ལེའུ་རིང་ལུགས་ཀྱི་རྩོམ་རིག་བསྒྲགས་གཏམ།

05
ལེའུ་ཚན་སྡེབ།
མྱི་གསར་བ།
མག་མོག
འབར་བློ་དཀར།


 

____ལེའུ་ཚན་སྡེབ་ཀྱི་རྩོམ་རིག་གྲུབ་མཐའ་ལེའུ་རིང་ལུགས་སྒོ་འབྱེད་པ །

གླེང་སློང་།

མཚོ་ལ་དར་ཁ་ཆགས་ཤིང་རི་ལ་སྐྱ་མདོག་དོད་པ་སྤང་ལ་རྩི་ཤིང་ཟད་ཅིང་མཁའ་ལ་སྤྲིན་ནག་ལྡང་བ་ནི་ཚེ་དང་བསོད་ནམས་ཉམས་ཤིང་དབང་ཐང་རླུང་རྟ་གུད་པའི་སྔ་ལྟས་ཕུན་སུམ་ཚོགས་པ་ཡིན་ཞིང་། སྤྱི་ཚོགས་ནི་འགྲན་རྩོད་ཀྱི་ཐག་པས་བཅིངས་ཏེ་ཤེས་རབ་ཉམས་ཤིང་སྨྲ་བ་འགག་སྟེ་རྨོངས་པ་ཁྲི་ཕྲག་མང་པོའི་ནང་ནས་མུན་པ་དང་ཉོན་མོངས་འགམ་ཞོར་ལོ་ངོ་བརྒྱ་སྟོང་མང་པོའི་ཆགས་འཇིག་གི་ལོ་རྒྱུས་བརྗེད་པའི་ཚོད་ལ་སླེབས་བྱུང་བས་ང་རང་ཚོ་ཅི་འདྲའི་སྐྱོ་དགོས། སྨྲེང་བ་དང་གདུང་བས་མནན་ཅིང་ཆགས་པ་དང་སྡང་བས་གཙེས་པའི་མི་སེར་གྱི་ཉིན་ཞག་བརྩེག་མའི་འགལ་འདུ་ཆེན་པོ་ག་ཚོད་ཅིག་རེག་བྱ་མེད་ཅིང་བྲོ་བ་ཡལ་བའི་དུས་རབས་ཤིག་གམ་མི་རབས་ཤིག་གི་མགོ་ལ་གྱོན་པའི་ལྗིད་ཅིང་མཐུག་པའི་རྨོངས་པའི་ཞྭ་མོ་ནག་པོ་དེ་ཡིན་པས། ཉོབ་ཅིང་འཐིབ་པའི་སྤྱི་ཚོགས་འདི་དང་རྨོངས་ཤིང་རྟུལ་བའི་མི་རབས་འདིའི་ཀླད་རྩ་ཕྲ་རགས་མེད་པར་ཞིབ་ཚགས་ལྡན་པའི་སྒོ་ནས་བརྟག་དཔྱད་ནན་མོར་བྱ་དགོས་པའི་ཚོད་ལ་སླེབས་འདུག་ཅིང་། དེ་ནི་ན་གཞོན་ཤེས་རབ་ཅན་ཟུར་ཁ་ཅན་ལ་རྒྱ་ཅན་སྤོབས་ཅན་ངེད་ཅག་སྟེ”ལེའུ་ཚན་སྡེབ”ཀྱིས་ཚེ་རབས་དང་སྐྱེ་བ་དུ་མ་ཞིག་ལ་བསགས་ཤིང་བསླབ་པའི་ཤེས་རིག་གི་མེ་ལྕེ་དྲག་པོ་དགུང་ལ་སྦར་ཏེ་མུན་ནག་གིས་གཙེས་པའི་སྤྱི་ཚོགས་ལ་འབྱམས་སུ་ཀླས་པའི་བག་འཁུམ་གུ་དོག་པའི་བསམ་གཞིག་རྩ་བ་ནས་བསྲེགས་ཏེ་འཇིག་རྟེན་འཁོར་བ་དང་དེའི་ཡང་སྙིང་དགའ་སྐྱོ་ཆགས་སྡང་གི་བྲོ་བ་མངར་སྐྱུར་དེ་ངོས་འཛིན་ཡང་དག་ཅིག་གིས་ལུང་སྟོན་རྒྱག་འདོད་སྐྱེས་ཤིང་བརྒྱབ་པའི་དམ་བཅའ་ཡང་བཞག་ཡོད། ང་ཚོས་ནི། འཁོར་བའི་ཆོས་ཉིད་དང་། སྒེར་གྱི་ལས་དབང་། མི་ཚེའི་འཕངས་འབྲས་དང་། འཚོ་བའི་ལས་དོན་སོགས་ལ་གཏན་ནས་ཁ་གཡར་བ་དང་དཔའ་ཞིམ་པ་སོགས་ཀྱི་རྣམ་འགྱུར་ཙམ་ཡང་མི་འཛིན་ཅིང་། སྲང་ལམ་དང་སྲང་ལམ་མི་གཅིག་པའི་བག་འཁུམ་གྱི་ས་གཞི་ཆེན་མོ། ན་བུན་དང་སྨག་གིས་བཟུང་བའི་མཐའ་ཡས་པའི་རྒྱ་མཚོ། རྫས་འགྱུར་གྱི་དུད་ཚོགས་དང་གློག་སྒྲོན་གྱི་མེ་སྟག་འགྱུ་བ་ལས་བསླད་དང་བཅོས་དང་རྫུན་དང་དྲི་མག་གིས་མ་གོས་པའི་ཉི་ཟླ་གཉིས་ལ་རྒྱང་ཐག་དང་ལེ་དབར་གྱིས་ཆོད་པའི་གྲོང་ཁྱེར་རམ་གྲོང་རྡལ་བརྒྱ་ཚོ་སྟོང་ཚོ་ག་ཙམ་ཞིག་ལ་མི་སེམས་ཀྱིས་ཕུར་བ་བརྡབ་ཀྱང་ཆོག །ང་ཚོ་དང་ང་ཚོའི་སྙན་ངག་ནི་དྭངས་གཙང་གི་གཤིས་དང་རང་བཞིན་གྱི་སྒེར་ཚུགས་མངའ་བའི་གངས་ལྷ་མེ་ཏོག་དང་རྫ་ཆབ་བསིལ་མོ་ལྟ་བུ་ཞིག་ལས་ཚེ་རབས་ནས་ཚེ་རབས་ག་ཚོད་ཅིག་གི་སྐྱེ་བ་ནས་ནར་སོན་པ་དང་རྒས་པ་ནས་འཆི་བའི་བརྒྱུད་རིམ་གང་སླེབས་ཀྱང་རྟག་པ་བརྟན་པ་ཐེར་ཟུག་པའི་བདག་ཉིད་ཅན་ཞིག་ཡིན་ངེས་པ་ཐག་གིས་ཆོད། མི་ཆོས་སམ་སྤྱི་ཚོགས་ཀྱི་འགའ་འདུ་བརྒྱ་སྟོང་མང་པོ་ཞིག་ནི་རྩོམ་རིག་རིག་གནས་ཀྱི་བསྒྱུར་བཅོས་དང་གསར་བརྗེ་བྱ་དགོས་པའང་ཆོས་ཉིད་ཀྱི་ལངས་ཕྱོགས་ཤིག་ཡིན་པས། ང་ཚོའི་ཁོར་ཡུག་གི་མི་སེམས་རྙིང་ཞེན་གྱིས་དཀྲིས་པ་ཀུན་གཙང་མར་བཀྲུས་ནས་རྙིང་ཚབ་གསར་པས་བྱ་དགོས་པས་གནས་ལུགས་དང་རྒྱུ་མཚན་འདྲེན་འདོད་སྐྱེ་བས་སྤྱི་ཚོགས་ཀྱིས་ཉོན། མི་རིགས་ཀྱིས་ཉོན། རྒྱལ་ཁབ་ཀྱིས་ཉོན། ཁོར་ཡུག་དང་ལས་དབང་གིས་ཀྱང་ཉོན་ཨང་།

