སྙན་ངག་ཁོ་ནར་འཐམ་པ་ཕམ་པའི་རྒྱུ།

 

མེ་ལྕེ།

གངས་ཅན་ཡུལ་གྱི་རྩོམ་པའི་སྡེའི་ཡི་གེ་པ་ཕལ་མོ་ཆེ་ནི་སྙན་ངག་པ་རེད། སྙན་ངག་པ་རྣམས་ལ་ཁ་ཕོ་ཆེ། འུད་སྒྲོག་མང་། མགོ་འཕང་མཐོ། སྙན་ངག་པ་རྣམས་གཡམ་རྒྱུག་ལ་དགའ། དྲན་འཕྲུལ་ལ་བྱང་། སྤྲེལ་ལད་ལ་མཁས།

ཁོང་ཚོས“འགན་འཁྲི་ཞིག་ཕྲག་ལ་མེད་ཚེ། །སྒྱུ་རྩལ་ནི་སྦྲུམ་དུ་མེད་དོ”ཞེས་པའི་རྩ་ཚིག་འདི་ཐེད་ལ་བོར་ཅིང་། “སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བྱེད་ལོ”ཟེར་བའི་ཁ་གཡང་ཞིག་སྒྲོག་པར་བྱེད།

ཁོང་ཚོས“གདུང་སེམས་དང་འགན་འཁྲི་ཡོད་ན་ད་གཟོད་སྒྱུ་རྩལ་ཡོད་པའི”མན་ངག་འདི་རིས་སུ་དོར་ཅིང་། “སྙན་ངག་ནི་རང་ཉིད་ཀྱི་ཕྱིར་དུའོ”ཟེར་བའི་བསྒྲགས་གཏམ་ཞིག་སྤེལ་བར་བྱེད།

སྙན་ངག་པ་ལ་སྒེར་གཤིས་ཡོད་པ་བདེན་ཡང་། སྒེར་གཤིས་དེ་ཨུ་ཚུགས་དང་འགྲོགས་ནས་ཡོད། སྙན་ངག་པ་ལ་རང་ཚུགས་ཡོད་པ་བདེན་ཡང་། རང་ཚུགས་དེ་ང་རྒྱལ་གྱིས་སྦོས་ནས་ཡོད། སྙན་ངག་པ་ཡི་ཚོར་བ་རྣོ་བ་བདེན་ཡང་། ཚོར་བ་དེ་ཕྱོགས་ཞེན་གྱིས་བསླད་ནས་ཡོད། སྙན་ངག་པ་ཡི་བློ་མིག་གསལ་བ་བདེན་ཡང་། བློ་མིག་དེ་སྒམ་དཀྱེལ་གྱིས་ཕོངས་ནས་ཡོད།

སྙན་ངག་པ་རྣམས་ཀྱིས་སྙན་ངག་ནི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དང་འདོད་དགུ་འཇོ་བའི་ནོར་བུ་ཡིན་པར་རློམ་གྱི་ཡོད་ལ། དེ་ལ་དེ་མཚུངས་ཀྱིས་སློབ་ཆེན་པ་དག་གིས་ཀྱང་སྙན་ངག་ནི་རང་སེམས་གསོ་བའི་སྐྱོ་གླུ་དང་རང་རྣ་བརྒྱན་པའི་སྙན་ཤལ་དུ་འདོད་ཀྱིན་ཡོད།

སྙན་ངག་པ་རྣམས་ཀྱིས་སྙན་ངག་ནི་ཡོན་ཏན་ཀུན་གྱི་རྩ་བ་དང་སྒྱུ་རྩལ་ཀུན་གྱི་ཉིང་ཁུ་རུ་རློམ་གྱི་ཡོད་ལ། དེ་ལ་དེ་མཚུངས་ཀྱིས་སློབ་ཆེན་པ་དག་གིས་ཀྱང་སྙན་ངག་ནི་མ་རིག་མུན་སེལ་གྱི་སྒྲོན་མེ་དང་འཚོ་བྱེད་སྨན་མཆོག་གི་བདུད་རྩི་ཡིན་པར་འདོད་ཀྱིན་ཡོད།

ཇི་སྐད་དུ“ཨོ་ཧྲི་ཝེ་ཚི[1]ཡི་གཞུག་ནས་སྙན་ངག་འབྲི་བ་ནི་ངོ་ཚ་ཞིག་གོ”ཞེས་པ་ལྟར། མི་རིགས་ཤིག་ལ་ཆག་ཆེ་ཉམ་ང་དང་། སྐྱ་ཟད་སྔོ་རྡུགས་དང་། དགྲ་འདྲེའི་བསམ་སྦྱོར་ངན་པ་དང་། གནམ་གྱི་དལ་ཁ་ཐེབས་པ་དང་། ས་ཡི་དུག་མདའ་གཡོས་པའི་ཚེ་ན་ད་དུང་སྙན་ངག་ཐན་ཐུན་རེ་བྲིས་ཏེ་སྡོད་པ་ནི་དངོས་གནས་ངོ་ཚ་ཞིག་ཅི་ལ་མིན་ཨང་།

