བསམ་གཏན་ལ་བརྟེན་ནས་དོགས་འཚེར་སེམས་ནད་འཇོམས་པ།

 

  ༢༠༡༦ལོའི་ཟླ༡༠བའི་ཚེས༦ཉིན། འཛམ་གླིང་ཀྲུང་མཐུན་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་རིག་གཞུང་ལོ་ཚོགས་སྐབས་གསུམ་པ་དང་བོད་ཀྱི་གསོ་བ་རིག་པའི་ལུས་སེམས་བདེ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེ་ཨ་མེ་རི་ཀའི་ཧར་བིར་སློབ་ཆེན་གྱི་གསོ་རིག་སློབ་གླིང་དུ་བསྡུས། སྤྲུལ་སྐུ་རྒྱ་མཚོ་ཡང་ཚོགས་འདུ་ལ་ཕེབས་ཏེ《བསམ་གཏན་ལ་བརྟེན་ནས་དོགས་འཚེར་སེམས་ནད་འཇོམས་པ》ཞེས་པ་གཏམ་བཤད་གནང་། དེ་ཡང་གཏམ་བཤད་ཀྱི་ནང་དོན་ཆ་ཚང་གཤམ་གསལ་ལྟར།


བསམ་གཏན་ལ་བརྟེན་ནས་དོགས་འཚེར་སེམས་ནད་འཇོམས་པ།

དེ་རིང་འཛམ་གླིང་གི་ཆེས་མཐོའི་གཙུག་ལག་སློབ་གླིང་ཧར་བིར་སློབ་ཆེན་གྱི་གསོ་རིག་སློབ་གླིང་དུ་ཡོང་སྟེ། ལྷན་རྒྱས་ལ་བོད་ལུགས་གསོ་རིག་གི་ཡན་ལག་སྔགས་ཀྱི་བཅོས་ཐབས་ཁྲོད་ཀྱི་བསམ་གཏན་དང་དོགས་འཚེར་སེམས་ནད་གསོ་བཅོས་ཐད་རང་གི་དྲན་འཆར་བརྗོད་པའི་གོ་སྐབས་རག་པ་ལ་ངོས་ནས་གཟི་བརྗིད་དུ་བསམས་ཡོད་ལ། ལྷག་དོན་ཨ་རི་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་ཚན་རིག་ཞིབ་འཇུག་ལས་ཁུངས།རྒྱལ་ཁབ་ཁག་ནས་ཕེབས་པའི་བོད་རིག་པ་སྨྲ་བ། ཀུན་གྱིས་སེམས་གཏིང་ནས་གུས་བཀུར་ཞུ་བའི་རྒན་རབས་པ་རྣམས་དང་ལྷན་གཅིག་ཏུ་འཛོམས་པ་ལ་ཧ་ཅང་དགའ་བོ་བྱུང་། ཁྱེད་ཅག་གིས་ཁོ་བོར་བློ་སྐྱེད་མང་དུ་བསྩལ་བས་ན། ཁྱེད་ཅག་ལ་སྙིང་དབུས་ནས་བཀའ་དྲིན་ལན་མང་ཞུའོ།།

ལོ་ལྔའི་སྔོན་དུ་ཁོ་བོ་ཧར་བིར་སློབ་ཆེན་དུ་བསླེབས་མྱོང་། ད་ལྟ་ཡང་བསྐྱར་སློབ་ཆེན་འདིར་འབྱོར་དུས།སྔར་གྱི་གྲོང་ཁྱེར་དང་བཟོ་བཀོད་སྔར་བཞིན་མཐོང་ལམ་དུ་མངོན་ཡང་། མི་འདྲ་བ་ནི་གནས་འདིའི་སྐྱེ་བོ་རྣམས་ཀྱིས་འཇིག་རྟེན་དང་མི་ཚེ་ལ་འཚོལ་ཞིབ་རྒྱུན་མ་ཆད་པར་གནང་བ་དང་། སྐྱེ་དངོས་གསོ་རིག་ལ་བསམ་གཞིག་གསར་བ་གནང་བ་དེའོ།། འགྲོ་བ་མིའི་ཤེས་རབ་ཀྱིས་ཕྱུག་པའི་གནས་མཆོག་འདི་རུ།དུས་རབས་དུ་མ་ལས་འགོངས་པའི་རིག་གཞུང་ཞིབ་འཇུག་མཆི།

