རེབ་གོང་གི་ལོ་རྒྱུས་སྨྲ་བ་འཇིགས་མེད་བསམ་གྲུབ་ལགས་ལ་སྤྲིངས་པའི་འཕྲིན།

པར་རིས།

ཁག་དང་པོ།

བདུན་ཕྲག་གཅིག་གི་སྔ་རོལ་དུ་ཕྲན་གུས་པས་དྲ་ལམ་བརྒྱུད་ནས་མཁྱེན་ལྡན་འཇིགས་མེད་བསམ་གྲུབ་ཀྱིས་བརྩམས་པའི《རེབ་གོང་དུ་ཡོད་པའི་ཧོར་ཅེའུ་མཁར་གྱི་མཁར་ཤུལ་དང་ཚེ་ཙེ་བཞི་བཤད་པ》ཞེས་པའི་རྩོམ་ཞིག་ལ་མཇལ་སྐལ་བྱུང་།
ཕྲན་རང་ནི་ལོ་རྒྱུས་སྤྱི་དང་།  བྱེ་བྲག་ཕ་ཡུལ་སྒོ་དམར་གྱི་རིགས་རུས་མཆེད་ཁུངས་སྐོར་ལ་དོ་སྣང་བྱེད་པར་ཤིན་ཏུ་སྤྲོ་བའི་ན་གཞོན་ཞིག་ཡིན་པས།   བལྟ་རྒྱ་ཐོས་རྒྱ་དོག་ཀྱང་རྩོམ་དེར་འཁོད་པའི་ནང་དོན་རེ་འགའི་ཐད་ལ་དོགས་པ་མཆིས་པ་རྣམས་འདིར་དཀྱུས་གཅིག་ཏུ་གླེང་བར་བྱ།

འཇིགས་བསམ་ན་རེ།     སྤྱི་ལོ1589ལོར་པེན་ཐུའུ་ཡི་སྲས་ཧོ་ལོ་ཆི་ཡི་དམག་སྐོར་ཞིག་གིས་ད་ལྟའི་ཀན་སུའུ་ས་ཁུལ་གྱི་ཐོ་ཀྲིག་ས་ཁུལ་ལ་དམག་རྒྱབ་པར་ཧོ་ལི་ཆིའི་དམག་དཔུང་ལ་རྩད་མེད་རང་བཞིན་གྱི་ཕམ་ཁ་བྱུང་རྗེས། དམག་རྣམས་ཁ་ཐོར་ཏེ་ཕྱོགས་ཡར་མར་རྣམས་སུ་བྲོས་དུས་དེ་དུས་ཀྱི་དམག་མི་བརྒྱ་ཕྲག་ཙམ་གྱི་མགོ་དཔོན་ཞིག་གིས།  རང་གི་སོག་པོའི་དམག་དང་ཁོ་ཚོའི་བཟའ་མི་འདྲེས་མ་ཕལ་ཆེར་མི་བརྒྱ་ཕྲག་གཅིག་ཙམ་ཞིག་ཁྲིད་ནས། རེབ་གོང་གི་རི་སྟག་སྡེ་བའི་གོང་རོལ་གྱི་ས་དེར་མཁར་ཞིག་བསྐོར་ཏེ་གནས་གཞི་བཟུང་བས་ཧོར་ཅེའུ་མཁར་ཞེས་སུ་གྲགས་པ་དེ་བྱུང་།
ཕྲན་ཆུང་ན་རེ།    དོར་སྡོ་རྣམས་སོག་རིགས་སུ་བཞེད་པའི་ཕལ་མོ་ཆེས་སྒོ་དམར་གྱི་མཁར་རྙིང་ནི་སོག་པོ་ཇིང་གུར་རྒྱུད་ཀྱི་མཁར་ཤུལ་ཡིན་པས་མཁར་དེ་ལ་ཡང་ཧོར་ཇིན་སྒར་དུ་བཏགས་པའི་ལྟ་ཚུལ་ཞིག་སྔོན་ནས་གོ་ཐོས་བྱུང་མོད།  ཁྱེད་ལྟར་ལོ་ཚིགས་ཀྱང་གསལ་བོར་གཏན་ལ་འབེབས་པ་ཞིག་ད་ཕན་མཐོང་མ་མྱོང་བས།   