སྤྱིར་ན་རྩོམ་རིག་སྒྱུ་རྩལ་འདི་དུས་བདེ་ཞོད་འཇགས་དང་རྒན་མོ་གསེར་འཁུར་གྱི་དུས་སྐབས་ལ་གཉེར་རྒྱུ་ཞིག་ཡིན་པ་འདྲ། དེ་ཡང་རིགས་ཀྱི་ངོས་ནས་སོང་ན་དང་པོ་ས་བཟུང་ནས་ཐབ་ཀ་བཙུགས། བར་དུ་སྲིད་གཉེར་ནས་འཁོར་བ་བསྐྱངས། མཐའ་མར་འཚོ་བ་རོལ་ནས་སྒྱུ་རྩལ་གཉེར་པའོ། །ཡང་ན་ཕ་མེས་ཡང་མེས་ཀྱི་སྐབས་ལ་ས་བཟུང་། བུ་བུ་མོའི་དུས་ལ་སྲིད་བསྐྱངས། ཚ་བོ་ཚ་མོའི་རིང་ལ་སྒྱུ་རྩལ་ལ་འཇུག་པའོ། །བདག་ཅག་ནི་ཕལ་ཆེར་མགོ་མཇུག་གོ་ཟློག་འདུག་པ་སྟེ་ཚ་བོ་ཚ་མོའི་རིང་གི་ལས་ཀ་ལ་དུས་ད་ལྟར་འབད་འབད་དུང་དུང་བྱས་ཏེ། བུ་བུ་མོ་དང་ཕ་མེས་ཡང་མེས་ཀྱི་རིང་གི་ཁྱིམ་སྲིད་དང་ཕ་ས་ནི་དོར་དང་འདོར་བཞིན་པའོ། །

རྒྱུ་འབྲས་གོ་ཟློག་འདི་ནི་རིན་ཐང་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་སྐྱོན་ཅན་གྱི་བསྐྱེད་འབྲས་རེད་ལ། མི་རབས་ཤིག་གི་ཧུར་བརྩོན་གྱི་དམིགས་འབེན་ལ་གས་ཆག་ཤོར་བའི་རི་མོའང་རེད།

ད་ནི་ས་པཎ་གྱིས་གསུངས་པའི“སྙན་ངག་ཆུང་ངུ་ལའང་ངལ་བྱས་མི། །མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང”བའི་དུས་མ་ཡིན་ལ། ཟུར་མཁར་པ་བློ་གྲོས་རྒྱལ་པོས་གསུངས་པའི“རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་། །རྒྱན་མེད་པ་ན་སྐྱེ་བོས་གླེང་། །དེ་བཞིན་སྙན་ངག་མི་ལྡན་པའི། །བསྟན་བཅོས་མཁས་ལ་རྩིས་སུ་མེད”པའི་སྐབས་ཀྱང་མ་ཡིན་པས། ཟས་སྣ་གཅིག་ཁོ་ན་རོལ་ན་སྦྲང་རྩི་ཡིན་ཡང་ཁ་བར་ཚོར་བའི་དཔེ་ལྟར། སྙན་ངག་ཁོ་ན་སྦྲང་རྩི་ཡིན་པར་རློམ་པའི་བློ་དེ་ངེས་པར་དུ་འདོར་དགོས་པ་ཡིན།

འདིར་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱིས་ཞུ་སྙིང་འདོད་པ་ནི། རང་རེའི་གཞོན་རབས་པ་རྣམས་སྙན་ངག་གི་སྨུག་རྒྱུའི་གྲོང་ནས་མགོ་མི་འཁོར་བར་རང་འཕུང་རང་བརླགས་ཀྱི་ལམ་བུ་ལས་རང་ངོ་རང་འཚོལ་དང་། རང་མགོ་རང་འདོན་གྱི་ལམ་དུ་འཇུག་རྒྱུ་ནི་གནད་ཀྱི་དམ་པའོ། །