ད་ལྟ་ཁོང་ཅག་བོད་ཀྱི་གསོ་རིག་ལ་དགའ་མོས་སྐྱེས་ཤིང་། དེའི་ཁྲོད་དུ་ཧར་བིར་ལྷ་རིག་སློབ་གླིང་དང་གསོ་རིག་སློབ་གླིང་། མཚན་ཉིད་རིག་པའི་སློབ་གླིང་། ཐ་ན་ཨ་རི་ཧྲིལ་བོའི་རིག་གཞུང་ལས་རིགས་དང་གསོ་རིག་ལས་རིགས་ཀྱང་འདུ་ལ། ཀུན་གྱིས་བོད་ཀྱི་གསོ་རིག་ལ་དོ་སྣང་དང་ཞིབ་འཇུག་བགྱིད་མུས་རེད། གོ་རིམ་འདིའི་ནང་། བོད་ཀྱི་གསོ་རིག་གིས་ཀྱང་ཁོ་ཚོའི་ལུས་སེམས་ལ་ཟུར་ངོས་མི་འདྲ་བའི་ཐོབ་ཆ་གནང་ཡོད་པ་རེད།

ཐེངས་འདིར་ཧར་བིར་གྱིས་བསྒྲུབས་པའི་འཛམ་གླིང་བོད་ལུགས་གསོ་རིག་གླེང་སྟེགས་ཀྱིས་གྲུབ་འབྲས་མི་དམན་པ་བླངས་ཤིང་། ནུབ་ཕྱོགས་ལ་བོད་ལུགས་གསོ་རིག་ཁྱོན་ཡོངས་ནས་ངོས་ཟིན་ཐོབ་ཏུ་བཅུག་ཡོད།བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་མོ་བཞིའི་ནང་ཚན་ཡིན་ཞིང་། དེ་ནི་ལོ་ངོ༢༣༠༠ལྷག་གི་ལོ་རྒྱུས་ཀྱི་གོ་རིམ་བརྒྱུད་དེ། ཐུན་མོང་མ་ཡིན་ཞིང་ཆ་ཚང་བའི་གཞུང་ལུགས་མ་ལག་དང་གསོ་དཔྱད་ཀྱི་ཁྱད་ཆོས་མངོན་པར་རྫོགས་པས། དེས་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་ཆེན་མོ་བཞིའི་ཁྲོད་གོ་གནས་འགངས་ཆེན་ཟིན་ཡོད། བོད་ཀྱི་གསོ་རིག་གིས་བོན་གྱི་གསོ་རིག་འབུམ་བཞི་གཞིར་བཟུང་སྟེ། ལོ་ངོ་སྟོང་ཕྲག་དུ་མ་བརྒྱུད་ཞང་ཞུང་གི་བོན་པོའི་ཆོས་ལུགས་ནས་སངས་རྒྱས་ཆོས་ལུགས་ཀྱི་རིམ་འགྱུར་ཁྲོད་ཐོད་བརྒལ་དང་གནས་འགྱུར་ཆེན་པོ་བྱུང་། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་ཏུ་དབྱར་རྩྭ་དགུན་འབུ་དང་སྲོ་ལོ་དམར་པོ། གངས་ལྷ་མེ་ཏོགགུར་ཀུམ་སོགས་འཛམ་གླིང་རིམ་པའི་སྨན་རྩྭ་གྲགས་ཅན་མང་དུ་སྐྱེ་ཞིང་། གཞན་མིང་མི་ཟིན་པའི་བོད་སྨན་རྩ་ཆེན་བགྲང་གིས་མི་ལང་ངོ་།།
མདོ་དབུས་མཐོ་སྒང་ལ་འཛམ་གླིང་གི་རྒྱ་ཕིབས་སུ་འབོད་ཅིང་། གནས་འདིའི་རྩྭ་སྨན་མི་ཉུང་བ་ཞིག་ནི་ཡུལ་གྲུ་གཞན་དུ་བཙལ་དུ་མེད། བོད་ཀྱི་གཏམ་རྙིང་བ་ལ། ནད་པ་སྨན་པ་བཟང་བོར་བརྟེན། སྨན་པ་སྨན་བཟང་བོར་བརྟེན། སྨན་བཟང་བོ་སྨན་རྒྱུ་བཟང་བོར་བརྟེན། ཞེས་ཟེར་བ་བཞིན་དུ། སྨན་རྒྱུ་བཟང་བོ་ནི་སྐྱེ་ལེགས་པོ་ཡོང་བའི་ཁོར་ཡུག་ལ་བརྟེན་པས་ན། མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་སྨན་རྒྱུ་ཆེས་པོ་འབྱུང་བའི་ཁུངས་ཀྱང་ཡིན་ནོ།།