ཁྱེད་ཀྱིས་འདི་ཉིད་ཀྱི་ཁུངས་ལོ་རྒྱུས་ཀྱི་དཔེ་ཆ་གང་དག་ལ་གཏུགས་པ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་ཕྲན་སོགས་ལ་གསུངས་པར་རེ།  དེ་མ་གཏོགས་སོག་དམག་བརྒྱ་ཙམ་གྱིས་ཧོར་ཅེའུ་མཁར་བརྩིགས་ནས་སྒོ་དམར་དུ་གཞི་བཟུང་བར་ལབ་ན། བོད་རྒྱུད་རྒྱ་གར་ལ་གཏུགས་པའི་སྔོན་གྱི་མཁས་པ་ཚོས་སྐྱ་བསེང་བུ་ལྔ་དང་སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན། རྒྱལ་བོ་རུ་པ་ཏི་དང་བཅས་པའི་འཁོར་ཚོགས་བརྒྱ་ཙམ་བུད་མེད་ཀྱི་ཆས་སུ་ཞུགས་ནས་ཁ་བ་ཅན་གྱི་ཁྲོད་དུ་བྲོས་ནས་འཕེལ་བ་རྣམས་བོད་རྒྱུད་ཀྱི་ཐོག་མར་འདོད་པ་དང་འདྲ་བའི་ཡིད་བརྟན་ཆེར་མེད་སྙམ།
དེ་བཞིན་ཆིང་དམག་གིས་སོག་པོ་བློ་བཟང་བསྟན་འཛིན་ཚར་བཅད་རྗེས་ཧོར་ཅེའུ་མཁར་ཡང་དེ་མུར་འཇིག་པ་དང་།  སོག་པོ་ཇུ་ནང་གི་དམག་དང་ཁ་ཆེ་བ་དག་སྒོ་དམར་དང་རྐ་གསར་སོགས་སུ་སིམ་འཛུལ་བྱས་པ་བཅས་ཀྱི་སྒྲུབ་བྱེད་དང་དེའི་ལུང་ཁུངས་གཅིག་ཀྱང་མེད་པར་སྒྲུང་བ་རྒན་པོ་ཞིག་གིས་སྒྲུང་བཤད་བཤད་ཀྱིས་ལོ་རྒྱུས་འཆད་པ་ནི་ཤིན་ཏུ་དགོད་བྲོ།

འཇིགས་བསམ་ན་རེ།  “ཁོ་ཚོའི་དམག་དཔོན་དང་དམག་མི་རྣམས་ཀྱི་རས་དམར་པོའི་མགོ་དཀྲིས་ཅན་ཡིན་པས།    ཁོ་ཚོའི་དམག་མིང་དང་མཁར་ནང་གི་སྡེ་མིང་ལ་མགོ་དམར་དམག་དང་།   མགོ་དམར་སྡེ། མཁར་མིང་ལའང་མགོ་དམར་ཅེའུ་མཁར་དུ་གྲགས”ཞེས་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་གྱིས་བཤད།
