རང་དབང་དང་བཟོད་སྒོམ།

51d0d64aa402a

—སྐུ་ཞབས་ཧུའུ་ཧྲིའི《བཟོད་སྒོམ་དང་རང་དབང》ཞེས་པ་བཀླགས་པ།

ཀྲོའུ་པའོ་སུང་།

1959ལོའི་ཟླ་གསུམ་པར། སྐུ་ཞབས་ཧུའུ་ཧྲིས་ཐའེ་ལྦན་གྱི《རང་དབང་ཀྲུང་གོ》ཅེས་པའི་དུས་དེབ་སྟེང《བཟོད་སྒོམ་དང་རང་དབང》ཞེས་པའི་རྩོམ་ཡིག་གལ་ཆེན་ཞིག་སྤེལ་མྱོང་བར། སྐུ་ཞབས་མའོ་ཙི་ཧྲུའེ[1]དང་སྐུ་ཞབས་ཡན་ཧའེ་ཀོང[2]སོགས་ཀྱིས་ཀྱང་ལྗགས་རྩོམ་བྲིས་ཏེ་རང་གི་ལྟ་ཚུལ་གླེང་མྱོང་། དེར་སྐུ་ཞབས་ཧུའུ་ཧྲིས་ལོ་དེའི་རིང་དུ་བསྡུས་པའི《རང་དབང་ཀྲུང་གོ》ཅེས་པའི་དུས་དེབ་ཀྱི་ལོ་འཁོར་བཅུ་འགོར་བའི་རྗེས་དྲན་ཚོགས་འདུའི་སྟེང་། གོམ་གང་མདུན་སྤོས་ཀྱིས་རང་ཉིད་ཀྱི་ལྟ་ཚུལ་གསེད་བཀྲོལ་གནང་ཡོད་ཅིང་།[3] རྩོམ་ཡིག་འདི་གཉིས་དུས་ད་ལྟ་ཀྲུང་གོའི་རང་དབང་རིང་ལུགས་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

སྐུ་ཞབས་ཧུའུ་ཧྲིའི་ལྟ་ཚུལ་གཙོ་བོ་སྟེ། གཅིག་ནི་བཟོད་སྒོམ་ཞེས་པ་རང་དབང་ལས་གལ་ཆེ་ཞིང་། “བཟོད་སྒོམ་མེད་ཚེ་རང་དབང་ཞེས་པའང་མེད།” བཟོད་སྒོམ་ནི་ཆབ་སྲིད་རང་དབང་དང་བསམ་བློ་རང་དབང་། དད་མོས་རང་དབང་གི་རྨང་གཞི་ཡིན། གཉིས་ནི་བཟོད་སྒོམ་ཞེས་པ་ཆེས་ཡོད་དཀའ་བའི་རྣམ་འགྱུར་ཞིག་སྟེ། དེ་ནི་བསྟོད་འོས་པའི་ཀུན་སྤྱོད་ཡག་པོ་ཞིག་གོ། གསུམ་ནི་བཟོད་སྒོམ་མི་འབྱུང་བའི་རྩ་བ་དེ། གཙོ་བོ་མི་རྣམས་ཀྱིས་རང་ཉིད་ཡིད་ཆེས་ས་ནི་ད་གཟོད་ལྟོས་མེད་ཀྱི་བདེན་པ་ཡིན་པར་ངོས་འཛིན་པས་ཡིན། དེ་བས། “ལྟ་ལོག་པར་འཚེ་བ་དང་འབུར་འཇོམས། ཆོས་ལུགས་ཀྱི་རང་དབང་བཀག་སྡོམ། བསམ་བློ་དང་སྨྲ་བརྗོད་རང་དབང་གཉའ་གནོན་བྱེད་པ་ཅི་ཡོད། རང་ལ་ནོར་འཁྲུལ་མེད་སྙམ་པའི་ཡིད་ཆེས་ཀྱི་སེམས་ཁམས་དེ་ལས་བྱུང་བ་ཡིན།” བཞི་ནི་གལ་ཏེ་བཟོད་སྒོམ་གྱི་གོ་ཆ་སྙིང་ལ་བགོ་ན། ངེས་པར་དུ་རང་ཉིད་ཀྱི་བསམ་ཚུལ་མཐའ་གཅིག་ཏུ་འགྲིག་པའི་ངེས་པ་མེད་པར་ནོར་འཁྲུལ་ཀྱང་འབྱུང་སྲིད་པའི་ཁས་ལེན་བྱེད་དགོས། བཟོད་སྒོམ་གྱི་རྨང་གཞི་དེ་དོགས་སློང“ཞི་འཇམ”རིགས་ཤིག་གི་སྟེང་ཡོད་དགོས་ཤིང་། དོགས་སློང་ཞི་འཇམ་ཡིན་པས། བདེན་པ་ཁས་མི་ལེན་པ་མིན་པར། མི་རྣམས་སྔོན་གྱི་ཡིད་ཆེས་ས་དེར་དོགས་པའི་ཐེ་ཚོམ་ཞིག་འཛིན་དགོས་པར་རེ་བ་བཏོན་པ་ཙམ་ཡིན། དེར་བརྟེན། སྐུ་ཞབས་ཧུའུ་ཧྲིས། “རང་དབང་ལ་འགན་སྲུང་བྱེད་པའི་ཁྲིམས་སྲོལ་དང་ལམ་ལུགས་ཇི་སྙེད། ‘ལྟོས་བཅས་ཀྱི་བདེན་ལུགས’སྟེང་གྲུབ་པ་ཡིན་ཞེས་བཤད་ཆོག་པར་འདུག་ཅེས་བཤད་མྱོང་།”