འཛམ་གླིང་ཡུལ་གྲུ་སོ་སོ་ནས་ཕེབས་ཤིང་མི་རིགས་མི་འདྲ་ལ་ཤ་མདངས་ཀྱང་མི་འདྲ་བའི་བོད་ལུགས་གསོ་རིག་གི་ཆེད་མཁས་རྣམས་ཀྱིས་ཟུར་ཚད་མི་འདྲ་བ་ནས་བོད་ཀྱི་གསོ་རིག་གི་སྲོལ་རྒྱུན་དང་དེང་རབས་ཀྱི་ཟུང་འབྲེལ་དང་། བོད་ཀྱི་གསོ་བ་རིག་པའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཕྱོགས་ནས་ཞིབ་བརྗོད་གནང་བ་ལས།ཁོ་བོའི་རྒྱུད་ལའང་ཤེས་བྱ་མི་ཉུང་བ་འབྱོར་སོང་། ང་རང་གིས་དོ་སྣང་བླ་ལྷག་བྱེད་པ་ནི་བོད་ཀྱི་གསོ་རིག་གི་སྔགས་ཀྱི་བཅོས་ཐབས་ཁྲོད་བསམ་གཏན་ལ་བརྟེན་ནས་དོགས་འཚེར་སེམས་ནད་འཇོམས་པ་དེ་ཡིན། བོད་ཀྱི་གསོ་རིག་ནི་གནའ་བོའི་གསོ་རིག་མ་ལག་གཞན་དག་དང་འདྲ་བར་རིམས་ནད་གསོ་བཅོས་དང་སྔོན་འགོག་བྱ་ནུས་ལ། དེའི་འབུར་ཐོན་ཁྱད་ཆོས་ནི་ནང་སེམས་ཀྱི་ཤིན་སྦྱངས་ལ་བརྟེན་པའི་གསོ་བཅོས་ལ་གཙིགས་ཆེན་བྱེད་པ་དེ་ཡིན།

གླེང་རི་བ་ཞིག་ལ། སྲོལ་རྒྱུན་བོད་ཀྱི་གསོ་རིག་གི་སྲོལ་འབྱེད་གཡུ་ཐོག་ཡོན་ཏན་མགོན་པོས་སྨན་པ་རྣམས《དཔལ་ལྡན་རྒྱུད་བཞི》སློབ་པར་བསྐུལ་བ་ལས་གཞན། བོད་ཀྱི་གསོ་རིག་གི་བློ་སྦྱོང་སྟེ《གཡུ་ཐོག་སྙིང་ཐིག》གི་སྒྲུབ་ཐབས་ཡལ་བར་མི་འདོར་བར་མི་སྒེར་གྱི་བློ་སྦྱོང་དང་བོད་ལུགས་གསོ་རིག་ཤེས་བྱ་ཆིག་སྒྲིལ་སྒོས་ནད་པའི་ལུས་སེམས་ཀྱི་སྡུག་བསྔལ་སེལ་བར་བསྐུལ་བ་དེའོ།། དོགས་འཚེར་སེམས་ནད་ཕོག་མཁན་ནི་མི་རྒྱུན་ལྡན་དང་ཁྱད་པར་ཆེར་མེད་མོད། གལ་ཏེ་མི་ཆེ་གེ་མོར་ཁེར་རྐྱང་གི་དུས་སུ་རང་སྣང་ཡུལ་ཅན་དང་ཕྱི་རོལ་ཡུལ་གྱི་རྐྱེན་གྱིས་བློ་ཁ་ལ་འགྱུར་བ་མངོན་སྐབས། གཏམ་སྤྱོད་རྒྱུན་ལྡན་མ་ཡིན་པ་ངང་གིས་འབྱུང་བར་བྱེད། དཔེར་ན་ཉིན་འགའི་སྔོན་ལཱ་སི་བེ་ཅ་སི་ནས་མེ་མདའ་འཕངས་ཏེ་མི་གསོད་དོན་རྐྱེན་བྱུང་བ་དེས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་སྐྱོ་བ་དང་ཕངས་པ་ཚད་མེད་སྦྱིན། ལག་དམར་དེས་ཀྱང་རང་སེམས་བདག་ཏུ་མ་ནུས་པར་སྐྱེ་བོ་ཉེས་མེད་དེ་འདྲའི་མང་བོ་ཞིག་ལ་སྡུག་བསྔལ་གྱི་ཚོར་བ་ཚབས་ཆེན་བསྐྱེད་པ་རེད། གལ་ཏེ་མི་གཅིག་གི་ནང་སེམས་ལ་ཞི་བདེ་བྱུང་ན། འཛམ་གླིང་དེར་བསྟུན་གྱི་ཞི་བདེ་འོང་།