ཕྲན་ཆུང་ན་རེ།   འདི་ལས་རྫོགས་ཆེན་ཚང་གིས་མགོ་དམར་བའི་ཁྱད་ཆོས་བརྗོད་པ་ལས་མགོ་དམར་བ་རྣམས་སོག་དམག་གི་གདུང་རྒྱུད་ཡིན་ཞེས་གསུངས་པ་མིན་ཡང་།   ཁྱེད་ཀྱིས་སྒོ་དམར་བ་རྣམས་སོག་རྒྱུད་ཡིན་པའི་སྒྲུབ་བྱེད་དུ་བཀོད་པ་ཨ་མཚར།   སྒ་རུ་བདུད་འཇོམས་རིན་པོ་ཆེས་ཀྱང་འདི་སྐད་གསུངས་ཡོད་དེ།  “མགོ་དམར་བ་འདི་སྔོན་བོད་ཀྱི་བཙན་པོའི་དམག་རྒྱུད་དམག་ལ་འགྲོ་སྐབས་མགོ་ལ་དཀྲིས་ལྷེབ་དམར་པོའི་ལ་ཐོད་བཅིང་ཞིང་།  དོར་མ་དམར་པོ་གྱོན་པ།  རུ་དར་དམར་པོ་འཕྱར་ཞིང་།  གདོང་ལ་ཚོན་དམར་བྱུགས་པའི་དཔའ་པོའི་རྒྱུད་པ་ཡིན”ཞེས་《སྒ་རུ་བདུད་འཇོམས་རིན་པོ་ཆེའི་ཡིག་ཚང》དུ་གསལ།     འདི་ལ་ཁྱེད་ཀྱིས་ཇི་ལྟར་འགྲེལ་ངེས་སམ།  ཇི་ལྟར་དཔྱད་པ་གཏང་ངེས་སམ།

འཇིགས་བསམ་ན་རེ།   རེབ་གོང་དུ་ཡོད་པའི་དོར་སྡེ་བཞི་འམ་ཚེ་ཙེ་བཞི་ནི་སྔོན་བོད་བཙན་པོ་རྒྱལ་རབས་སྐབས་མཐའ་མཚམས་སུ་མངགས་པའི་དམག་དཔུང་གི་རྒྱུད་པ་རྣམས་དང་གཏན་ནས་འབྲེལ་བ་མེད་པ་ཞིག་ཡིན།  ལྷ་སའི་དབུ་རུ་སྟོད་ཀྱི་ས་ཆ་ན་གནའ་ནས་ད་ལྟའི་བར་དོར་སྐད་བཤད་པའི་མི་སྡེ་ལུང་པ་ཞིག་ཕར་ཞོག་ཐ་ན་ཁྱིམ་ཚང་གཅིག་ཙམ་ཡང་མེད་པ་སུས་མི་ཤེས།  ཡོད་ན་ལྷ་སའི་རྫོང་གང་དུ་ཡོད་འཛུབ་མོ་བཙུགས་ནས་སྟོན་དགོས་སོ། །
ཕྲན་ཆུང་ན་རེ།   ཁྱེད་ཀྱི་རྩོམ་དུ་སེང་གཤོང་དང་རྒྱ་ཚང་མ་བཅས་པའི་སྡེ་འདི་དག་ནི་གཙང་ལ་སྟོད་ནས་མཆེད་འོངས་པར་བརྗོད།  གལ་ཏེ་ཁྱེད་ཀྱིས་བརྗོད་པ་བཞིན་སེང་གཤོང་བ་རྣམས་དངོས་གནས་གཙང་ལ་སྟོད་ནས་མཆེད་པ་ཡིན་ན།  གཙང་ལ་སྟོད་དུ་གནའ་ནས་ད་ལྟའི་བར་སེང་གཤོང་སྐད་བཤད་པའི་མི་སྡེ་ལུང་བ་ཞིག་ཡོད་དམ།  ཡོད་ན་གཙང་གི་རྫོང་གང་དུ་ཡོད་པ་ཁྱེད་ཀྱིས་མཛུབ་མོ་བཙུགས་ནས་སྟོན་རོགས་ཞུ།

