱུར་དང་། སྒེར་གཅོད་བྱེད་དང་བྱེད་བཞིན་འདུག་ལ། འདི་དག་གིས་ཤེས་རིག་དང་བློ་ཁོག མིག་རྒྱང་མེད་པའི་རྩོམ་ཐན་ཐུན་གྱིས་ང་ཚོའི་སློབ་ཆེན་པ་གཙོ་བྱས་ནས་སློབ་མ་དང་། མི་མང་པོ་ཞིག་ལ་མི་ཤེས་ཤེས་ཁལ་ངང་ལོང་བས་མཛུབ་སྟོན་བྱེད་རྒྱུར་དགའ་བ་འདི་ཡིས་བོད་པའི་སྤྱི་ཚོགས་སུ་ཆེས་ཚབ་ཆེ་བའི་ཉེན་ཁ་དང་ཆེས་ཡིད་སྐྱོ་བའི་གནས་ཤིག་དང་སྣང་ཚུལ་ཞིག་རེད། མ་ཤེས་ན་མཛུབ་སྟོན་མི་བྱེད་པར་མཁྱེན།
    བཞི། ང་ཚོས་ཕ་སྐད་སློབ་གསོ་ཉེན་གནས་སུ་འདུག་པའི་དུས་འདིར། སྐད་ཆ་འདི་རིགས་བཤད་ན་དངོས་ནས་མི་རིགས་ཅིག་གི་སྐད་དང་ཡིག་གེ་ལ་འགན་མ་འཁུར་བའི་ལོང་བཤད་ཅིག་ལས་མ་འདས། ཤེས་ཡོན་མེད་པའི་ཤེས་ཡོན་པ་དག སྐད་ཆ་ཅི་ཞིག་བཤད་ནའང་ཐོག་མར་མི་རིགས་ལ་འགན་འཁུར་རོགས། ཞུ་བ་བྱས་པ་ཡིན། བོད་ཕྲུག་་ཁེར་འགྲོ་ནས།

  3. མི་དྲང་མོོ

    མེ་ལྕེ་ལགས་ནས་ཡུས་ཅེ་དང་མོ་ལོ་སོགས་ཀྱི་དཔེ་དེབ་ལ་ལྟས་ནས་སྐད་ཆ་མ་བཤད་ལགས། རྒྱ་ནག་པའི་ཤེས་ཡོན་པའི་སྡེ་རུ་ཡུས་ཅེ་དང་མོ་ལོ་སོགས་ཀྱི་བསམ་བློར་དོགས་གཞི་ཆེན་པོས་ཁེངས་ཡོད དེ་ཁྱོད་ཁོ་ནར་བཤད་པ་མིན། དེ་དག་རྒྱབ་སྟེན་བཅོས་ནས་བསམ་བློ་འཚོལ་མཁན་དང་སྐད་ཆ་ལབ་མཁན་གྱི་མི་དེ་དག་ལ་སྨྲས་པ་ཡིན

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།