དེ་ལས་ལྡོག་སྟེ། ནང་སེམས་ཞེ་སྡང་གིས་ཁེངས་ན། འཛམ་གླིང་དེར་བསྟུན་གྱི་ཞེ་སྡང་གིས་འགེངས་སྟབས། དུས་ཚོད་མང་བོ་སྤྱད་དེ་ནང་སེམས་ལ་ཞིབ་འཇུག་བགྱི་འོས་ལ། རྣམ་པ་མང་བོ་སྤྱད་དེ་ནང་སེམས་ལ་རོགས་རམ་བྱ་དགོས།
མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤེལ་བ་ལྟར་ན། འཛམ་གླིང་ན་དོགས་འཚེར་སེམས་ནད་ལྕི་མོ་ཕོག་པའི་མི་དུང་ཕྱུར་གསུམ་བརྒལ་བ་རེད། བྱ་བ་དང་འཚོ་བའི་གནོན་ཤུགས་ཆེན་པོ་དང་། འགལ་རྐྱེན་ཆེན་པོར་འཕྲད་པ། ཐ་ན་གྲོང་ཁྱེར་གྱི་རླངས་འཁོར་ཁེགས་པ་དང་མཁའ་དབུགས་ཀྱི་སྤུས་ཚད་སོགས་ཀྱང་དོགས་འཚེར་སེམས་ནད་འབྱུང་རྐྱེན་དུ་འགྱུར་སྲིད། དོགས་འཚེར་སེམས་ནད་ནི་རྒྱུན་མཐོང་གི་སེམས་ནད་ཅིག་ཡིན་ཞིང་། ཚན་རིག་ཞིབ་འཇུག་གི་གསལ་བཤད་ལྟར་ན། འགྲོ་བ་མིའི་གནོན་འགོག་ནུས་ཤུགས་དང་ཆོས་ཉིད་མེད་པའི་འཚོ་བ་རོལ་སྟངས་ཀྱིས་ལུས་པོའི་མ་ལག་གི་བྱེད་ནུས་འཁྲུག་སྟེ་མཇུག་མཐར་སེམས་ཁམས་མི་བདེ་བ་འབྱུང་བར་བྱེད་ཅིང་། འདིས་འགྲོ་བ་མིའི་དོགས་འཚེར་སེམས་ནད་སྔར་བས་ཇེ་མང་དུ་གཏོང་། དོགས་འཚེར་སེམས་ནད་ལ་རིམ་ངོས་མང་ཞིང་ཁ་ནས་གཏིང་དུ་འགྲོ། སངས་རྒྱས་ཆོས་ལུགས་ཀྱི་ལྟ་དགོངས་ལྟར་ན། ཉོན་མོངས་པ་ནི་སྡུག་བསྔལ་གྱི་འབྱུང་རྩ་ཡིན་པ་རེད། ཟུར་ཚད་འདི་ནས་བསམས་ན། མི་ཡོད་དོ་ཅོག་ལ་དོགས་འཚེར་སེམས་ནད་ཡང་མོ་ཕོག་ཡོད་འདུག

ཨ་ཤེ་ཡའི་མི་ནི་ངོ་སོ་བསམ་པར་དགའ་བས། སེམས་ཁམས་ཀྱི་རིམས་ནད་ནི་གླེང་ན་ངོ་ཚ་བའི་གནས་ཤིག་ཡིན་པར་འདོད་ཅིང་། འདི་ཡང་ཤར་ཕྱོགས་རིག་གནས་ཀྱིས་བསམ་པའི་རིམས་ནད་ལ་སྣང་ཆུང་བྱེད་པ་དང་འབྲེལ་ཆེ། དེའི་སྟབས་ཀྱིས་མི་མང་བོས་དོགས་འཚེར་སེམས་ནད་ཕོག་ཡོད་ཀྱང་སྦ་གསང་སྒོས་ཁྱིམ་མི་དང་སྨན་པར་མི་བཤད་ལ། ནད་བབ་ནི་སྔར་བས་ཇེ་ལྕི་དང་ནད་ཡང་ཡང་འཕར་བ་རེད། དེ་འདྲ་ཞིག་ཡིན་ཙ་ན། གལ་ཏེ་བསམ་གཏན་གྱི་བཅོས་ཐབས་སྔ་མོ་ནས་ཤེས་ཤིང་སྤྱད་ན། མཇུག་འབྲས་སྔར་བས་ལེགས་ངེས་མོད།དེ་ལས་ལྡོག་སྟེ་འབྲིང་རིམ་དང་གཏིང་རིམ་གྱི་ངོ་བོར་སོང་ན། གསོ་བཅོས་བྱས་ཀྱང་དཀའ་ངལ་ཤིན་ཏུ་ཆེ། ཡིན་ཡང་བསམ་གཏན་གྱི་བཅོས་ཐབས་ཀྱིས་ཏག་ཏག་ནད་པར་མཁོ་བའི་དྲག་སྐྱེད་ནུས་ཚད་དང་གསང་དོན་གྱི་བར་སྟོང་སྦྱིན་ནོ།།