འཇིགས་བསམ་ན་རེ། སྒོ་དམར་སྡེ་བའི་རྒན་པོ་རེ་གཉིས་ཀྱི་འཆལ་གཏམ་དུ་བསྒྲིགས་པའི། ང་དོར་སྡེ་ཡོང་བ་སྟོད་ནས་ཡོང་། དབུ་རུ་སྟོང་སྡེ་ནང་ནས་ཡོང་།  སྟོད་ཀྱི་དོར་སྡེ་སྡེ་ནས་ཡོང་།  ཞེས་པ་སོགས་ནི་སྒོ་དམར་རྒན་པོ་དག་གིས་རང་གི་སྡེ་བ་ལ་བསྟོད་པའི་ཕྱིར་ཁ་ནས་བྱུང་རྒྱལ་དུ་སྨྲས་པ་ཙམ་ལས་ལོ་རྒྱུས་ཀྱི་རིན་ཐང་ཅི་ཡང་མེད་པ་ཡིན་ནོ། །
ཕྲན་ཆུང་ན་རེ།    ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་མཚོན་ན་ཉམས་ཞིབ་ཀྱི་བདེན་དཔང་ལ་རིག་དངོས་རབ་དང་།   ཡིག་ཚང་འབྲིང་།   དམངས་ཁྲོད་ཀྱི་བཤད་པ་སོགས་ཐ་མར་བརྩིས་པར་བཤད་པས་ཁྱེད་ཀྱི་ལྟ་ཚུལ་འདི་ལ་མོས་གུས་ཡོད།  འོན་ཏེ་ཁྱེད་ཀྱིས་རང་རྩོམ་དུ་དྲངས་པའི་དོར་སྡོ་རྣམས་སོག་རིགས་སུ་བཞེད་པའི་ལུང་ཁུངས་དག་ཀྱང་མདོར་དེད་ན་བཤད་པ་ཙམ་ལས་མ་འདས་ཏེ།  “《ཀྲུང་གོའི་བོད་ཀྱི་ཚོ་བ》ཞེས་པའི་ནང་དམངས་ཁྲོད་ཀྱི་བཤད་སྲོལ་ལ།  དེ་སྔ་སོག་པོའི་དམག་མི་འགའ་ས་དེར་ཡོང་ནས་གཞི་སྡོད་བྱས་པ་ལ་བརྟེན་ནས་ད་ལྟའི་ཚེ་ཙེ་བཞིའི་སྡེ་བ་དེ་བྱུང”ཞེས་དང་།  ” མོ་རང་གིས་གཉན་ཐོག་སྡེ་བའི་རྒན་རབས་དག་ལ་བཅར་འདྲི་བྱས་པ་ལྟར་ན་ཁོ་ཚོའི་མེས་པོ་ནི་ཞིན་ཅང་ནས་འོངས་པའི་སོག་པོའི་རྒྱུད་པ་ཡིན་པར་བཤད”ཅེས་པ་དག་ཀྱང་རྒན་རྒོན་ཚོས་བྱུང་རྒྱལ་དུ་སྨྲས་པའི་སྐད་ཆ་ཙམ་ལས་ལོ་རྒྱུས་ཀྱི་རིན་ཐང་ཆེར་མེད། དེ་བཞིན་སེང་གཤོང་སོགས་ཚེ་ཙེ་བཞིའི་གྲས་མིན་པའི་སྒྲུབ་བྱེད་ལ་ཁྱེད་ཀྱིས་ཀྱང་བླ་བྲང་གི་རྒན་པོ་ཞིག་གི་རྣ་ཐོས་གོ་ཐོས་ཤིག་ལ་ཁུངས་གཏུགས་པ་མ་ཡིན་ནམ།

འདི་དག་མ་ཟད་ཁྱེད་ཀྱི་རྩོམ་དུ་དོར་སྡོ་ཚོས”ད་ལྟ་ཡང་སོག་པའི་སྐད་ཆ་ཇི་བཞིན་བཤད་བཞིན་ཡོད”ཅེས་དང་།   དོར་སྡོ་རྣམས་ལ “ཡུལ་སྲོལ་གོམས་གཤིས་སོགས་ནི་སོག་པོའི་ལུགས་ལྟར་གནས་ཡོད”ཅེས་དང་།  “བོད་སྤྱི་ལ་མི་མཐུན་པའི་ཁ་ཆེ་ལུགས་ལྟར་དུར་མཆོད་བྱེད་སྲོལ་ཡོད་པ”སོགས་རྒྱབ་རྟེན་གྱི་ལུང་དང་།   སྒྲུབ་བྱེད་ཀྱི་རིགས་པ།   མཚོན་བྱེད་ཀྱི་དཔེ་སོགས་གཅིག་ཀྱང་མེད་པར་གཏན་འབེབས་ཀྱི་ཚིག་གིས་བརྗོད་འདུག  གལ་ཏེ་ཁྱེད་ནི་ལོ་ན་ཉིས་སྟོང་ལ་སོན་པའི་ཧོར་ནག་གི་རྒན་པོ་ཞིག་ཡིན་ངེས་ན་དེ་ལྟར་གང་བྱུང་གིས་བརྗོད་སྲིད་མོད།   ལོ་རྒྱུས་སྨྲ་བ་ཞིག་གི་ངོས་ནས་འདི་ལྟར་མ་བརྟགས་བྱུང་རྒྱལ་དུ་སྨྲས་ན་ཤིན་ཏུ་མི་རིགས་སོ། །   ཁྱེད་ཀྱིས་ལོ་རྒྱུས་ཤེས་དགོས་ན་ལོ་རྒྱུས་ཀྱི་ཁུངས་འཚོལ་ཤེས་དགོས་པར་གསུངས་ཀྱང་ཁྱེད་ཀྱི་རྩོམ་དུ་དོར་སྡོ་རྣམས་སོག་རིགས་སུ་སྒྲུབ་དུས་ལོ་རྒྱུས་ཀྱི་ཁུངས་གནད་འཁེལ་བ་ཞིག་བཙལ་མེད་པ་ཅི་ཡིན་ནམ།   དེ་བཞིན་སྒོ་དམར་སོགས་སུ་ཁ་ཆེ་བ་སིམ་འཛུལ་བྱས་པའི་གནས་ཚུལ་དག་ཀྱང་བརྩམས་སྒྲུང་བ་ཞིག་གིས་སྒྲུང་གཏམ་བྲིས་པ་བཞིན་བཀོད་ཡོད་པ་སོགས་ཀྱང་གནད་དོན་གང་ཡིན་ནམ།
ཕྲན་ལ་མཚོན་ན་དོར་སྡོ་རྣམས་ཁ་ཆེ་དང་སོག་པོ་སོགས་རིགས་རྒྱུད་གང་ལ་གཏོགས་ཀྱང་།   དེ་ལ་རི་བོང་གནམ་རྡིབ་ལྟ་བུའི་སེམས་ཁྲལ་སྤུ་ཙམ་ཡང་མེད།   འོན་ཀྱང་ལོ་རྒྱུས་ཀྱི་བདེན་དོན་དངོས་ལ་གཞིར་བཅོལ་ཏེ་རིགས་པ་དང་ལྡན་པའི་གཏམ་མི་སྨྲ་བ་ལ་མ་རངས་པའི་རྟགས་སུ་འདི་འདྲ་ཞིག་འབྲི་ཁུལ་བྱེད་པའི་ངལ་བ་ལྷུར་བླངས།    འདི་ནི་རིགས་པའི་བགྲོ་གླེང་གི་སྟ་གོན་ཙམ་ཡིན། བགྲོ་གླེང་གི་མཚར་སྡུག་ད་དུང་རྗེས་ན་ཡོད། མི་འགྱངས་པར་ཕྲན་གྱིས་རང་གི་ཐོས་ཚོད་ཀྱིས་རྒྱུ་མཚན་དང་གནས་ལུགས་དཔང་ལ་བོས་ཏེ། བདེན་པ་དང་བདེན་པ་བརྡར་བའི་རྩོམ་ཞིག་འཇིགས་མེད་བསམ་གྲུབ་གཙོས་ཀུན་གྱི་སྤྱན་ལམ་དུ་དབུལ་འཆར་ཡོད་པས།  ད་ལན་རིགས་འཕྲུལ་འདི་ཙམ་གྱིས་འཐུས་པར་བྱ།       