སྐུ་ཞབས་ཧུའུ་ཧྲིས་བཟོད་སྒོམ་ནན་གྱིས་བསྟན་དོན་ནི། དུས་དེའི་དམིགས་བསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་ལ་རག་ལས་པས་ཡིན། འོན་ཀྱང་འདུ་ཤེས་ཀྱི་ངོས་ནས། སྐུ་ཞབས་ཧུའུ་ཧྲིས་བཟོད་སྒོམ་ལ་རྒྱུས་ལོན་དང་རིག་པས་ཁུངས་སྐྱེལ་སྟངས་དེར། ཁོ་བོས་བསམ་ན་མི་འདང་བའི་ཆ་ཡོད་པར་འདོད་པས། གཤམ་དུ་ཁོ་བོས་བཟོད་སྒོམ་ཞེས་པ་སྤྱོད་བཟང་རིགས་ཤིག་ཡིན་པར་དོགས་སློང་རིགས་པས་སྒྲུབ་མི་ཐུབ་པ་དང་། བཟོད་སྒོམ་རང་སྟེང་ནས་ཀྱང་བཟོད་སྒོམ་འདི་ཉིད་རང་དབང་རིང་ལུགས་ཀྱི་རིང་ལུགས་མ་ལག་ཅིག་ཏུ་ལུགས་མཐུན་གྱིས་སྒྲུབ་མི་ཐུབ་ཚུལ་རིགས་པས་སྒྲུབ་པར་བྱའོ།།

ཆབ་སྲིད་མཚན་ཉིད་རིག་པའི་ཁྲོད། བཟོད་སྒོམ[4]ནི་སྤྱོད་བཟང་རིགས་ཤིག་སྟེ། སྤྱིར་བཏང་དུ་མི་ཞིག་གིས་མི་གཞན་དེའི་སྨྲ་བརྗོད་བསམ་བློ་དད་མོས་དང་སྦྱོར་བར་འཐད་མོས་མེད་པ་དང་ཆབས་ཅིག རང་ཉིད་འཐད་མོས་མེད་པ་ལ་རྒྱུ་མཚན་དང་རིགས་པས་དཔྱད་བཟོད་ཐུབ་པ་ཞིག་ཡིན་པར་ཡིད་ཆེས་ཡོད་དགོས། འོན་ཀྱང་ཁོ་བོར་གཞན་ལ་ཐེ་ཇུས་བྱེད་པའི་ནུས་པ་བདོག་ནའང་། བསམ་གཟས་ནས་རང་གཅུན་གྱིས་གཞན་ལ་ཐེ་ཇུས་མི་བྱེད་པའི་གདམ་ཀ་གནང་བ་ཞིག་ལའོ།། དེ་བས་རང་གཅུན་གྱི་བསམ་བློ་འདིར། ཀུན་སྤྱོད་སྟེང་ནས་གཟེངས་སུ་བསྟོད་རིན་ཡོད་པ་ཞིག་ཡིན། འདིར་བཤད་པའི་བཟོད་སྒོམ་བྱེད་མཁན་ནི། མི་སྒེར་དང་ཚོགས་པ་ཡིན་ཆོག་མོད། ཡིན་ཀྱང་སྤྱིར་བཏང་དུ་སྲིད་གཞུང་ལ་གོ་བ་ཡིན། གང་ལགས་ཤེ་ན། ཏག་ཏག་སྲིད་གཞུང་ལ་ད་གཟོད་གཞན་གྱི་སྦྱོར་བར་ཐེ་ཇུས་དང་ཚད་བཀག་བཟོ་བའི་དབང་ཆ་ཡོད་པས་ཡིན། གང་ལྟར་བཟོད་སྒོམ་སྐོར་གྱི་དོན་དག་ཅི་རིགས་ཁྲོད། ཆེས་མཆོག་ཏུ་གྱུར་བ་ནི་ཆོས་ལུགས་བཟོད་སྒོམ་ཡིན།

མཚན་ཉིད་འདི་ལས། མཉམ་འཇོག་བྱེད་དགོས་པ་འགའ་ཡོད་དེ།  གཅིག   བཟོད་སྒོམ་ཞེས་པ་མི་ཞིག་གིས་མི་གཞན་དེར་ལྡོག་ཕྱོགས་ཀྱི་གདེང་འཇོག་སྟེ། བཟོད་སྒོམ་བྱེད་མཁན་དེས་མི་གཞན་དེའི་བསམ་བློ་དང་སྦྱོར་བ་ནོར་འཁྲུལ་དུ་མཐོང་ནས་སྤང་བྱར་ངོས་འཛིན་ཞིང་། ཐ་ན་ཀུན་སྤྱོད་སྟེང་རྒོལ་གཏམ་གཏོང་དགོས་པ་ཞིག་དང་། ཆབས་ཅིག་ཏུ་རང་ཉིད་ཀྱི་ལྟ་བའི་ལངས་ཕྱོགས་ནི་ཡང་དག་པ་དང་བདེན་པར་འདོད་པ་ཞིག་ལས་མ་འདས། དེར་བརྟེན། བཟོད་སྒོམ་ཞེས་པས་སྣང་དོགས་མེད་པའམ་དོ་སྣང་མེད་པའི་དོན་ཞིག་ཡེ་ནས་མི་སྟོན་མོད། རྒྱ་ཡིག་ནང་གི་བཟོད་སྒོམ་གྱི་བཟོད་ཅེས་པའི་ཚིག་ཟུར་གྱིས་ཏན་ཏན་ཐབས་རྡུགས་པའི་ཞེན་ལོག་གི་ནང་དོན་བསྟན་ཡོད། གཞན་ནས་བཟོད་སྒོམ་གྱིས་ཀྱང་ཕྱོགས་གཉིས་ཀྱི་དབང་ཆའི་འབྲེལ་བ་སྤྱི་སྙོམས་མིན་པ་མཚོན་ཏེ། ཉམ་ཆུང་ཕྱོགས་ལ་བཟོད་སྒོམ་གླེང་དབང་མེད་པ་ལྟ་བུ་ཡིན།