སྲོལ་རྒྱུན་གྱི་སྨན་རྫས་ནི་དོགས་འཚེར་སེམས་ནད་སེལ་བར་ཕན་འབྲས་མངོན་གསལ་ལྡན་ཡང་། སྨན་བསྟེན་མཚམས་བཞག་ཚེ་ཡང་བསྐྱར་འབྱུང་སླ། སྲོལ་རྒྱུན་བོད་ལུགས་གསོ་རིག་ཏུ་ལུས་སེམས་བདེ་ཐང་ཡོང་བར་གསོ་ཐབས་རྣམ་པ་ལྔ་ཡོད་དེ། ཟས་སྤྱོད་སྨན་དཔྱད་བཅས་བཞི་དང་། ལྔ་བ་ནི་བོད་བརྒྱུད་ནང་བསྟན་དང་སྲོལ་རྒྱུན་བོད་ལུགས་གསོ་རིག་ཟུང་འབྲེལ་སྒོས། ལུས་ལ་རྣལ་འབྱོར་དང་ངག་ལ་སྔགས། ཡིད་ལ་ཏིང་ངེ་འཛིན་སྒོམ་པའོ།། ལུས་ཀྱི་བསམ་གཏན་ལ་བརྟེན་ནས་བརྐྱངས་ཕྱག་འཚལ་བ་དང་རླུང་སྦྱོར་གྲངས་མེད་པའི་རྗེས་སུ་ལུས་པོ་ལ་བརྟེན་ནས་རླུང་གི་རྒྱུ་བར་ཚོད་འཛིན་པ་དང་སེམས་བདེ་ལ་འབེབས་པར་བྱེད་ཅིང་། མཇུག་ཏུ་སྒོམ་བརྒྱབ་སྟེ་སེམས་ལ་རྟོག་པར་བྱེད། ངག་ནས་སྔགས་ཡང་ཡང་བཟླ་བ་ནི་བོད་མི་ཀུན་གྱིས་ཡིག་དྲུག་ཡང་ནས་ཡང་དུ་འདོན་པ་ལྟ་བུ། སེམས་རྣལ་ལ་ཕབ་སྟེ་སྔགས་ཟློ་བ་ཡིས་དམིགས་པ་གཅིག་ཏུ་བསྡུ་བར་ཕན་ཞིང་ཡུན་རིང་དེ་ལྟར་བགྱིས་ན་ནང་སེམས་ཀྱི་ཞི་བ་ཡང་དེར་བསྟུན་གྱིས་མང་དུ་འཕེལ། དེའི་ཁར་སངས་རྒྱས་བྱང་སེམས་ལ་ཡིད་ཆེས་འཕེལ་ན། བྱིན་གྱིས་རླབས་ཀྱིས་དམིགས་པ་གཅིག་ཏུ་གཏོད་པའི་ཡུན་རིང་བར་འགྱུར། ཡིད་བརྒྱུད་ནས་ཁྲེགས་ཆོད་དང་ཐོད་བརྒལ། འོད་གསལ་རྫོགས་པ་ཆེན་པོ་བཅས་བོད་བརྒྱུད་ནང་བསྟན་ལ་ཐུན་མིན་དུ་མངའ་བའི་སྒྲུབ་ཐབས་བརྒྱུད། གཞི་རྩའི་ཆ་ནས་མི་རྣམས་ཀྱི་ནང་སེམས་ལ་ཕན་ཞིང་སེམས་ཅན་ཀུན་ལ་ཕན་པར་བྱེད། གྲོང་ཁྱེར་དུ་མི་རྣམས་ཀྱི་སེམས་ཁམས་ཀྱི་ནད་ཡམས་ནི་ཉིན་ནས་ཉིན་དང་ལོ་ནས་ལོར་ཚབས་ཆེ་རུ་འགྲོ་བཞིན་ཡོད་ལ། གཤིས་ཀ་དང་ལས་ཀྱི་དབང་གིས་སོ་སོའི་ནད་རྟགས་ཀྱང་མི་འདྲ་མོད། བསམ་གཏན་ནི་དེ་དག་ཀུན་ལ་གོ་ཆོད་པ་ཞིག་སྟེ། རྒྱུན་དུ་བསམ་གཏན་བསྒོམས་ན་རང་ཅག་གི་བདེ་སྐྱིད་ཀྱི་ཚོར་བ་དང་བདག་གཞན་མཉམ་བརྗེའི་སེམས་བསྐྱེད་ནུས་ཕྱིར། དེ་ནི་དོགས་འཚེར་སེམས་ནད་ཀྱི་གསོ་ཐབས་མཆོག་གོ།