དུས་རབས་སྔོན་མའི་འཐབ་རྩོད་དང་དམག་འཁྲུག་དར་བའི་དུས་ཤིག་ལ་རྒྱ་ནག་ཆིན་ཧྲི་གོང་མས་ཆིན་རྒྱལ་རབས་ཀྱི་རྒྱལ་སྲིད་བརླགས་རྗེས་ཁྲུའུ་ཧན་གཉིས་འགལ་ཟླ་ལངས་ཤིང་ཧན་རྒྱལ་རྒྱུད་ཀྱི”ལིའུ་པི”ཀོན་ཡུན”ཀྲང་ཧྥེ”གསུམ་གྱིས་ཧན་རྒྱལ་ཁབ་བརྟན་འཇགས་མི་གཡོ་བའི་ཆེད་དམ་ཉམས་དམས་སུ་གྱུར་བའི་མི་སེར་གྱི་བདེ་སྐྱིད་དང་ཞི་འཇགས་འདྲ་མཉམ་དྲང་བདེན་སོགས་ཀྱི་སླད་དུ་རང་སྲོག་གཏའ་མར་བཞག་སྟེ་བློ་དཀར་སེམས་དཀར་གྱི་སྒོ་ནས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་ཆེན་ཕྲག་དུ་ཁུར་ནས་གཡུལ་འཁྲུགས་ཀྱི་ལས་ལ་ཞུགས་པའི་སྙིང་སྟོབས་ཤིག་ང་ཚོ་ཚང་མས་གོ་མྱོང་། གཏམ་རྒྱུད་དེ་ནི་འཐབ་རྩོད་དང་དམག་འཁྲུག་དར་བའི་དུས་རབས་ཤིག་གི་སྙིང་སྟོབས་སམ་ལྷག་བསམ་ཡིན་པ་ང་ཚོས་ཁ་ཚོན་གཅོད་ཐུབ།

དེ་བཞིན་ང་ཚོ་སྟེ”ལེའུ་ཚན་སྡེབ”ནི་རིག་གནས་བཙན་རྒྱལ་རིང་ལུགས་ཀྱི་དུས་རབས་ཤིག་ནས་སྐྱེས་ཤིང་འཚར་བ་ཡིན་པས་མི་རིགས་ཤིག་གི་རིག་གནས་གསར་བརྗེའི་འགན་འཁྲིའམ་རྩོམ་རིག་གསར་བརྗེའི་འདུ་ཤེས་སེམས་ལ་བཅངས་ཏེ་འུ་ཅག་གི་སྐྱོ་གདུང་དང་གནས་བབ་ཀྱི་ལས་དབང་སྐྱོ་བོ་དེར་བཅོས་བསྒྱུར་གཏོང་བའི་སེམས་རྩ་བརྟན་པོའི་ངང་བློ་སེམས་གཅིག་དུ་སྒྲིལ་ཞིང་ཡིད་ཆེས་དང་རེ་བ་མཁའ་ལ་བཀྱག་སྟེ་མདུན་གྱི་རི་མཐོན་པོ་དང་ལམ་རིང་པོ་དེ་ཚོ་བློ་སྤོབས་དང་ང་རྒྱལ་གྱིས་ངང་ནས་བརྒལ་རྩིས་བྱེད་བཞིན་ཡོད། ང་ཚོར་རྩོམ་རིག་གིས་མི་རིགས་སྐྱོབ་ཐུབ་པའི་ངེས་ཤེས་སྐྱེས་ཏེ། རྩོམ་རིག་གིས་མི་སེར་དང་ལས་དབང་གི་ཚབ་བྱས་ནས་བཅོས་བསྒྱུར་གཏོང་དགོས། ང་ཚོས་ཕྱིར་མི་ལྡོག་པའི་ལམ་སྣེ་བཟུང་བ་ནས་ཚེ་བླ་སྲོག་གསུམ་རྩོམ་རིག་ལ་བསྟིམས་ཤིང་དུས་རབས་ཧྲུལ་པོ་ཞིག་འདུ་ཤེས་དང་རྩོམ་རིག་ལ་རབ་བྱེད་དམ་ལེ་ཚན་ཞིག་གིས་ཁ་བསྐོང་མཛད་པས་དམ་བཅའ་འཇོག་དགོས། ཤིན་དུ་རྣོ་བའི་རྩོམ་རིག་གི་གྲི་མདུང་བཟུང་ནས་སྙིང་ཉེ་བའི་ཉིན་མཚན་གཉིས་ལའང་མིག་ཟུང་ཕྱེས་ནས་མ་འོངས་པ་འཚོལ་ཞིང་མ་འོངས་པའི་གངས་རི་དང་རྩྭ་ཐང་བསྲུང་དགོས།

ལོ་རབས་འགའ་ཡི་ཡར་སྔོན་དུ། ལུང་ཤར་ནས་དབུ་བཟུང་དགེ་ཆོས་དང་དོན་རྒྱལ་སོགས། སྐྱེ་བོ་མི་ཆོས་སྨྲ་བ་མང་ཙམ་བྱུང་ཡོད་མོད། འོན་ཀྱང་ཁོ་ཚོས་ད་རུང་རིག་གནས་ཚུར་ལེན་དང་རང་མི་རིགས་ཀྱི་མཛེས་དཔྱོད་དང་འཚམ་པའི་རྩོམ་རིག་གསར་བཏོད་ཀྱི་ཐད་ལ་དོན་ཆེན་དེ་ཙམ་གང་ཡང་འགྲུབ་མེད། ལུང་ཤར་ནི་ཉིན་ཞག་ཁ་ཤས་ལས་མི་ཡུལ་ནས་འདུག་མ་ཁོམ་པར་ཤི་སོང་བ་དང་། དགེ་ཆོས་ཀྱིས་རང་གི་མཐོང་ཐོས་དང་ཉམས་མྱོང་འགའ་གླེང་བ་ལས་རྩོམ་རིག་གིས་མི་རིགས་དང་རྒྱལ་ཁབ་སྐྱོབ་ཐུབ་པས་གནད་རྩ་མ་གོ་ཞིང་། དོན་རྒྱལ་གྱིས་རྩོམ་རིག་གསར་པ་སྣེ་འདྲེན་པའི་ལམ་ལ་ཞུགས་མོད། ཁོས་བྲིས་པའི་དེང་རབས་སྙན་ངག་གམ་ཡིག་ཚོགས་དེ་དག་ནི། འབྲི་སྟངས་ཀྱི་ཐད་སྲོལ་རྒྱུན་སྙན་ངག་ལས་བརྒལ་ནའང་བསམ་བློའི་ཁོག་གམ་སྙིང་པོའི་འཁྱེར་ཕྱོགས་ནི་དེང་རབས་སྙན་ངག་གི་རྗེས་མ་ཆོད་པ་དང་། མཛེས་དཔྱོད་དང་ཡིད་བརྙན་སྲོག་སོགས་ཀྱི་ངོས་ནས་ཀྱང་རང་མི་རིགས་ཀྱི་ཁྱད་ཆོས་བོར་བའི་རྩོམ་རྡོག་འགའ་ཞིག་ཡིན་འདུག་པས། ཁོ་ཚོས་ཉམས་ང་བའི་མི་རིགས་ཤིག་གི་རྩོམ་རིག་འཕེལ་རྒྱུས་ཀྱིས་ཐད་ནས་ཧ་ལས་པའི་བྱས་རྗེས་ཤིག་གཏན་ནས་འཇོག་མ་མྱོང་བ་ང་ཚོས་ཤེས་དགོས་ཤིང་མ་ཤེས་ན་འགྲིག་གིའང་མ་རེད་སྙམ་མོ། །