གཉིས། བཟོད་སྒོམ་བྱེད་ཚུལ་འདི་ཡུལ་དུས་ཅི་ཡོད་ལ་འཚམ་པ་ཞིག་ཀྱང་ལར་ནས་མིན། དཔེར་ན། མི་སུ་ཞིག་གིས་ཀྱང་རིགས་རྒྱུད་དང་ཕོ་མོའི་དབྱེ་བར་མཐོང་ཆུང་བྱེད་པར་བཟོད་སྒོམ་བྱེད་མི་ཐུབ་པ་ལྟ་བུ་སྟེ། མཐོང་ཆུང་མ་གཞི་ནས་ནོར་འཁྲུལ་ཅིག་ཡིན་པས། ང་ཚོས་སྒྲུབ་དགོས་པ་ནི་ཁྲིམས་ལུགས་གསར་འཛུགས་ཀྱིས་མཐོང་ཆུང་འདི་རིགས་འགོག་དགོས་པ་དེ་ཡིན། གནས་ལུགས་དེ་དང་འདྲ་བར། ང་ཚོ་སུ་ཞིག་གིས་ཀྱང་སྐྱེས་པས་བུད་མེད་ལ་སུན་གཙེར་བྱེད་པར་བཟོད་སྒོམ་བྱེད་མི་ཐུབ་ཅིང་། དེར་བསྟོད་པ་བྱེད་རིན་ཡང་ཉག་ཙམ་མེད། དེ་དང་ཆབས་ཅིག   རེ་འགས་མི་གཞན་པར་ལྡོག་ཕྱོགས་ཀྱི་གདེང་འཇོག་བྱེད་པ་ལ། གལ་ཏེ་མགོ་བརྩམས་མ་ཐག་ནས་ཅུང་འགྲིག་མེད་པ་ཞིག་ཡིན་ཚེ། དེས་ན་དཔྱད་འཇོག་དེ་འདྲ་རྨང་གཞི་ཡིས་བཟོད་སྒོམ་བྱས་པ་ཡང་ལུགས་མཐུན་ཞིག་ལར་ནས་མིན། དཔེར་ན་དུས་ཡུན་རིང་པོར། མཚན་མཐུན་དགའ་རོགས་བསྒྲིགས་པར་ཚང་མས་བཟོད་སྒོམ་བྱེད་ཐུབ་ཡོད་པ་དེ། ཆེས་ཡོད་དཀའ་བའི་སྤྱོད་བཟང་ཞིག་ཏུ་བལྟ་མོད། དུས་ད་ལྟ་སྔར་ལས་ཀྱང་མི་མང་པོ་ཞིག་གིས། འདི་ལྟར་བྱས་ན་མཚན་མཐུན་དགའ་རོགས་བསྒྲིགས་པའི་མི་ལ་ཐད་ཀའི་གནོན་ཤུགས་མི་ཐེབས་རུང་། འོན་ཀྱང་མཚན་མཐུན་དགའ་རོགས་བསྒྲིགས་པ་ནི་མ་གཞི་ནས་ཀུན་སྤྱོད་སྟེང་གི་ནོར་འཁྲུལ་ཞིག་ཏུ་བསམ་ནས། ཕོ་མོའི་ལུས་རྟེན་གྱི་དབྱེ་བར་རང་ཤུགས་སུ་མཐོང་ཆུང་བྱེད་བཞིན་ཡོད། ཡིན་ཀྱང་མཚན་མཐུན་དགའ་རོགས་བསྒྲིགས་མཁན་ལ་དོན་གྱིས་དགོས་པ་ནི། འདྲ་མཉམ་གྱི་བརྩི་བཀུར་ཐོབ་དགོས་པ་དེ་ཡིན། མཚམས་འདི་ནས། བཟོད་སྒོམ་གྱིས་ལྡོག་སྟེ་ཕྱིར་གནོད་འཚེ་སྐྱེལ་ཡོང་བ་ལྟ་བུའོ།།