2016.06.07


[1] ཨོ་ཧྲི་ཝེ་ཚི(奥斯维辛) ནི་ན་ཙི་འཇར་མན་གྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཕོ་ལན་དུ་བཙུགས་པའི་གཅིག་བསྡུས་བཙོན་ར་ལ་གོ་བ་དང་། བཙོན་ར་དེ་རུ་མི་བུ་ཁྲི་ཁྲི་འབུམ་འབུམ་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་བཏང་བར་མ་ཟད། ཉེས་མེད་ཀྱི་མི་བུ་ས་ཡ་གཅིག་དང་འབུམ་གཅིག་ལྷག་གི་ཚེ་སྲོག་འཕྲོག་པར་བཤད་པས། འགྲོ་མིའི་ལོ་རྒྱུས་སྟེང་བཙོན་ར་དེ་ག་ཆེས་གདུག་རྩུབ་ཆེ་བའི“འཆི་ལམ་བཟོ་གྲྭ”རུ་འབོད་པའོ། །

4 thoughts on “སྙན་ངག་ཁོ་ནར་འཐམ་པ་ཕམ་པའི་རྒྱུ།

  1. བོད་ཕྲུག་་ཁེར་འགྲོ་ནས།

    སྤྱིར་མང་པོ་བཤད་དགོས་པ་མེད།
    མེ་ལྕེ་ཟེར་བའི་མི་འདིའི་བརྩམས་ཆོས་དང་དཔེ་ཆ་དེ་སྔོན་བཀླགས་མྱོང་ཡོད་། དེ་དུས་ནས་བཟུང་མི་འདིའི་བསམ་བློའི་དམིགས་བྱ་དང་། ཤེས་བྱའི་བློ་སྦྱོང་དེ་འདི་དང་གང་ལྟ་བུ་ཞིག་ཡིན་པར་དངོས་ནས་མག་མོག་ལ་གྱུར་འདུག་ལ། མི་འདིས་མཚམས་མཚམས་སུ་དེང་རབས་བཤད་ཀྱིན་རེད་ཟེར་ན་དེ་ཡང་གསལ་བོ་ཞིག་བཤད་ཐུབ་ཀྱིན་མེད་ལ། སྲོལ་རྒྱུན་བཤད་ཀྱིན་རེད་ཟེར་ན་སྲོལ་རྒྱུན་གྱི་ནང་དུ་སླད་བསྲེས་འདུག་པ་དང་། དགག་བཞག་གི་བསམ་བློའི་ངོས་ཐད་ནས་བཤད་རྒྱུ་རེད་ཟེར་ན་དེའི་ཐད་ལའང་བསམ་གཞིགས་དངོས་མ་ཞིག་དང་། བསམ་ཚུལ་གསར་བ་ཞིག ཡང་ན་མི་དག་ལ་གོ་དོན་འདི་དང་གན་ཞེས་པའི་དོན་ཚིག་གནད་ལ་འཁེལ་བ་ཞིག་ཀྱང་བཤད་མ་སོང་བར། མཐར་གཏུགས་ཀྱི་དཔྱོད་ཤེས་ཀྱི་རྡོག་དོན་དེའང་ངེས་གཏན་ཞིག་མེད་པར། ཕར་ལྟས་ཚོད་ཀྱི་བཤད་ལ་དགའ་ཞིང་ནར་མ་སོན་པའི་ མག་མོག་གི་ ཕུགས་བློ་ཞིག་མ་གཏོགས་དངོས་ནས་ཅི་ཡང་མཐོང་མ་སོང་། ཉེ་སྔོན། ཁོ་ནས་སློབ་ཆེན་པ་མགོ་སྟོང་ཚོ་གླེང་བ་ཞེས་པའི་རྩོམ་ཡིག་ཅིག་དྲ་ཐོག་ཏུ་འདུག་པ་དེ་མཐོང་ནས། ཤེས་ཡོན་པ་ཞིག་གིས་སྐད་ཆ་འདི་ལྟ་བུའང་བཤད་སྲིད་དམ། ཁ་ཕྱོགས་དང་མཛུབ་སྟོན་འདི་ལྟ་བུ་བྱས་ན་ང་ཚོའི་ནར་མ་སོན་པའི་མི་དག་ལམ་ལོག་ལ་མི་འགྲོ་རང་འགྲོ་རེད་སྙམ་ནས་རེ་ཞིག་ཧ་ལས་ཤིང་། ཁེར་དགོད་ཅིག་རང་དབང་མེད་པར་ཤོར་སོང་།