དེ་བཞིན་དུ་ཚོད་ཅིག་ལ་གཞུང་ཞབས་པའི་རྒད་པོ་འུར་ལ་དགའ་མཁན་འགའ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་མྱོང་བ་དང་ཐོན་བཞིན་པར་མཆིས་མོད་ཁོ་ཚོའི་རྩོམ་རིག་གི་རིན་ཐང་ནི་ཁ་གསོ་ཐབས་ཀྱི་ལག་ཆ་ཙམ་ལས་ངོས་འཛིན་མ་ཤེས་པ་འདྲ་བས་དེ་ཚོའི་རིགས་ཏེ་ཧམ་སེམས་དང་འདོད་རྔམ་གྱིས་སྨྱོས་པའི་སྤྱང་ལྟོག་གི་ཚོགས་མཐའ་གཅིག་དུ་མི་རིགས་དང་སྤྱི་ཚོགས་ཀྱི་ཚབ་བྱས་ནས་དགག་པ་དང་སུན་འབྱིན་བྱ་དགོས་པ་ང་ཚོ་ལོ་ཆུང་གཞུང་དྲང་བློ་དཀར་དག་གིས་འགན་འཁྲི་ཡིན་ཞིང་ཕུགས་བསམ་ཡང་ཡིན།

མི་ནི་འདོམ་རྔམ་གྱིས་ཡོངས་སུ་བརླན་པར་གྱུར་རྗེས་གཏོར་བ་ནས་བཤིགས་ཤིང་བཤིགས་པ་ནས་རྩ་མེད་དུ་གཏོང་བར་བྱེད་པའི་གོམ་སྲོལ་ཞིག་ཆགས་ཤིང་། བདག་གཞན་མཉམ་གནས་ཀྱི་འདུ་ཤེས་གཏོར་ཏེ་བདག་གཞན་དབྱེ་འབྱེད་ཀྱི་འདུ་ཤེས་རབ་ཏུ་རྣོ་བའི་གྲལ་རིམ་ཞིག་བསྔོག་ཅི་ཐུབ་བྱེད་པར་མ་ཟད། ཐ་ན་མཚང་འབྲུ་བ་དང་། དོ་བསྡོ་བ། ཡ་བཙུག་པ། འགྲན་སློང་བ། དམའ་འབེབས་པ། དམོད་ཅིང་བཙོག་བཤད་བྱེད་པ་སོགས་ཚིག་མཚོན་རྩུབ་ཅིང་བཙོག་པ་གྲངས་ཀྱིས་མི་ལང་བར་བརྗོད་པ་དང་སྨྲ་བ་དར་རྒྱུས་སུ་གཏོང་བ་སོགས་ལ་དད་མོས་དང་དགའ་ཞེན་བྱེད་པར་མཆིས་པས། ང་ཚོའི་བླང་དོར་གྱི་མེ་ལོང་ཁུར་ནས་སྐྱོན་ཡོན་གཉིས་དང་ཤེས་རྨོངས་གཉིས་སོགས་ལེགས་པར་འབྱེད་དགོས་ཤིང་མི་ལ་ལྷན་སྐྱེས་ཀྱི་ཤེས་རབ་མངའ་བ་དེ་ཉིད་བསྔོག་འདོན་བྱས་ཏེ་གཙང་སེལ་དང་གཤག་བཅོས་བྱ་འདོད། སྙན་ངག་ནི་སྐྱག་པ་དང་མཚན་མ་སྨད་འཚོང་མས་གྲུབ་པ་མ་ཡིན་ཞིང་སྙན་ངག་འབྲི་བ་ནི་འུད་སྒྲོག་དང་མཚང་འབྲུ་ཆེ་བསྟོད་ལད་ཟློས་འབའ་ཞིག་འབྲི་བ་གཏན་ནས་མ་ཡིན་པར་གསར་བཏོད་དང་ཐོད་བརྒལ་ཡོད་པས་ངང་བྲི་དགོས།

འཇིག་རྟེན་ལྟ་ཚུལ་དང་མི་ཆོས་རིང་ལུགས་ནི་སོ་སྐྱེས་ཀྱི་ཉམས་ལེན་ནམ་བློ་སྦྱོང་གྱ་ནོམ་པ་ཞིག་ཡིན་པས་ཤི་གསོན་གང་དུའང་འབྲལ་ཐབས་བྲལ་བའི་རིག་གནས་ཀྱི་ཡང་སྙིང་ལ་ངོས་འཛིན་ཐུབ་དགོས། རྡུལ་ཕྲན་ཆ་མེད་ནས་རྡུལ་ཕྲ་རབ་བརྩམས་ཤིང་རྡུལ་ཕྲ་རབ་ནས་རྡུལ་ཕྲན་བརྩམས་རྡུལ་ཕྲན་ནས་ཆ་བཅས་བརྩམས་ཤིང་ཆ་བཅས་ནས་དངོས་པོ་རགས་པ་མི་འདྲ་བ་བརྩམས་ཏེ་རགས་པའི་འཕྲོད་སྦྱོར་འདྲ་མིན་ལ་བརྟེན་ནས་སའི་གོ་ལ་དང་ཉི་མའི་གོ་ལ་སོགས་ཀྱི་འཇིག་རྟེན་ཆེ་ཆུང་གྲངས་ཀྱིས་མི་ལང་པར་གྲུབ། རྟེན་འབྲེལ་ལམ་ཆོས་ཉིད་འཁྲུལ་སྣང་གི་དབང་གིས་འཇིག་རྟེན་དུ་འཚོ་སྡོད་བྱ་ཞིང་འཇིག་རྟེན་དང་ཁ་འབྲལ་ཐབས་དཀའ་བའི་འགྲོ་བ་མིའི་རིགས་སྐྱེས་པ་དང་ལྷན་དུ་ཁོ་ཚོར་ལྷན་སྐྱེས་ཀྱི་ཤེས་རབ་དང་བསམ་བློ་བདག་འཛིན་དགའ་སྐྱོ་ཆགས་སྡང་སོགས་པའི་བློའམ་རྣམ་དཔྱོད་མངའ་བ་རེད། སའི་གོ་ལར་གནས་པའི་ཤར་ནུབ་ཀྱི་རྒྱལ་ཁབ་སོ་སོའི་མཚན་ཉིད་རིག་པ་བ་དག་གིས་འཇིག་རྟེན་ལ་བཅངས་པའི་ལྟ་ཚུལ་མི་འདྲ་བ་གཉིས་སུ་གྱེས་ཤིང་། དེ་ནི་མི་རྣམས་ཀྱིས་འཇིག་རྟེན་ཧྲིལ་པོར་འཛིན་པའི་རྩ་བའི་ལྟ་ཚུལ་ཡིན་པའི་འུད་སྒྲོགས་བྱས་པ་རེད། བསམ་བློ་ནི་འཇིག་རྟེན་གྱི་འབྱུང་རྩ་ཡིན་ཞེས་ཐག་བཅད་ནས་ཤོད་མཁན་ལ་སེམས་གཙོ་སྨྲ་བ་ཟེར་ཞིང་། དངོས་པོ་ནི་འཇིག་རྟེན་གྱི་འབྱུང་རྩ་ཡིན་པ་ངོས་འཛིན་བྱེད་མཁན་ལ་དངོས་གཙོ་སྨྲ་བ་ཟེར། ཁོ་ཚོའི་མཚན་ཉིད་རིག་པས་དཔྱད་བསྡུར་ལ་བརྟེན་ནས་འཇིག་རྟེན་དང་མི་ཆོས་གསལ་བཤད་བྱས་པ་མ་ཟད་མི་རྣམས་ཀྱིས་འཇིག་རྟེན་བསྒྱུར་བཀོད་གཏོང་བར་སློབ་སྟོན་ཡང་བྱེད་བཞིན་ཡོད་པ་ཡིན་མོད། འདུ་ཤེས་དང་ཚོར་བའི་འཐབ་རྩོད་ནི་སྲོག་དང་དབུགས་ཀྱི་ལོངས་སྤྱོད་ཡིན་ཞིང་རྒོལ་བ་དང་གཏོར་བ་ནི་ལོ་དང་ལང་ཚོའི་སྙིང་སྟོབས་ཡིན་པས། ང་ཚོས་ལེའུ་གསར་བ་ཞིག་གིས་དབུ་བསླངས་ཏེ་འཇིག་རྟེན་ལྟ་ཚུལ་ལ་བརྟེན་ནས་འཇིག་རྟེན་ཤེས་རྟོགས་དང་མི་ཆོས་ཡང་དག་འཚོལ་བའི་གནས་ལུགས་ཤིག་རྙེད་ཡོད་ཅེས་ཐ་ཚིག་བསྒྲགས་ཏེ་དམར་ལ་སྔོ་བའི་འཇིག་རྟེན་འཁོར་བའི་ཡང་སྙིང་བརྟོལ་རྒྱུ་ཡིན།