འདི་ལ་མ་རྟོགས་ལོག་རྟོགས་ཀྱི་ཆ་འདྲེས་ན་གཟུར་གནས་རྣམས་ཀྱིས་དགོངས་འཆར་ལྷུག་པོར་སྩོལ་བར་ཞུ།       འཇིགས་མེད་བསམ་གྲུབ་ཀྱི་རྩོམ་གྱི་ཕྱེད་ཀ་ནི་ཨ་ཁུ་དགེ་འདུན་དོན་གྲུབ་མཆོག་ལ་ཕུལ་བའི་ཡིག་ལན་ལྟ་བུ་ཡིན་པས་དོར་སྡོའི་རིགས་རུས་སྐོར་ལ་འབྲེལ་བ་མེད་པ་དག་བསྐྱུར་ཞིང་།   སོག་པོ་ཇུ་ནང་གི་བྱུང་བ་བརྗོད་པ་སོགས་ཀྱང་དགོས་མེད་ཀྱི་གཏམ་ཙམ་དུ་ཟད་པས།   དོན་སྒྲིབ་པར་བསམ་ནས་གཡུགས་ཏེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་སྒོ་བུ་ཤ་བོ་ཚེ་རིང་གིས་ནུབ་བྱང་རིག་པའི་ལྡིང་ཁང་དུ་སྤྱི་ལོ་ཉིས་སྟོང་བཅུ་དྲུག་གི་སྤྱི་ཟླ་དྲུག་པའི་ཚེས་དྲུག་ཉིན་སྦྱར་བ་རྒྱལ་གྱུར་ཅིག
གསལ་བཤད།
འཇིགས་མེད་བསམ་གྲུབ་ལགས་ཀྱི《རེབ་གོང་དུ་ཡོད་པའི་ཧོར་ཅེའུ་མཁར་གྱི་མཁར་ཤུལ་དང་ཚེ་ཙེ་བཞི་བཤད་པ།》ཞེས་པར་རྣམ་པ་མི་འདྲ་བ་གཉིས་མཆིས་ཏེ།   གཅིག་ནི་ཀྲུང་གོ་བོད་ཀྱི་དྲ་བར་བཀོད་པ་དེ་དང་།  གཉིས་ནི་སྐད་འཕྲིན་སོགས་སུ་པར་གྱི་རྣམ་པ་ཞིག་ཀྱང་སྤེལ་འདུག་པ་དེ་ཡིན།    ཕྱི་མ་དང་བསྡུར་ན་སྔ་མ་རུ་ནང་དོན་ལ་ཤས་འཕྲི་འདུག་པ་མ་ཟད་ཚན་པ་བཀར་སྟངས་ཀྱང་ཕྱི་མ་དང་ཐ་དད་དུ་འདུག་ཀྱང་།  ཚིག་སྦྱོར་སྤེལ་སྟངས་དང་ཡིག་ནོར་ཤོར་སྟངས་སོགས་གང་རུང་ལ་བརྟགས་ན་རྩོམ་མཁན་གཅིག་གི་ལག་རྗེས་ཡིན་པ་རྗེས་སུ་དཔགས་ཐུབ་པར་མ་ཟད།   རྩོམ་སྔ་ཕྱི་གང་རུང་ལ་རྩོམ་མཁན་ཁོང་གི་མཚན་གསལ་བས་འདིར་དེ་གཉིས་ཀར་གཞིར་བཅོལ་ནས་གླེང་ཡོད།

One thought on “རེབ་གོང་གི་ལོ་རྒྱུས་སྨྲ་བ་འཇིགས་མེད་བསམ་གྲུབ་ལགས་ལ་སྤྲིངས་པའི་འཕྲིན།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།