ཕྱོགས་རིས་ཀྱིས་ཤེས་རབ་བསྐྱེད།

1.jpg-1920-1040-0003F23D

ཨ་རིན།

དངོས་ཡོད་འཚོ་བའི་ཁྲོད། ཕྱོགས་རིས་ཞེས་པའི་ཐ་སྙད་འདི་སྨད་པའི་ཚིག་སྟེ། སྐྱེ་བོ་གཅིག་གིས་སྐྱེ་བོ་གཞན་གཅིག་གི་འདུ་བྱེད་དང་རྣམ་འགྱུར་ལ་འོས་འཚམ་མིན་པའི་གདེང་འཇོག་དང་ལྟ་ཚུལ་བཟུང་བ་དེར་གོ་ཞིང་། དེ་ལྟ་བུའི་བརྩེ་སེམས་ངོས་ནས་རིས་སུ་བོར་བའམ་ཡང་ན་ཟུར་གཅིག་གི་ལྟ་རྟོག་དང་རྒྱུས་ལོན་བྱས་པ་དེས་ཕྱོགས་རིས་བསྐྱེད་པར་
བྱེད། ཡིན་ནའང་། དབྱིན་ཇིའི་ཆབ་སྲིད་པ་པུར་ཁེ་ལགས་ཀྱིས“མི་རྣམས་ནི་ཕྱོགས་རིས་ལ་བརྟེན་ནས་འཚོ་བར་བྱེད”པའི་ལྟ་དགོངས་བཏོན་ཏེ། ཕྱོགས་རིས་ལ་ཟུར་གཞན་ཞིག་གི་ངོས་ནས་གསེད་བཀྲོལ་བྱས་ཡོད་ཅིང་། “སྟོང་བསམ” དང་བསྡུར་ཚེ་ཕྱོགས་རིས་ལ་དངོས་ཡོད་ཀྱི་རིན་ཐང་བདོག་པར་འདོད་ཡོད།

དེས་ན་པུར་ཁེ་ཡིས་བསྟན་པའི་ཕྱོགས་རིས་ཀྱི་ནང་དོན་ནི། སྐྱེ་བོ་རེ་རེ་ལ་ཐོག་མ་ནས་མངའ་བའི་ཤེས་བྱའི་ཚད་བཀག་གིས་གནད་དོན་ག་གེ་མོ་ཞིག་ལ་ངོས་འཛིན་འཐུས་ཚང་བྱེད་མི་ཐུབ་པ་ཞིག་ལ་གོ་བ་ཡིན་ཞིང་། མར་ཁེ་སིས་ཀྱང་འགྲོ་མིའི་ཤེས་བྱར་ཚད་བཀག་ཡོད་ལ། ནམ་ཞར་མཐའ་ཡས་པའི་ཤེས་བྱ་ཡོད་ཚད་ཁོང་དུ་ཆུད་མི་ཐུབ་སྟེ། འཇིག་རྟེན་ཁམས་ལ་ཚད་མེད་པས་སོ་ཞེས་བསྟན་ཡོད། དེ་ལྟར་འགྲོ་མིའི་ཤེས་བྱ་ལ་ཚད་ཡོད་པས་ནམ་ཡིན་ཡང་དུས་རབས་ཀྱི་ཤེས་བྱའི་ཆུ་ཚད་ངོས་ནས་ཚོད་འཛིན་ཐེབས་བཞིན་ཡོད་པ་དང་། འདི་ལྟ་བུའི་ཤེས་བྱའི་ཚད་བཀག་དེ་པུར་ཁེ་ཡིས་ངོས་འཛིན་གྱི་གོ་རིམ་ཁྲོད་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་དུ་གཏོང་དགོས་པ་དང་ཆབས་ཅིག་ཉམས་མྱོང་ཁྲོད་ཤུགས་ཆེ་རུ་གཏོང་ཐུབ་པར་བསྙད་ཡོད།

དོན་གྱིས་དེ་འདྲ་སྟེ། ཕྱོགས་རིས་འདི་དག་དོན་དངོས་སུ་འགྲོ་མིའི་དཔྱོད་ཤེས་ཀྱི་བསམ་གཞིགས་དང་ལག་ལེན་བྱས་པའི་བརྒྱུད་རིམ་ནང་གསོག་འཇོག་གིས་གྲུབ་པའི་འབྲས་བུ་ཡིན་པས། ཕྱོགས་རིས་འདི་དག་མེད་ཚེ་དཔྱོད་ཤེས་ཀྱང་མེད་པ་ཡིན། ང་ཚོས་ཐོག་མ་ནས་ཡོད་པའི“ཕྱོགས་རིས”ཀྱི་ཤེས་བྱར་བརྟེན་ནས་འཇིག་རྟེན་ཁམས་དང་སྤྱི་ཚོགས་ལ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། “ཕྱོགས་རིས”འདིས་ང་ཚོའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་གྲུབ་ཡོད་པར་མ་ཟད། ང་ཚོའི་བྱ་བྱེད་འདུ་ཤེས་ལ་སྣེ་ཁྲིད་ཀྱི་ནུས་པའང་ཐོན་བཞིན་ཡོད། ཕྱོགས་རིས་ཀྱི་ཤེས་བྱ་འདི་དག་གནའ་བོའི་ཕ་མེས་ཡང་མེས་ནས་མི་རབས་རེ་རེར་བརྒྱུད་ཅིང་འོང་བ་ཡིན་ལ། ཕྱོགས་རིས་ཀྱི་ཤེས་བྱ་འདི་དག་གི་ཁྲོད་ཤེས་རབ་ཀྱི་ཉིང་བཅུད་ཕན་སུམ་ཚོགས་པ་འཛོམས་ཡོད། དེ་བས། ཕྱོགས་རིས་ཡོད་པ་ཙམ་གྱིས་མི་གང་དེ་ཤིན་ཏུ་མ་རུང་བ་ཞིག་ཡིན་པའི་ངེས་པ་ཁྱོན་ནས་མེད་དེ། ཕྱོགས་རིས་ནམ་ཡིན་ཡང་ཡོད་པར་ཁས་ལེན་བྱེད་དགོས་པ་ཡིན་ལ། གལ་སྲིད་ཕྱོགས་རིས་ཁས་མི་ལེན་པ་ཡིན་ན་དེ་ནི་ད་གཟོད་ཆེས་ཆེ་བའི་ཕྱོགས་རིས་ཏེ། རྒྱུ་མཚན་གང་ཡིན་ཞེ་ན། འགྲོ་མིའི་ཤེས་བྱ་དང་དཔྱོད་ཤེས་ལ་ཚད་ཡོད་པས་སོ།།

 

—<པུར་ཁེ་དང་ཧྥ་རན་སེའི་གསར་བརྗེ་བསྐྱར་ཞིབ>ཞེས་པའི་བཀླགས་ཐོ་ལས་བཤུས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།