སྒྱུ་རྩལ་གྱི་ཁམས་དང་མོས་པ་སོ་སོའི་དབང་གིས་སྤྱི་ཚོགས་ཉམས་དམས་ཀྱི་ཡིད་ཆད་དྲག་པོ་དང་མི་རབས་དབང་རྟུལ་གྱིས་ཁེངས་པའི་སྐྱོ་གདུང་སོགས་ན་ཟུག་དང་ཡིད་ཆད་ཀྱི་ཚོགས་མཐའ་དག་ང་ཚོའི་སྙན་ངག་གིས་མཚོན་ཐབས་དང་གབ་སྦས་གཏེར་མ་ལྐོག་གྱུར་སོགས་ལ་བརྟེན་ནས་འབྲི་འགོད་བྱ་དགོས་ཤིང་། དེ་ནི་འཇིག་རྟེན་ལྷན་སྐྱེས་ཀྱི་ལྟ་ཚུལ་དང་མཐུན་པའི་སྒོ་ནས་སྐྱེས་ཤིང་འཚར་ལོངས་བྱུང་དགོས་པ་ལས་མཐའ་འམ་ཕྱོགས་སམ་རིས་སུ་བཀར་མི་ཆོག་པ་ནི་གྲུབ་མཐའི་ཡང་སྙིང་ཡིན། འཇིག་རྟེན་སྒོ་བསྟུན་གྱི་དབུ་མ་པས་ཐབས་ལམ་དང་བསམ་བློ་ནང་འདྲེན་བྱས་ཏེ་འཇིག་རྟེན་ལ་བློ་སྦྱོང་དགོས་ཤིང་། འཇིག་རྟེན་སྒོ་བསྟུན་གྱི་དབུ་མ་པས་རིགས་ལམ་དང་འཆད་སྒྲོས་ཁྱེར་ནས་དངོས་གཙོ་དང་སེམས་གཙོ་སྨྲ་བའི་འཇིག་རྟེན་ལྟ་ཚུལ་གྱིས་ཁ་གཏད་གཅོག་དགོས། བསམ་བློ་ནི་འཇིག་རྟེན་ནམ་ཕྱི་དོན་གྱི་འབྱུང་རྩ་ཡིན་ཚུལ་མི་སྨྲ་ཞིང་། དངོས་པོ་ནི་བསམ་བློ་དང་སེམས་སེམས་བྱུང་གི་རྒྱུའམ་རྩ་བ་ཡིན་པར་མི་སྨྲ་བ་མ་ཟད། དེ་དག་ནི་ལྟ་ཚུལ་ཡང་དག་མ་ཡིན་པ་དང་དོན་དང་མི་མཐུན་པ་མཐའ་ལ་ལྷུང་བ་ཡིན་པས་ང་ཚོའི་དེ་ལ་སུན་འབྱིན་བྱས་ཏེ་རྟེན་འབྲེལ་ལམ་ལྟོས་གྲུབ་ཀྱི་ལྟ་བའི་ཐོག་ནས་བེམ་ཤེས་གཉིས་ལ་ཆ་མཉམ་པའི་མིག་གིས་ལྟ་ཞིང་བློ་ཡིས་འཇུག་དགོས། མི་ཆོས་འཆད་སྐབས་སུ་སོ་སྐྱེས་དབང་བཙན་བྱ་དགོས་པས་སྐྱེ་རྒ་ན་འཆི་དང་ཉེ་རིང་ཆགས་སྡང་སོགས་མཐའ་གཅིག་དུ་བདེན་གྲུབ་ཡིན་པར་འདོད་དགོས་པར་མ་ཟད་སྙན་ངག་ནི་དགའ་སྐྱོ་ཆགས་སྡང་སྟོན་ཐབས་ལ་རྣོ་ངར་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་པ་རེད། མིའི་བློ་གྲོས་དང་བར་ཐག་རིང་བའི་འཇིག་རྟེན་གྱི་གསང་བའི་ལྐོག་གྱུར་མཐའ་དག་ངོས་ཟིན་ཐོབ་པས་ཕྱིར་དུ་ང་ཚོས་ཤེས་རབ་བེད་སྤྱད་ནས་སྙན་ངག་འབྲི་བ་ལས་རྡོ་ཆག་བཙན་སྒྲིག་གམ་ཅི་བསམ་གང་དྲན་གྱིས་གཏན་ནས་བྲི་བ་མིན།

འོན་ཀྱང་ང་ཚོའི་མི་ཆོས་ཀྱི་ཡང་སྙིང་མཐར་དེད་ན་ལྷ་ཆོས་ལ་ཐུག་པར་སྨྲ་ཞིང་མི་ཆོས་ནི་ལྷ་ཆོས་རྟོགས་བྱེད་ཀྱི་ཐབས་དམ་པ་དེ་ཡིན་པར་ངོས་འཛིན་བྱེད། ང་ཚོའི་གྲུབ་མཐས་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ལས་དབང་སོགས་ཁས་ལེན་པ་མ་ཟད། འཚེ་མེད། སྤྱོད་བཟང་། སྙིང་རྗེ། གཞུང་དྲང་། འདྲ་མཉམ། རང་དབང་། བདེ་སྐྱིད་སོགས་ལ་གུས་བཀུར་བྱ་ཞིང་འཚོ་བའི་ཡང་སྙིང་ནི་དཀའ་སྡུག་བརྩེ་དུང་ཆོག་ཤེས་སོགས་ལ་ངོས་འཛིན་བྱེད། ང་ཚོའི་སྙན་ངག་གི་བརྗོད་བྱ་ལ་ཚད་བཀག་མེད་ཅིང་ཚིག་དང་ཐ་སྙད་ལ་བརྟེན་ནས་འཇིག་རྟེན་གྱི་སྙིང་པོ་བསྔོག་ཅི་ཐུབ་བྱེད་དགོས་པ་མ་ཟད་ང་ཚོའི་སྙན་ངག་འབྲི་བ་ནི་མི་རིགས་དང་རྒྱལ་ཁབ་དང་སྤུན་ཟླ་རང་ཉིད་འཚོ་བ་སོགས་ཀྱི་ཆེད་དུ་འབྲི་བ་ཡིན། ང་ཚོའི་སྙན་ངག་ལ་རྒས་རྒྱུ་ཡོད་མི་རུང་པར་མ་ཟད་ང་ཚོའི་སྙན་ངག་གིས་དུས་རབས་རྗེས་མ་དང་ལོ་རྗེས་མའི་བསམ་བློ་དང་ཁ་ཕྱོགས་འདོད་རྔམ་སོགས་ངེས་པར་མཚོན་ཐུབ་པའི་ཁྱད་ཆོས་འབུར་དུ་ཐོན་ཡོད། དེའི་ཕྱིར་ང་ཚོའི་སྙན་ངག་ནི་རྟག་དངོས་གཉིས་ལས་གྲུབ་ཅིང་དགའ་སྐྱོ་གཉིས་ཀྱིས་གཙས་ཤིང་དྲོ་གྲང་གཉིས་ལས་སྐྱེས་ཤིང་མངར་སྐྱུར་གཉིས་ཀ་བྲོ་ཞིང་མངོན་ལྐོག་གཉིས་ཀྱིས་མཚོན་ཞིང་ཐབས་ཤེས་གཉིས་ལ་བརྟེན་ཅིང་སྐྱིད་སྡུག་གཉིས་ཀ་བྲིས་པས”ལེའུ་རིང་ལུགས”ཞེས་པའི་སྙན་ངག་དེའོ། །