དེར་བལྟས་ཡོང་ན། གནས་ཚུལ་ཅི་ཡོད་ཀྱི་འོག་ཏུ་བཟོད་སྒོམ་ནི་སྤྱོད་བཟང་ཞིག་ཡིན་པའི་ངེས་པ་ཁྱོན་ནས་མེད་པས། ང་ཚོས་ངེས་པར་དུ་བཟོད་སྒོམ་བྱེད་ཡུལ་གྱི་དོན་ལ་འདི་ལྟ་བུའི་བརྡར་ཤ་ཞིག་གཅོད་དགོས་ཏེ། ཕྱོགས་གཅིག་ནས་བཟོད་སྒོམ་བྱེད་མཁན་གྱིས་བཏོན་པའི་ལྡོག་ཕྱོགས་ཀྱི་གདེང་འཇོག་ལ་བསམ་ཤེས་བྱེད་དགོས་པ་དང་། ཆབས་ཅིག་དད་པ་དང་སྦྱོར་བ་འདི་དག་ཡོད་ཆོག་པར་དང་ལེན་བྱེད་དགོས་ཤིང་། ཐ་ན་བྱེད་འོས་པ་ཞིག་ཀྱང་ཡིན་དགོས་པར་ཁས་ལེན་བྱེད་པའོ (ཆོས་ལུགས་མི་གཅིག་པའི་བར་གྱི་བཟོད་སྒོམ་ནི་ཆེས་མཆོག་ཏུ་གྱུར་བའི་དཔེ་མཚོན་ཡིན) །། ཏག་ཏག་འདི་འདྲའི་ཆེད་མིགས་ཀྱི་ཁྱབ་ཁོངས་ནང་། ད་གཟོད་བཟོད་སྒོམ་ནི་སྤྱོད་བཟང་ཞིག་ལ་བརྩི་ཆོག  རེད་དེ། ཚད་གཞི་གང་འདྲ་ཞིག་གི་ངོས་ནས་ཆེད་དམིགས་ཀྱི་ཁྱབ་ཁོངས་གཏན་འཁེལ་བྱེད་པ་ནི་ཤིན་ཏུ་དཀའ་སྟེ། གང་ལགས་ཤེ་ན། གང་ཞིག་བཟོད་སྒོམ་བྱ་ཡུལ་དང་གང་ཞིག་བཟོད་སྒོམ་དུ་མི་རུང་བ། ཡང་ན་གང་ཞིག་བཟོད་སྒོམ་དང་འབྲེལ་བ་མེད་པ་སོགས་ནི་མ་གཞི་ནས་ཀླན་ཀ་ཆེ་བའི་ཀུན་སྤྱོད་ཀྱི་གླེང་གཞི་ཞིག་ཡིན།

གསུམ། སྣང་དོགས་མེད་པ་དང་བཟོད་སྒོམ། བརྩི་བཀུར་གསུམ་ནི་ངོ་བོ་མི་འདྲ་བའི་རྣམ་འགྱུར་འཛིན་སྟངས་ཤིག་ཡིན། འདི་ཚང་མས་མཐར་གཏུགས་ན་ཕྱོགས་གཅིག་གིས་ཕྱོགས་གཅིག་ལ་ཐེ་ཇུས་མི་བྱེད་པ་དེའོ།། དེ་ལས་བཟོད་སྒོམ་ནི་གོང་སྨྲས་གཉིས་པོའི་བར་ན་ཡོད་དེ། བཟོད་སྒོམ་བྱེད་མཁན་གྱིས་གཞན་དེས་ཅི་ཞིག་བསྒྲུབ་བཞིན་ཡོད་པར་དོ་སྣང་བྱེད་པ་དང་། ཆབས་ཅིག་གཞན་དེའི་སྦྱོར་བ་མཐའ་དག་ལ་བརྩི་འཇོག་བྱེད་རིན་མེད་པར་སྙམ་ནས་མཐར་ཐུག་རང་གཅུན་གྱི་ལམ་བུ་གདམ་པ་དེ་ཡིན། འོན་ཀྱང་བཟོད་སྒོམ་བྱེད་མཁན་གྱིས་ཅིའི་ཕྱིར་འདི་ལྟར་བྱེད་དགོས་སམ། ཁོའི་སེམས་སུ། ཕ་རོལ་པོའི་དད་པར་ནོར་འཁྲུལ་བྱུང་ཡོད་པར་འདོད་ན། དེས་མི་དེའམ་ཡང་ན་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་ཐེབས་ངེས་ཤིང་། དེ་དང་ལྷན་དུ་ཁོ་ལའང་ཕ་རོལ་པོ་འགོག་རྒོལ་བྱེད་པའི་ནུས་པ་ལྡན་མོད། ཁོས་རྒྱུ་མཚན་ཅིའི་ཕྱིར་རང་གཅུན་གྱིས་ཕ་རོལ་པོ་ཚོད་འཛིན་མ་བྱས་པ་ཡིན་ནམ།

མི་འགའ་ཤས་ཀྱིས་འདི་ལྟར་བཤད་ཀྱང་སྲིད་དེ། དེ་བཞིན་བྱེད་དོན་རང་ཉིད་འགེབ་སྲུང་བྱེད་ཆེད་ཡིན་ནོ་ཟེར། གང་ལགས་ཤེ་ན། བཟོད་སྒོམ་བྱེད་མཁན་གྱིས་བསམ་བློ་ནན་མོ་བཏང་ཡོད་དེ། གལ་ཏེ་ཁོས་དེ་ལྟར་མ་བསྒྲུབ་ཚེ། གཞན་ཕ་རོལ་པོ་དེས་ཁོ་ལ་ཕྱི་ཕྱོགས་འཁོན་སེམས་འཛིན་པར་སྐྲག་པས་སོ།། དེས་ན་གནད་དོན་ནི། གལ་ཏེ་འདི་བཟོད་སྒོམ་བྱེད་པའི་གནས་ལུགས་ཁོ་ན་ཡིན་ཚེ། ང་ཚོས་འདི་ལྟ་བུའི་བཟོད་སྒོམ་དེ་སྤྱོད་བཟང་རིགས་ཤིག་ཡིན་པར་ཁས་ལེན་ཐབས་བྲལ། རྒྱུ་མཚན་ང་ཚོས་ཕྱོགས་གཞན་ཞིག་ནས་ཀྱང་འདི་ལྟར་འབྱུང་བའི་ཚོད་དཔག་བྱས་ཆོག་སྟེ། བསྒྲུབ་ཆོག་པའི་གནས་བབ་འོག་ཏུ། དགྲ་བོ་གང་དེས་རང་ལ་མི་གནོད་པའི་ཆེད། ལྡབ་འགྱུར་གྱི་གདུག་རྩུབ་བཀོལ་ནས་གཞན་ཕྱོགས་ཚར་གཅོད་གཙང་མ་བྱས་པ་དེར། རང་གི་ཁེ་ཕན་ངོས་ནས། བཟོད་སྒོམ་མ་བྱས་པར་ཡང་སྔར་བཞིན་དཔྱོད་ཤེས་ཀྱི་ཆ་ཡོད་པས་སོ།།