    གཅིག རྩོམ་རིག་སྒྱུ་རྩལ་གྱི་བློ་སྦྱོང་ནི་མི་རིགས་ཤིག་གི་བསམ་བློའི་རྟོག་སད་དང་། འཇིག་རྟེན་ལ་དཔྱད་འཚོལ་བྱེད་པའི་ཚངས་ཐིག སྤྱི་ཚོགས་ལ་གསེལ་བཀྲོལ་བྱེད་པའི་ཡོ་བྱད་ཅིག་བཅས་ཡིན་ནོ། ང་ཚོའི་སློབ་ཆེན་པ་ཕར་ཞོག་གཞན་རྩོམ་མཁན་དག་གིས་རྩོམ་རིག་ཟེར་བའི་ལག་ཆ་འདི་ལ་བསྟེན་ནས། མི་རིགས་ཤིག་གི་འཚོ་གནས་དང་ཆག་འཇིག ཁ་ཕྱོགས། བརྩེ་ཞེན། མུན་འཐོམ་སོགས་ལ་མཛུབ་སྟོན་དང་མཚང་འབྱིན་གནད་ལ་འཐིམས་པ་ཞིག་ད་དུང་བྱེད་ཐུབ་ཀྱིན་མེད་ལ། ང་ཚོས་ད་དུང་ངེས་པར་དུ་རྩོམ་རིག་སྒྱུ་རྩལ་ཐད་ཀྱི་ཤེས་བྱ་དང་གསར་རྩོམ་ཧ་ཅང་ཞན་འདུག་ལ། དེའི་ཐད་ཤུགས་ཆེན་པོ་རྒྱག་དགོས་འདུག
    གཉིས། སྙན་ངག་དང་བརྩམས་སྒྲུང་། གཏམ་རྒྱུད། ལྷུགས་རྩོམ། ཟློས་གར་སོགས་ནི་བོད་སྐད་ཡིག་མི་ཉམས་འཕེལ་རྒྱས་གཏོང་བྱེད་ཀྱི་་ཆེས་རྨང་གཞིར་གྱུར་བའི་ཐབས་ལམ་དང་སྦྱང་ཚན་ཡིན་ལ། བོད་སྐད་ཡིག་སློབ་དགོས་ན་འདི་དག་ནི་སྲོག་ཤིང་ལས་ཀྱང་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་ཚང་མས་ཤེས་གསལ་ཡིན་ལ། ང་ཚོར་བོད་ཡིག་དགོས་ན་འདི་དག་ལ་སྦྱང་བརྩོན་དགོས་ལ། འདི་དག་སྣང་མེད་དུ་བཞག་ན་བོད་ཡིག་ཀྱང་རིམ་བཞིན་ཉམས་ཞན་དུ་འགྲོ་བའི་་གནས་ལུགས་དེ་ཤེས་པར་གྱིས་ཤིག
    གསུམ། ང་ཚོ་ཤེས་ཡོན་པའི་སྡེ་རུ་ཤེས་ཡོན་པ་རྫུས་མ་ཁ་ཤས་ཤིག་གིས་དབང་བསྒྱུར་དང་། སྒེར་གཅོད་བྱེད་དང་བྱེད་བཞིན་འདུག་ལ། འདི་དག་གིས་ཤེས་རིག་དང་བློ་ཁོག མིག་རྒྱང་མེད་པའི་རྩོམ་ཐན་ཐུན་གྱིས་ང་ཚོའི་སློབ་ཆེན་པ་གཙོ་བྱས་ནས་སློབ་མ་དང་། མི་མང་པོ་ཞིག་ལ་མི་ཤེས་ཤེས་ཁལ་ངང་ལོང་བས་མཛུབ་སྟོན་བྱེད་རྒྱུར་དགའ་བ་འདི་ཡིས་བོད་པའི་སྤྱི་ཚོགས་སུ་ཆེས་ཚབ་ཆེ་བའི་ཉེན་ཁ་དང་ཆེས་ཡིད་སྐྱོ་བའི་གནས་ཤིག་དང་སྣང་ཚུལ་ཞིག་རེད། མ་ཤེས་ན་མཛུབ་སྟོན་མི་བྱེད་པར་མཁྱེན།
    བཞི། ང་ཚོས་ཕ་སྐད་སློབ་གསོ་ཉེན་གནས་སུ་འདུག་པའི་དུས་འདིར། སྐད་ཆ་འདི་རིགས་བཤད་ན་དངོས་ནས་མི་རིགས་ཅིག་གི་སྐད་དང་ཡིག་གེ་ལ་འགན་མ་འཁུར་བའི་ལོང་བཤད་ཅིག་ལས་མ་འདས། ཤེས་ཡོན་མེད་པའི་ཤེས་ཡོན་པ་དག སྐད་ཆ་ཅི་ཞིག་བཤད་ནའང་ཐོག་མར་མི་རིགས་ལ་འགན་འཁུར་རོགས། ཞུ་བ་བྱས་པ་ཡིན། བོད་ཕྲུག་་ཁེར་འགྲོ་ནས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།