 


 

བསྒྲགས་གཏམ།

ལེའུ་རིང་ལུགས་ཀྱི་རྩོམ་རིག་བསྒྲགས་གཏམ་དོན་ཚན་བཅུ་གསུམ་པ།

གཅིག
མི་རིགས་རང་གི་མཛེས་དཔྱོད་ལྟ་བའི་ཐོག་ནང་པའི་དབུ་མའི་གྲུབ་མཐའ་རྒྱབ་ལྗོངས་སུ་བཟུང་སྟེ། སྙན་ངག་དང་གསར་རྩོམ་གྱི་ལས་ལ་འཇུག་དགོས།

གཉིས།
དངོས་གཙོ་དང་སེམས་གཙོ་སྨྲ་བ། གཞི་གྲུབ་སྨྲ་བ། དེ་བཞིན་སྐྱོ་སྣང་རིང་ལུགས་སྤྲོ་སྣང་རིང་ལུགས་སོགས་ནི་དོན་དང་ཐ་སྙད་ག་ས་ནས་སྐྱོན་ལྡན་པའི་རིང་ལུགས་ཡིན་པས། ཁོ་ཚོའི་འཇིག་རྟེན་བལྟ་ཚུལ་དག་ངེད་ཀྱི་རྩོམ་རིག་དང་སྙན་ངག་གི་རྒྱབ་ལྗོངས་མི་བྱེད།

གསུམ
འཇིག་རྟེན་འདིར་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་མོད། ང་ཚོའི་སྣང་ངོར་ཆོས་ནི་ཆོས་རང་ཡིན་ལ། བདེ་བ་དང་སྡུག་བསྔལ་ནི་སྔར་བཞིན་ང་ཚོས་མྱང་དགོས་ཤིང་། མི་ཚེ་ནི་རེ་བ་དང་སྤྲོ་སྣང། དགོད་སྒྲ། ཉི་འོད། སྡུག་བསྔལ། རེ་ཆད། གུ་དོག མུན་ནག་སོགས་ཀྱིས་གྲུབ་པས་ན། འོད་སྣང་གི་ཕྱོགས་སུ་མདུན་སྐྱོད་དང་། སྡུག་བསྔལ་ལ་གདོང་ལེན་ཡོད་དགོས།

བཞི།
རང་དབང་། འདྲ་མཉམ། བཟོད་སྒོམ། མང་གཙོ། སྙིང་བརྗེ་སོགས་ནི། ཀུན་སྨན་ལ་ངོས་འཛིན་ནས། ནམ་ཡང་དད་མོས་བྱེད་དགོས།

ལྔ།
མི་སུ་ཡིན་ནའང་སྙན་ངག་འབྲི་བའམ་སྙན་ངག་ལ་ལོངས་སྤྱོད་བྱེད་པའི་རང་དབང་ཡོད་དགོས་ལ་སྙན་ངག་ནི་སྐད་ཆ་དང་རིག་གཞུང་གང་ཞིག་གི་གཡོག་པོ་ལ་ངོས་མི་འཛིན་པར། བླ་ན་མཐོ་བའི་ནང་སེམས་ཀྱི་བརྡ་ཆད་ཅིག་དང་སྙན་ངག་ལ་མྱོང་རོལ་བྱེད་པ་ནི་སྒྲིབ་གཡོག་དང་བྲལ་བའི་གཟུགས་མེད་སེམས་ཀྱི་འཇིག་རྟེན་ཞིག་ལ་འགྲོ་བར་འདོད་ཡོད།

དྲུག
མཚོན་རྟགས་སྨྲ་བའི་འཇིག་རྟེན་བལྟ་ཚུལ་དང་དུ་མ་བླངས་ནའང་། ཁོ་ཚོའི་རྩོམ་རིག་འབྲི་བའི་སྒྱུ་རྩལ་གྱི་ཐབས་ལམ་ཡིད་བརྙན་དང་། ཟུར་ཟ། ཚུལ་འཆལ། གཟུགས་འགྱུར། ཚོར་འདྲེས། དངོས་རྒལ། སོགས་ནི་ཅིས་ཀྱང་དང་ལེན་བྱེད་དགོས།

བདུན།
མི་གཤིས་མ་བཅོས་པར་བདག་ཉིད་བརྙེད་པའི་སྒོར། ཁོག་ནས་དྲན་པ་དེ་འབྲི་རྒྱུ་ལས་རྫུན་བག་གིས་བསྟིམ་པའི་སྙན་ངག་མི་འབྲི་ཞིང་། སྙན་ངག་ནི་སོ་སྐྱེས་ཕལ་བ་ཡིན་དགོས་ལ། སྙན་ངག་དེ་ལ་འདོད་ཆགས་ཡོད་དགོས། ཕྲག་དོགས་དང་རེ་དོགས་ཡོད་དགོས། ཉོན་ཤེས་ཀྱིས་སྒྲིབ་པས་གོས་ཡོད་དགོས།

བརྒྱད།
རྣམ་རྟོག་ལ་མཐའ་མེད་པས་སྙན་ངག་ལ་མཐའ་མེད་པ་ཡིན། དེའི་ཕྱིར་རྣམ་རྟོག་ཡག་བཙོག་གཉིས་ཀ་འབྲི་བ་ལས། སྲོལ་རྒྱུན་ལྟར་བཀྲ་ཤིས་པ་བྲི་ཞིང་མ་ཤིས་པ་བསྐྱུར་བཞག་རྒྱུ་རྩ་བ་ནས་མེད།

དགུ
སྙན་ངག་ནི་ཕལ་བའི་སྐད་ཆ་མ་ཡིན་པར་དར་ཟབ་སྲབ་མོ་གྱོན་པའི་བུད་མེད་ཀྱི་རྒྱབ་གཟུགས་འདྲ་བར་ལྐོག་གྱུར་གྱི་མཛེས་པ། ཡིད་འཕྲོག་པ། སྦས་ནུས་ཆེ་བའི་སྒྱུ་རྩལ་གྱི་ཟབ་ཚད་དགོས་པས། རབ་རིབ་དང་མག་མོག ལྐོག་གྱུར་ཅན་ཞིག་གི་ཕྱོགས་ལ་གོམ་པ་སྤོ་ནས། སྙན་ངག་གི་སྒྱུ་རྩལ་ཟབ་ཚད་རྒྱ་ཆེན་འགྲོ་བའི་ཆེད་དུ། སྙན་ངག་རེ་རེ་ལ་གོ་བ་བརྒྱ་ལྷག་ཡོད་པར་བྱ་དགོས།