དེའི་སྟབས་ཀྱིས། གལ་ཏེ་བཟོད་སྒོམ་ནི་བརྟན་ཞིང་འགྱུར་མེད་ཀྱི་རང་མོས་ལས་བྱུང་བའི་སྤྱོད་བཟང་རིགས་ཤིག་ཡིན་ཚེ། བཟོད་སྒོམ་བྱེད་མཁན་གྱི་ཐག་གཅོད་དེ་ཡང་ངེས་པར་དུ་ཀུན་སྤྱོད་གནས་ལུགས་ཀྱི་རྨང་གཞིའི་སྟེང་ཡོད་དགོས། གནས་ལུགས་འདི་དག་གི་ངོ་བོ་དེ་དང་ཁོས་མི་གཞན་པའི་དད་པར་ལྡོག་ཕྱོགས་ཀྱི་གདེང་འཇོག་བྱས་པའི་གནས་ལུགས་དང་མི་འདྲ་ཞིང་། ཆབས་ཅིག་གནས་ལུགས་སྔོན་མ་འདི་གནས་ལུགས་ཕྱི་མ་ལས་ཁྱད་འཕགས་ཡིན་དགོས། དེས་ན་གཞི་རྩའི་བསམ་བློ་འདི་ལྟ་སྟེ། “ངས་ཁྱོད་ཀྱི་བསམ་སྦྱོར་ཁས་མི་ལེན་ནའང་། གལ་ཆེ་བའི་གནས་ལུགས་ག་གེ་མོའི་ངོས་ནས། ངས་བཟོད་སྒོམ་བྱ་སྟེ། ཁྱོད་ཀྱི་སྦྱོར་བར་ཐེ་ཇུས་མི་བྱེད་དོ”ཞེས་པ་འདི་ཡིན། འོ་ན་གནས་ལུགས་འདི་དག་ཅི་ཞིག་ཡིན་ནམ། རྒྱུ་མཚན་ཅིའི་ཕྱིར་གནས་ལུགས་འདི་དག་ལ་འདི་འདྲའི་ཀུན་སྤྱོད་ཀྱི་ཤུགས་ཆེ་སྟེ། མི་རྣམས་ཀྱི་རྒྱུད་ལ་བཟོད་སྒོམ་ཞེས་འདི་འདྲའི་ཡོད་དཀའ་བའི་ཀུན་སྤྱོད་ཅིག་གོམས་སུ་འཇུག་དགོས་སོང་།

ད་ལྟ་ང་ཚོས་སྐུ་ཞབས་ཧུའུ་ཧྲིའི་རིགས་སྒྲུབ་ལ་དཔྱད་འཇོག་ཅིག་བྱེད། སྐུ་ཞབས་ཧུའུ་ཧྲིས། བཟོད་སྒོམ་བྱེད་པའི་རྒྱུ་མཚན་གཅིག་པུ་ནི། རང་ཉིད་ལའང་ནོར་འཁྲུལ་འབྱུང་སྲིད་སྙམ་པའི་བློ་དོགས་ཡོད་དགོས་ཤིང་། དེ་ནས་དེར་རྐྱེན་བྱས་ཏེ་རང་སེམས་སུ་མི་གཞན་ཤོང་པའི་བློ་རྒྱ་རང་རྒྱུད་དུ་གོམས་པར་བྱས་ཏེ་གཞན་གྱི་རང་དབང་ལ་བརྩི་བཀུར་བྱེད་དགོས། “གང་ལགས་ཤེ་ན། ནོར་འཁྲུལ་འབྱུང་སླ་བས། ཐ་ན་རྣར་གཟན་པའི་སྐད་ཆར་ཡང་བཟོད་སྒོམ་བྱེད་དགོས”པར་འདོད། དེས་ན་དོན་གྱིས་སྐུ་ཞབས་ཧུའུ་ཧྲིས་འདོད་པ་ནི། གལ་ཏེ་མི་ཞིག་གིས་ཡིད་ཆེས་བརྟན་པོས་རང་ལ་བདེན་ལུགས་ཡོད་པར་ཁས་འཆེས་ན། གཞན་དེར་བཟོད་སྒོམ་བྱེད་དགོས་དོན་མེད་པ་དེའོ།། ཡིན་ཀྱང་བཟོད་སྒོམ་ལ་ངེས་པར་དུ་དགོས་པའི་ཆ་རྐྱེན་ནི། རང་ཉིད་ཀྱི་བསམ་ཚུལ་ལ་རྟག་ཏུ་དོགས་སློང་གི་རྣམ་འགྱུར་འཛིན་དགོས་པ་དེ་ཡིན།