བོད་བརྒྱུད་ནང་བསྟན་ལ་བསྙེན་མཚམས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་། སྲོལ་རྒྱུན་ལ་ལོ༣དང་ལོ༦ལོ༩ལ་བསྙེན་མཚམས་ལ་བཞུགས་ལ། ཚེ་གང་བོ་བསྙེན་མཚམས་ལ་བཞུགས་པ་ཡང་ཡོད། བསྙེན་མཚམས་ལ་བཞུགས་པའི་དུས་རིམ་མི་འདྲ་བར་སྦྱང་བྱ་ཤིན་ཏུ་མང་།
ང་ཚོས་དེ་དག་ལ་གོ་བ་ལེན་དཀའ་སྟེ། རྒྱུ་མཚན་གསང་སྔགས་ཡིན་ཕྱིར། སློབ་དཔོན་གྱི་ལུས་ངག་ཡིད་གསུམ་ནས་གཅིག་ལ་གཅིག་བརྒྱུད་ཀྱི་དབང་ལུང་ཐོབ་དགོས་པས་ན། བོད་ཀྱི་ནང་བསྟན་གྱི་སྒོམ་སྒྲུབ་ལྟེ་གནས་རེ་རེ་ནི་བསམ་གཏན་གྱི་ཚོད་ལྟ་ལྟེ་གནས་ཡིན་ཞེས་སྨྲ་ཆོག འཛམ་བུ་གླིང་ན་དམིགས་གཏད་དང་ཏིང་ངེ་འཛིན་གྱི་སྒྲུབ་ཐབས་ཤིན་ཏུ་མང་ན་ཡང་། བསམ་གཏན་སྒོམ་སྟངས་སྣ་མང་ཅན་དང་སློབ་དཔོན་གྱི་ཉམས་མྱོང་ཆེས་འཛོམས་པ་ནི་བོད་བརྒྱུད་ནང་བསྟན་ཡིན། དམིགས་གཏད་དང་བསམ་གཏན་གྱི་ཉམས་མྱོང་ཆེན་པོ་ལྡན་པའི་སློབ་དཔོན་རེ་རེས་ང་ཚོ་ལ་རིན་ཐང་བྲལ་བའི་བྱིན་རླབས་དང་མཛུབ་སྟོན་གནང་།

དུས་རབས༢༡པའི་ནང་ཏིང་ངེ་འཛིན་དང་སྲོལ་རྒྱུན་བོད་ཀྱི་གསོ་རིག་བོད་ལུགས་གསོ་རིག་གི་སྒོམ་བཟླས་བཅས་ནི་འགྲོ་བ་མིའི་རིགས་ལ་དོན་སྙིང་གལ་ཆེན་ལྡན་པར་ང་རང་ཡིད་ཆེས་ཡོད། དེ་ནི་མིའི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་ལ། ལྷག་ཏུ་ཧ་ཅང་ཕུན་སུམ་ཚོགས་པའི་ཚན་རིག་དང་གསོ་རིག་གི་གཏེར་མཛོད་ཡིན། མཇུག་མཐར། འདིར་བཞུགས་ཀུན་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་ཀྱི་གླེང་སྟེགས་སྟེང་ཡང་བསྐྱར་འཕྲད་པར་སྨོན།

—— ཤཱཀྱའི་རྗེས་འཇུག་པ་རྒྱ་མཚོས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།