བཅུ།
“ང། ངའི་འཚོ་བ། ངའི་ཁྱིམ་མི། ངའི་དགའ་སྐྱོ། ངའི་བརྩེ་དུང་། ངའི་ཕ་ཡུལ། ངའི་ཆགས་འཇིག ངའི་ཕུགས་བསམ། ང་ལ་དབང་བའི་སྲོང་བཙན་སྒམ་པོ། དཀོན་མཆོག་གསུམ་པོ། བོད་ཆེན་པོ། གངས་རི་དང་དར་ལྕོག རྩྭ་ཐང་། ཁ་བ། འཁྱགས་རམ། སྦྲ་ནག རི་གླུ། ཨ་ཅེ་ལྷ་མོའི་ཟློས་གར། ཕ་གཞིས་བོར་བའི་སྡུག་བསྔལ་སོགས”ནི་ང་ཚོ་ལས་གཞན་སུ་ལའང་མི་དབང་པས། དེ་དག་དང་ང་ཚོའི་སྙན་ངག་གཉིས་ཀྱི་བར་ལ་འབྲེལ་བ་ངེས་ཅན་ཡོད་དགོས།

བཅུ་གཅིག
སྤྱིར་བོད་ཀྱི་བརྩམས་ཆོས་ལྷད་མེད་དག་ནི་བོད་ཀྱི་དབྱངས་གསལ་ཁོ་ནས་གྲུབ་པ་དང་། བྱེ་བྲག་ངེད་ཀྱི་སྙན་ངག་གམ་བརྩམས་ཆོས་ནི་བོད་ཀྱི་དབྱངས་གསལ་གྱིས་ཚེ་སྲོག་བསྩལ་བས་ན། ཇི་སྲིད་འཚོའི་བར་དུ་བོད་ཀྱི་སྐད་ཡིག་ལ་དད་པ་དང་བཀའ་དྲིན་ཞུ་དགོས།

བཅུ་གཉིས།
སྙན་ངག་པ་ནི་ནམ་ཡང་སྨྱོན་པར་འགྱུར་མི་རུང་། སྨྱོ་ཟིན་རྗེས་ཁྱོད་ཀྱིས་བྲིས་པ་དག་ནི་སྙན་ངག་མ་ཡིན་པར། སྨྱོ་གཏམ་ཡིན། དེ་བས་ན་འགན་འཁྲི། འདུ་ཤེས། ལྷག་བསམ། བཟང་སྤྱོད། ལ་རྒྱ་སོགས་ནི། རང་གི་ཤ་ཁྲག་བཞིན་དུ་བསྲུང་སྐྱོབ་བྱེད་པ་གལ་ཆེ་བར་འདོད།

བཅུ་གསུམ།
ད་སྔོན་གྱི་སྙན་ངག་པ་ཕལ་ཆེ་བ་ནང་བཞིན། ན་ནིང་བྲིས་པའི་སྙན་ངག་དང་ད་ལོ་བྲིས་པ་གཉིས་ལ། མི་འདྲ་ས་ཅིའང་མེད་པར་བྱེད་ནས་མི་བསྡད་པར། མུ་མཐུད་གསར་བཏོད་དང་ཐོད་བརྒལ་བྱེད་དེ། ད་སྔོན་གྱི་གྲལ་རིམ་གཏོར་ནས། རིམ་བཞིན་ལེའུ་གསར་བ་རེ་བརྗེ་དགོས།

ཐུབ་པའི་ཞལ་ཁེབ་བཀྱག་པའི་ལེའུ།

___ལེའུ་ཚན་སྡེབ་ཀྱིས་མཉམ་བྲིས་སྙན་ངག


སྣང་བ་མི་རྟག་པའི་ཞལ་ཁེབ།
རྡོ་བ་འཐག་པའི་གསེར་ཕྱེ་སྤར་གང་འཁོར་བའི་ཐང་དུ་ཡང་ཡང་གཏོར་བས་ལམ་འགྲམ་དག་ཏུ་མེ་ཏོག་བཞད། །
དུར་ཁྲོད་གནས་སུ་ལྷ་འདྲེའི་རྐང་རུས་གཅེར་བུ་རྒྱུག་པས་གཤིན་པོ་གསོན་པོ་མི་རྟག་སྒྱུ་མའི་བྲག་ཆར་བཏགས། །
གདོད་མའི་མི་དག་གྲོག་རོང་དེ་རུ་མེ་ཚོགས་རྔུབ་སྟེ་འཁོར་བ་བསྐྱུར་ཞིང་འཁོར་བ་མྱངས་བའི་སྡུག་བསྔལ་སྒོམ། །
སྲོག་དང་སྲོག་གི་འཐབ་ར་དེ་ནས་བྱང་ཆུབ་གོས་ཀྱི་ལོ་འདབ་ཟགས་པས་སྐྱེ་རྒ་ན་འཆིའི་ཁྲོན་པ་བསྐམས། །


རྨི་ལམ་ནང་གི་རྟ་ཁྱུ་མཐོང་བས་མགོ་སྐྲ་ནམ་མཁའི་མཐོངས་སུ་དཔྱང་སྟེ་སྨུག་པའི་གོ་ཁྲབ་གཡུལ་སར་བགོས། །
མུན་པས་མུན་པར་འཕྲིན་ཡིག་བསྐྱལ་ཏེ་ལོ་ཟླའི་གཙང་བོ་ཆག་གྲུམ་ཤོར་བས་སྐྱོ་གདུང་རུས་པའི་འདབས་སུ་བྲིས། །
ཁྲག་དང་མིག་ཆུའི་ཡོལ་བ་ཕྱེས་པས་ན་བུན་སྟུག་པོ་མཐའ་རུ་འཁྱིལ་ཞིང་ཚོར་བའི་ངོགས་སུ་མྱ་ངན་འཁྲིགས། །
གྱ་གྱུར་འགྲོས་ཀྱི་དུ་བའི་རི་མོ་སྒྱུ་འཕྲུལ་ནང་གི་བུ་མོར་བརྫུས་ནས་དགའ་སྐྱོའི་ཟློས་གར་རྨང་མེད་བཅོམ། །


ས་གྱང་ངོས་སུ་འཇིག་རྟེན་བཞེངས་ཏེ་ལོ་ཟླ་གྲངས་མེད་མེ་ལ་བསྒྲོན་པས་རྣམ་རྟོག་ཟ་ཟིའི་བག་ཆགས་འཐུལ། །
རྡོ་གཟི་ཕྲ་མོའི་ལྗོན་ཚལ་དག་ཏུ་སྣང་བའི་དར་ལྕོག་རླུང་གིས་བསེད་པས་མཚོ་ལ་བསྐྱོམས་པའི་མི་ཚེ་རྟོགས། །
བྲག་ནས་བཞུར་བའི་ཆུ་མིག་རྡོག་པོ་གཙང་བོར་འབབ་པའི་ཆོ་འཕྲུལ་བསྒྲུབས་ཏེ་བདུད་རྩི་གཞིབ་པའི་ངལ་བར་བརྟེན། །
དེ་ཚེ་ཡིད་ཀྱི་རོལ་མོ་ཁྲོལ་ཏེ་གསུང་དབྱངས་དྲུག་བཅུ་བར་མེད་གྱེར་བས་ཉི་མའི་ཟེར་ལ་ཐམ་ག་བཏབ། །


རྨི་ཐག་འཐོར་བའི་ལོ་ཟླ་བོར་ཏེ་ལོ་ངོ་སྟོང་གི་ཆང་རྙིང་བསྒྲུགས་ནས་སྤྲིན་གྱི་གཤོག་པ་མཁའ་རུ་བརྐྱངས། །
རྫ་བུམ་ནང་གི་ཉི་འོད་འཇམ་པོ་རླུང་གིས་བཏེགས་ཏེ་རི་ལ་ཡན་པས་སྣང་བས་དྲག་ཆར་རབ་ཏུ་རྡོལ། །
མུ་ཏིག་བཞིན་དུ་ཧ་ཅང་མཛེས་པའི་མཚན་མོའི་སྐར་ཚོགས་བསིལ་བསིལ་གཡོ་བ་རང་གི་ལས་ཉེས་བསགས་པར་སེམས། །
གྲིབ་མ་བཞིན་དུ་སྐྱེ་འགྲོ་དག་ཀྱང་གང་ནས་འགྲོ་ཞིང་གང་དུ་འོང་བར་ཐེ་ཚོམ་གཟུགས་རིས་རྡོ་བར་བརྡབས། །