རིགས་སྒྲུབ་འདིའི་ཆེས་ཆེ་བའི་གནད་དོན་ནི། “བཟོད་སྒོམ་ཞེས་པ་སྤྱོད་བཟང་ཞིག་ཏུ་བལྟ་བའི”དཀའ་གནད་གཙོ་བོ་བཏང་སྙོམས་སུ་བསྐྱུར་བ་དེའོ།། དེས་ན་དཀའ་གནད་དེ་ནི། གལ་ཏེ་ང་རང་ཡིད་ཆེས་བརྟན་པོས་རང་ཉིད་ཀྱི་ཡིད་ཆེས་བྱ་ཡུལ་དེ་བདེན་པར་ངོས་བཟུང་བ་ཡིན་ན། ངས་མུ་ནས་བཟོད་སྒོམ་བྱེད་དགོས་པའི་རྒྱུ་མཚན་ཡོད་དམ་ཞེས་པ་དེ་ཡིན། དེར་སྐུ་ཞབས་ཧུའུ་ཧྲིས། རྒྱུ་མཚན་མེད་ཅེས་ལན་གདབ་སྲིད། འོན་ཀྱང་འདིས་ཆེས་གནད་འགག་གི་གནད་དོན་ཞིག་གཡོལ་བར་བྱས་ཡོད་དེ། བཟོད་སྒོམ་ཆེས་མཁོ་བའི་དུས་ནི། ཏག་ཏག་མི་རྣམས་ཡིད་ཆེས་བརྟན་པོས་རང་ཉིད་ཡིད་ཆེས་བྱ་ཡུལ་དེ་བདེན་པར་བཟུང་ཞིང་གཞན་ཕ་རོལ་པོ་ཡིད་ཆེས་བྱ་ཡུལ་དེ་ནོར་འཁྲུལ་དུ་བསམ་པའི་སྒང་ཡིན། བརྒྱ་ལོ་བཅུ་བདུན་པའི་དབྱིན་ཇིའི་མཚན་ཉིད་རིག་པ་མཁན་ལ་ཁི་ནས་བཟུང་བའི་རང་དབང་རིང་ལུགས་ཀྱི་སྲོལ་རྒྱུན་གྱིས། གནད་དོན་འདིར་འགྲེལ་རྒྱག་ཐབས་ཀྱི་ཀུན་སྤྱོད་ཀྱི་གནས་ལུགས་ཤིག་ཧུར་བརྩོན་གྱིས་འཚོལ་བཞིན་ཡོད།

རང་དབང་རིང་ལུགས་ཀྱིས་སྐུ་ཞབས་ཧུའུ་ཧྲིའི་རིགས་སྒྲུབ་དང་ལེན་བྱ་མི་སྲིད་ཅིང་། དེར་ཆེས་ཉུང་མཐའ་ཡང་རྒྱུ་མཚན་གཉིས་ཏེ། གཅིག་ནི་རང་དབང་རིང་ལུགས་པར་ལྟ་ཚུལ་འདི་དང་ལེན་བྱེད་པའི་རྒྱུ་མཚན་ཡང་དག་ཅིག་མེད་ལ། རང་དབང་རིང་ལུགས་པས། མི་ཀུན་གྱིས་བཟོད་སྒོམ་རང་རྒྱུད་དུ་གོམས་ཆེད། ངེས་པར་དུ་དོགས་སློང་གི་རྣམ་འགྱུར་ཞིག་འཛིན་དགོས་ཞེས་སྨྲ་མི་སྲིད་དེ། འདི་ལྟར་བསྒྲུབ་རྒྱུ་ཤིན་ཏུ་དཀའ། གཉིས་ནས་རང་དབང་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་ཏེ། མི་རྣམས་ཀྱིས་རང་ཉིད་ཀྱི་དད་པ་ཅི་ལྟར་ངོས་འཛིན་དང་ལག་ལེན་བྱེད་པ་འདུ་བའི་མི་རེ་རེའི་དད་པར་བརྩི་བཀུར་བྱེད་དགོས་པ་དེ་དང་འགལ་བས་ཡིན། དོན་གྱིས་རང་དབང་སྣེ་མང་གི་སྤྱི་ཚོགས་ཤིག་ལ་མཚོན་ན། མི་རྣམས་བརྒྱ་ཁ་གཅིག་གཅོད་དང་ཕྱོགས་རིས་འཐེན་འཁྱེར་གྱི་དབང་དུ་མི་འགྲོ་ལ། མ་ཟད་རང་ཉིད་ལའང་ནོར་འཁྲུལ་ཡོད་སྲིད་ཅེས་དང་ལེན་བྱེད་སླ་བའི་འཚོ་བའི་ལྟ་སྟངས་ཤིག་བལྟོས་བཅས་ཀྱིས་རང་རྒྱུད་དུ་ཆགས་སླ་བས། ལྟ་སྟངས་འདིས་སྤྱི་ཚོགས་ཀྱི་རྣམ་པ་ཅུང་དཀྱེལ་ཡངས་སུ་འགྱུར་བར་ཕན་ཐོགས་འབྱུང་ཡང་སྲིད་མོད། འོན་ཀྱང་རང་དབང་རིང་ལུགས་ཀྱིས་མཇུག་འབྲས་འདིའི་ཆེད་དུ། མི་རྣམས་དོགས་སློང་པ་རུ་འགྱུར་བའི་རེ་བ་འདོན་མི་སྲིད། བྱེད་སྟངས་འདིས་དོན་གྱིས་ཕྱོགས་གཞན་དེར་བཟོད་སྒོམ་མི་བྱེད་པ་དང་མཚུངས། དེ་མིན། རང་དབང་རིང་ལུགས་ཀྱིས་ཡིད་ཆེས་བརྟན་པོས་བཟོད་སྒོམ་བྱས་པ་ནི་ཡང་དག་པར་འདོད་ན། འོན་ཀྱང་དོགས་སློང་གི་གཏན་ཚིགས་བཀོལ་ནས“བཟོད་སྒོམ་ཞེས་པ་སྤྱོད་བཟང་ཞིག་ཏུ་བལྟ་བའི”བརྗོད་གཞི་འདི་འདྲ་འདེམས་པ་མ་གཞི་ནས་ནོར་ཡོད་ཀྱང་སྲིད་པས། དེས་ན་བཟོད་སྒོམ་མི་བྱེད་པའི་ལམ་བུ་གདམ་ནའང་ཧ་ལམ་མི་ཆོག་པའི་གནས་ལུགས་མེད་པ་དེའོ།།

རང་དབང་རིང་ལུགས་པས་འདི་ལས་ཀྱང་གཏིང་ཟབ་པའི་གནས་ལུགས་ཤིག་གིས་རིག་སྒྲུབ་འདི་འདྲ་གཏན་འགོག་བྱེད་དེ། ཁོ་བོས་བར་སྐབས་སུ་འདི་ལ“མིའི་དད་པ་ཆ་ཚང“ཞེས་བཏགས་ཡོད། སྐུ་ཞབས་ཧུའུ་ཧྲིས་རྩོམ་ཡིག་ནང་བཀའ་དྲིན་ཞུ་བའི་རྣམ་པས། “རྒྱལ་ཁབ་འདི་དང་སྤྱི་ཚོགས་འདི། འཛམ་གླིང་འདིའི་མི་ཕལ་ཆེ་བ་ཞིག་ནི་ལྷ་ལ་དད་མོས་ཡོད་ཅིང་། ཁོ་ཚོར་འདི་འདྲའི་བློ་རྒྱ་ཡོད་པས་ངའི་ལྷ་མེད་སྨྲ་བའི་ལྟ་ཚུལ་ལ་བཟོད་སྒོམ་བྱས་ཤིང་། ང་ལྟ་བུའི་ལྷ་ལ་མི་དད་ཅིང་རྣམ་ཤེས་རྟག་པ་མིན་པར་གླེང་བའི་མི་ཞིག་ལ་བཟོད་སྒོམ་བྱེད་ཐུབ་སོང”ཞེས་ལབ་ཡོད། ཡིན་ཀྱང་རྒྱུ་མཚན་ཅིའི་ཕྱིར་ལྷ་ཡོད་སྨྲ་བ་འདི་ཚོས་ལྷ་མེད་སྨྲ་བའི་ཧུའུ་ཧྲི་ལྟ་བུར་བཟོད་སྒོམ་བྱས་སོང་བ་ཡིན་ནམ། སྐུ་ཞབས་ཧུའུ་ཧྲིའི་འགྲེལ་བ་ལྟར་ན། དེ་ནི་ལྷ་ཡོད་སྨྲ་བ་ཚོས་རང་ཉིད་དད་མོས་ཡོད་པའི་ཆོས་ལུགས་ལ་དོགས་སློང་གི་རྣམ་འགྱུར་ཞིག་བཟུང་ཡོད་པས་ཡིན་ཞེས་སོ།། འོན་ཀྱང་འགྲེལ་བཤད་འདི་ལུགས་མཐུན་ཞིག་ལར་ནས་མིན་ཏེ། ཐ་ན་ལྷ་ཡོད་སྨྲ་བ་ཚོའི་དད་མོས་ལ་འཁྱོག་བཤད་དང་གནོད་འཚེ་བཟོས་པ་ཙམ་དུ་ཟད། ལུས་སེམས་རྩེ་གཅིག་གིས་ཆོས་ལུགས་ག་གེ་མོར་དད་པ་བྱེད་ཅིང་། མ་ཟད་དད་པ་དེ་ཉིད་འཇིག་རྟེན་སྟེང་གི་བདེན་ལུགས་ཁོ་ནར་བསམ་མཁན་གྱི་དད་ལྡན་པ་ཞིག་ལ་མཚོན་ན། “ངས་ཁྱོད་ལ་བཟོད་པ་སྒོམ། གང་ལགས་ཤེ་ན། ངས་རང་གི་དད་མོས་བདེན་པར་བརྩི་བ་ལས་གཞན་ཁྱོད་ཀྱི་ལྷ་མེད་སྨྲ་བ་ལའང་བདེན་ལུགས་ཡོད་ལོས་ཆེ”ཞེས་བཤད་མི་སྲིད། གལ་ཏེ་དངོས་གནས་དེ་ལྟར་ཡིན་ན། མི་དེའི་དད་པར་ཆག་གྲུམ་ཤོར་སྲིད་པའམ་གཞན་འགྱུར་གྱི་ཉེན་ཁ་ཤིན་ཏུ་ཆེ་སྟེ། རྒྱུ་མཚན་མི་མང་པོ་ཞིག་གི་ངོས་ནས། དད་པའི་ངོ་བོ་ནི་ཏག་ཏག་ཚེ་སྲོག་དང་ངོ་བོ་དབྱེར་མེད་ཀྱིས་ཡོངས་སུ་བསྟིམས་དགོས་པ་ཞིག་ཡིན་པ་ལས། མི་ནི་གང་དེར་ཡོངས་སུ་ཡིད་ཆེས་པ་དང་ཆབས་ཅིག་ཡོངས་སུ་དོགས་པ་སྐྱེས་པ་ཞིག་མི་རུང་བས་སོ།། གལ་ཏེ་རང་དབང་རིང་ལུགས་ཀྱི་བཟོད་སྒོམ་ལྟ་ཚུལ་དེ་དོགས་སློང་འདུ་ཤེས་ཀྱི་རྨང་གཞིའི་སྟེང་ཡོད་ཚེ། རང་དབང་རིང་ལུགས་ཀྱི་ཡིད་འགུག་ནུས་པ་ཇེ་ཞན་དུ་འགྲོ་བས་མི་ཚད། དེ་དང་ལྷན་དུ་ལྷག་བསམ་རྣམ་དག་གི་དད་ལྡན་པར་ཡང་བརྩི་བཀུར་མ་བྱས་པ་ཡིན།