གློ་རྡེག་མུན་པས་ཁ་ཆུ་བྲབ་ཅིང་འཆི་བའི་འཆིང་ཐག་མུ་ནས་བསྲིངས་དུས་གསེར་ཡིག་གནམ་སའི་མཚམས་སུ་སྤུར། །
ཁྲག་གིས་སྦགས་པའི་སྐྱ་རེངས་གསལ་བར་ས་གཞི་པང་དུ་བྱ་སྒྲོ་བཙུགས་ཏེ་དུག་གི་ལོ་མ་བརྒྱད་ཁྲི་གཏོར། །
རལ་གྲི་ཐོགས་པའི་ནགས་ཚལ་དག་ཏུ་ཁྲག་གི་རྫིང་བུ་རླབས་ཀྱིས་འཕྱོ་བས་རྒྱང་རིང་དྲན་ཞིང་སྨྲེང་བ་འཁོར། །
སྐྱེ་བ་བརྒྱ་ལ་ཟད་མི་ཚར་བའི་རྨི་ལམ་རིང་མོའི་ཧྲག་བར་ཕྱེས་ཏེ་ཉི་ཟླའི་འོད་ལ་གཅིག་ཆར་ཞེད། །


སྟོང་པ་སྒྱུ་མའི་ཞལ་ཁེབ།
སྡིག་པའི་མེ་ཏོག་བཞད་པ་ལྟ་བུའི་གྲམ་ཐང་འདི་ཀོ་སྒེ་ཁུང་ཕྱི་ཡི་འཁོར་བའི་མེ་ལོང་ཟུར་གསུམ་ནི། །
རྡོ་གཟི་ཁྲ་བོའི་སྦྲུལ་ཤུན་ཡིན་འདྲ་སྨན་ཆུང་བུ་མོའི་ཆབ་མར་བྱས་ནས་ཚེ་ཡི་འཁོར་མོ་བརྒྱ་ལ་ཐུག །
སྐྱེ་བ་སྟོང་གི་མཛེས་མ་ཡིན་འདྲ་བུ་ཕོའི་སེམས་ནི་འདི་ལ་འཁོར་ནས་སྙིང་ཤ་དམར་པོ་འདམ་གྱིས་གཡོག།།
ཉི་མའི་འོད་ཟེར་ས་ལ་མ་ཕོག་བྲག་ལ་གཡེང་བའི་ལོ་རྒྱུས་གླེང་པ་སུས་ཀྱང་མ་རྟོགས་ཆོ་འཕྲུལ་འཆར། །


རྡོ་ཡི་བ་སྤུ་ལྕགས་ལ་སྐྱེས་པའི་གཡང་གཟར་རི་བའི་ཕོ་བྲང་ཆེན་པོ་མགོ་ལ་གྱོན་པའི་དུས་གསུམ་འདི། །
སྲོག་ཆགས་སྐྱེ་བོ་དུད་འགྲོར་གྱུར་ནས་སྦྲ་ནག་རལ་བོའི་འགྲམ་དུ་འཆི་བས་གསེར་ཟམ་རིང་མོ་དུར་ས་སྟེ། །
ཁྱི་དང་བ་གླང་རྟ་ལུག་གཙོས་པའི་སེམས་མེད་གནའ་བོའི་རྡོ་ཆས་ཆགས་པོ་མུན་པ་དགུ་རྩིག་འོག་དུ་ཚུད། །
མུན་པའི་འོག་གི་ལང་ཚོ་དག་ནི་རྟ་རྔ་ཕྲ་མོའི་ལུས་ལ་འཐམ་པའི་འཇའ་ཚོན་བཞིན་དུ་ཧ་ཅང་བཙོག།།


སྤྱན་སྟོང་ཅན་གྱི་ཡུལ་དང་བྲལ་བའི་རོ་ཡི་གདན་གྱི་དྲ་བའི་ཕྱག་རྒྱའི་མུ་མེད་ཐང་གི་སྟོད་སྨད་ཀྱི། །
སྒྱུ་མའི་ལྷ་ཁང་སྒོ་མོ་མེད་པའི་གཏོ་བ་ནང་གི་གྲུ་གསུམ་མེ་ཡི་ཆོས་འཁོར་ཆེན་མོའི་གཏིང་རུམ་གྱི། །
འཆིང་བྱེད་སྒྲོག་བྱེད་བསླུ་བར་བྱེད་པའི་གཟུགས་སྒྲ་དྲི་རོ་རྟག་བརྟན་མི་འགྱུར་གཡུང་དྲུང་གཡས་སུ་འཁྱིལ་བ་དག །
ཧོར་སེར་གུར་དཀར་བསྒྲལ་བ་བཞིན་དུ་དུམ་བུ་བརྒྱད་ཁྲི་བཞི་སྟོང་བྱེད་པོ་ཉི་མའི་དཀྱིལ་འཁོར་ཆེན་པོ་ཡིས། །


འོད་དང་བར་སྣང་མཉམ་བསྲེ་བྱས་པའི་ཆུ་ཆང་དྭངས་མོའི་ལྷུང་བཟེད་ཁ་ཡི་མེ་ཏོག་དཀར་སེར་དམར་ལྗང་དག །
གསེར་གྱི་འཁོར་ལོའི་རྩིབས་སྟོང་ངོས་ནས་འགྱིག་སྦུག་བཙོག་པོའི་བྱང་ཁོག་ནང་དུ་ལྷག་མ་མེད་པར་བླུགས་གནང་ཞིང་། །
མ་དག་སྣོད་བཅུད་སྟོང་པའི་ཁམས་སུ་བསྡུ་བར་བྱེད་པའི་ཁྲོ་བོའི་གད་རྒྱངས་ཐུགས་ཀ་དེ་ནས་ཕབ་མཛད་ལ། །
རྒྱལ་ཁམས་མཐའ་མེད་སྐད་ཅིག་མི་རྟག་སྤྲིན་པ་བཞིན་དུ་སྟོང་པའི་དབྱིངས་ཀྱི་ར་བ་ནང་ན་འཐིམ་བཅུག་པས། །


རྨུ་ཐག་ཕྲ་མོའི་མདའ་ལམ་ངོས་ནས་བྱེ་མའི་རྡུལ་གྱི་རྣམ་ཤེས་དཀར་ནག་རྒྱ་ཕིབས་སྟེང་དུ་མཆོང་ལྡིང་བྱེད། །
ཏིང་འཛིན་མཐའ་མའི་གསེར་གྱི་ཁྲི་ཁར་ཤ་སྦྲང་སྐྱ་བོ་གཤོང་ཟུང་བརྐྱངས་ནས་རྣམ་རྟོག་ཆེ་ཆུང་རླུང་ལ་སྤུར། །
གདོང་གི་འཆིང་ཐག་རང་སར་གྲོལ་བས་ལྷ་འདྲེ་གཉིས་པོའི་འཛུམ་མདངས་མཛེས་པོར་དབྱར་རྩྭའི་ལྗང་གསར་ལོ་མ་སྐྱེས། །
རང་གཟུགས་འོད་གསལ་སེམས་ཀྱི་དྭངས་མ་ཆུ་ཡིས་ཟོས་ནས་ལང་ཚོའི་མཚར་སྡུག་ཕྱོགས་བཅུར་འཕྲོས། །


སྣང་སྟོང་དབུ་མའི་ཞལ་ཁེབ།
འཇིག་རྟེན་བྱེ་བའི་རྡུལ་ཕྲན་ནང་ལ་རིན་ཆེན་གསེར་གྱི་གཡུང་དྲུང་བྲིས་ཤིང་བསྐལ་བའི་ཉོན་མོངས་སྤྲིན་གྱིས་གཡོག །
ལྷ་སྲིན་སྡེ་བརྒྱད་མུན་པའི་སྟེང་གི་དུག་ལྔ་བསགས་པའི་ཉིན་ཞག་བརྒྱ་ཕྲག་ལོ་ཆུང་སེམས་ཀྱི་གཡོར་གྲུ་ལགས། །
སེམས་ཀྱི་གྱང་ལ་ལྕགས་རི་བསྐོར་ཞིང་སྡུག་བསྔལ་སྣ་ཚོགས་ལག་པས་བཀབ་སྟེ་འཁྱོག་ལམ་རིང་པོ་སྨྲེང་བས་བསྐྱལ། །
འཁོར་བའི་འཇིངས་སུ་གྲིབ་གཟུགས་འཁྱིལ་ཞིང་སྨྲེང་བའི་བྱེ་ཐང་ཙག་གིས་བསྡོམས་པ་དུག་གི་རི་ལ་མེ་ཏོག་བཞད། །


སྣང་བའི་དྲི་རོ་གསེར་གྱིས་གྲུབ་ཅིང་ཉི་ཟླའི་ཆོས་འཁོར་རྒྱ་མཚོའི་མཐའ་ན་དག་པའི་ཟོལ་གྱིས་མེ་ཏོག་རྨོ། །
རྡུལ་གྱི་ནམ་མཁའ་ལུང་བསྟན་ནང་གི་ཆར་ཟིམ་ཡིན་སོང་གཏི་མུག་འབུམ་ཚོ་ཆང་ཕོར་ནང་ལ་བྲིས་པས་ན། །
བསྐལ་བའི་མཐའ་ལ་བརྡ་ཡིག་གཏོར་ཞིང་མཚན་དཔེའི་ཆུ་བོ་དུང་སེམས་སྐྱེས་པའི་རྨ་ཁའི་སྟེང་གི་ཉོན་མོངས་ཏེ། །
འབྱུང་བཞིའི་ཆར་སྤྲིན་ཤེས་རབ་ལོགས་སུ་ངེས་དོན་ཚིག་གི་རི་མོ་འབྲི་ཞིང་འཇིག་རྟེན་བྱེ་བ་ལང་ཚོས་བཀྱགས། །


ལྗོན་པའི་ཐང་ལ་འབྲུག་རུས་སྐྱེས་ཤིང་ལོ་དང་ཟླ་བའི་དཔལ་འབར་སྒྲོན་ཚུལ་རྟོགས་པ་མཐོ་བའི་གངས་རི་ལགས། །
དགྲ་བཅོམ་འཕུར་བའི་མཁའ་ལམ་ཡངས་པོར་ཉི་ཟླས་བསྐོར་ཏེ་སྒྲོ་འདོགས་སྟོང་གི་འཆིང་ཐག་བསྙིལ་ཞིང་སྒྲོ་གུར་ཕུབ། །
སོ་ཕག་སྟེང་ལ་ཞབས་རྗེས་ཕབ་ཅིང་མགུར་བའི་དབྱངས་ཉིད་ཞལ་རིས་མཛེས་པོའི་གཟི་མིག་ཚུལ་དུ་བཀྲ་བ་ཉིད། །
སྤེན་མའི་ཐང་ལ་སྨིག་རྒྱུའི་གྲོང་ཁྱེར་མི་རྟག་ཟོལ་གྱིས་རྨི་ལམ་ནང་ལ་འཇའ་ཚོན་བཞིན་དུ་འཆར་བར་བྱ། །


དུག་གི་ནམ་མཁའ་ནག་ཚུལ་བསྒུལ་བའི་ཆོ་འཕྲུལ་ཡིན་ནམ་བྱེ་ཐང་བརྒལ་བའི་སྨྲེང་སེམས་འཁྱག་པའི་ཟིལ་བ་སྟེ། །
འགྲོ་བའི་མིག་ལ་ཡན་ལག་འཆར་ཞིང་རྡུལ་ཕྲན་ནང་ལ་འཇིག་རྟེན་ཆགས་པ་འབྱུང་བཞི་གཙེས་པའི་སྡུག་བསྔལ་བཞད། །
དངུལ་གྱི་གྱང་ལ་དུས་གསུམ་བསྟན་ཆོག་ཞི་བདེའི་རྒྱ་མཚོ་སྤྲིན་དཀར་འཁྱིལ་བའི་གྲམ་ཁའི་སྟེང་དུ་གཡོ་བ་ན། །
སྨྲེང་བའི་རི་དྭགས་འཇག་མའི་རྩེ་ལ་ཨེན་ཙམ་མཆོང་ཞིང་འཁྱུག་མྱུལ་སྟབས་ཀྱིས་ཉི་ཟླ་རི་བོའི་པང་ལ་ལོག །


བརྩེ་གཞས་ནང་ལ་བྱམས་པ་འཁྲུངས་ཤིང་འགྲོ་ལམ་སྨུག་པོ་གྲིབ་གཟུགས་འཇོག་པའི་ས་མཐའ་ཉུལ་བ་མཚར་ཞིང་ཡག །
སྨྲ་རའི་ལན་ཚར་དུང་གིས་བརྒྱན་ཅིང་འགྲོ་འདུག་རི་མོ་གངས་རིའི་སྟེང་གི་ཉིན་ཞག་གཡོལ་བ་རྒྱང་ཐག་རིང་། །
ཕལ་བའི་སེམས་པ་འཁྱག་པས་བཟི་ཞིང་འཁྲུལ་བའི་མེ་ལྕེ་དྲག་དུ་འཕྱོ་ཚུལ་མི་དགེ་སྦས་པའི་འགྲོ་ལམ་ཡིན། །
འོད་ཟེར་བྱེ་བའི་འཇིག་རྟེན་བཀར་ཞིང་ཚིག་གི་ལྡེ་མིག་མུན་ནག་གཏོར་བའི་ཆང་དམར་ནང་གི་སྤོབས་པ་མཐོ། །

ཟུར་ཞུ།

ལེའུ་ཚན་སྡེབ་ཀྱི་རྩོམ་རིག་གྲུབ་མཐའ་འདི་ནི་ཅལ་འདྲོག་དང་འུར་ཟིང་གིས་བློ་བསླངས་ཏེ་གྲ་སྒྲིགས་དང་འཆར་གཞི་གང་ཡང་མེད་པར་འཁྱལ་འཁྱོར་གྱིས་ལམ་ལ་ཆས་པ་ཞིག་གཏན་ནས་མིན་པར། མི་ལོ་གཉིས་ཀྱི་རིང་ལ་མིའི་རིགས་ཀྱི་རྩོམ་རིག་དང་དེའི་བྱུང་འཕེལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། དེའི་ཐོག་སོ་སོའི་མི་ཚེའི་སྙན་ངག་གི་ལྟ་ཚུལ་མཐུན་མིན་དེ་དག་ཞིབ་ཏུ་བསག་བཅད་བརྡར་གསུམ་བྱས་ཤིང་། དུས་ཚོད་དང་མནོ་བསམ་མང་པོའི་བར་ནས་འཚར་ལོངས་བྱུང་བའི་རང་རྐྱ་ཐུབ་པའི་གྲུབ་མཐའ་ཞིག་ཏུ་གྱུར་ཡོད། འདས་མ་ད་གསུམ་དུ་ངེད་ཚོ་རང་གིས་འབད་བརྩོན་གྱི་སྒོ་ནས་སྙན་ངག་གི་རུས་རྐང་ལ་བཅུད་མདངས་མི་ཡལ་བའི་ཡིད་ཆེས་དང་ང་རྒྱལ་བླ་ན་མཐོ་འོ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།