སྐུ་ཞབས་ཧུའུ་ཧྲིས་དོགས་སློང་འདུ་ཤེས་དང་ཆོས་ལུགས་དད་མོས་བར་གྱི་འགལ་འདུ་ཧ་ལམ་སེམས་སུ་དྲན་མེད་པ་འདྲ། ཁོང་གིས་ཁོའི་ལྷ་མེད་སྨྲ་བར་བཟོད་སྒོམ་བྱེད་མཁན་ཚོས་དོགས་སློང་འདུ་ཤེས་དང་ལེན་བྱས་སོང་བར་འདོད་པའི་ཚོད་དཔག་བྱས་པ་ཙམ་ལས། གནས་ལུགས་གཞན་དག་གི་ངོས་ནས་ཆོས་ལུགས་བཟོད་སྒོམ་ལ་རྒྱབ་སྐྱོར་བྱེད་སྲིད་པའི་སྐོར་བསམ་བློ་བཏང་མི་འདུག དེ་ལྟར་ན། ང་ཚོ་ཡང་བསྐྱར་སྔོན་གྱི་དྲི་གཞིའི་ཕྱོགས་སུ་ལྡོག་པ་སྟེ། གལ་ཏེ་ང་རང་ཡིད་ཆེས་བརྟན་པོས་ཆོས་ལུགས་ག་གེ་མོ་བདེན་པར་བཟུང་བ་ཡིན་ན། ང་ལ་སྔར་བཞིན་མུ་སྟེགས་པར་བཟོད་སྒོམ་བྱེད་པའི་གནས་ལུགས་ཡོད་དམ་ཞེས་པ་དེ་ཡིན།

རང་དབང་རིང་ལུགས་པས། དྲི་གཞི་དེའི་ལན་དུ་གནས་ལུགས་ཡོད་ཅེས་བཤད་སྲིད། དེས་ན་གནས་ལུགས་ནི། མི་རེ་རེ་ནི་ཁེར་ཚུགས་རང་བདག་གི་སྒེར་མི་རེ་རེ་ཡིན་པར་བརྩི་བཀུར་བྱེད་དགོས་ཞེས་པ་དེ་ཡིན། རང་བདག་ཅེས་པ་ནི་རང་ཉིད་རང་གི་མགོན་ནོ་ཞེས་པའི་དོན་ཡིན་ལ། རང་དབང་རིང་ལུགས་པས། མི་རེ་རེ་ནི་རང་གི་ཚེ་སྲོག་གི་བདག་པོ་སྟེ། དཔྱོད་ཤེས་ཀྱི་སྒོ་ནས་རང་ཉིད་མོས་པའི་འཚོ་བ་ཇུས་འགོད་དང་འཆར་གཞི་བཟོས་ཏེ་རང་ཉིད་ཀྱི་ཚེ་སྲོག་དོན་སྙིང་ཡོད་དུ་འཇུག་པའི་ནུས་པ་ལྡན་པར་འདོད། འདིའི་ངོས་ནས་བཤད་ན། མི་ནི་རང་དབང་གི་འདུ་ཤེས་ལྡན་ཞིང་རང་ཉིད་ཀྱི་ཚེ་སྲོག་ལ་འགན་འཁུར་བའི་བསམ་སྦྱོར་གྱི་བདག་པོ་དེ་ཡིན། དེའི་སྟབས་ཀྱིས་ང་ཚོས་མི་རེ་རེའི་གདམ་ཀ་ལ་བརྩི་བཀུར་བྱས་ན་འོས། ཡིན་ནའང་འདིས་མི་རེ་རེའི་གདམ་ཀ་ནི་ཆེས་ཡང་དག་རྨ་མེད་དོ་ཞེས་པའི་དོན་མིན་པར། སྒེར་མི་རེ་རེའི་གདམ་ཀ་ལ་བརྩི་བཀུར་བྱེད་པ་དེ། མི་ནི་རང་བདག་རང་སྐྱོང་གི་དཔྱོད་ཤེས་ཀྱིས་གནས་ཡོད་པའི་ཆེས་འོས་འཚམ་གྱི་བྱེད་ལུགས་དེར་བརྩི་བཀུར་བྱས་པའི་དོན་ཡིན། འདི་གཞི་རྩ་ཡིས་རང་དབང་རིང་ལུགས་པས་འདི་ལྟར་བཤད་ཆོག་སྟེ། ང་ནི་ཁྱོད་ཀྱི་དད་མོས་ལ་འཐད་པ་མིན་རུང་། འོན་ཀྱང་ང་ལ་སྔར་བཞིན་དད་པ་དེ་འདྲ་གནས་པར་བཟོད་སྒོམ་གྱི་གནས་ལུགས་ཡོད་དེ། གང་ལགས་ཤེ་ན། ངས་ནི་ཁྱོད་ཀྱི་རང་བདག་གི་སྒེར་མི་དེར་བརྩི་བཀུར་བྱེད་ཀྱི་ཡོད་ཅིང་། ངས་བརྩི་བཀུར་བྱེད་པ་ནི། ཁྱོད་ཀྱི་མི་ཡིན་པ་མ་གཏོགས་ཁྱོད་ཀྱི་དད་པ་མིན་ནོ་ཞེས་པ་དེ་ཡིན།

ང་ཚོས་འདི་ལས་ཤེས་རྟོགས་ཐུབ་པ་ནི། བཟོད་སྒོམ་ཞེས་པ་དོན་གྱིས་ངོ་བོ་མི་འདྲ་བའི་གནས་ལུགས་རིགས་གཉིས་ལ་འབྲེལ་འདུག་སྟེ། རིགས་དང་པོ་དེ་བཟོད་སྒོམ་བྱེད་མཁན་གྱིས་བཟོད་སྒོམ་བྱ་ཡུལ་གྱི་དད་པར་ལྡོག་ཕྱོགས་ཀྱི་གདེང་འཇོག་བྱས་པར་འབྲེལ་བ་དང་། རིགས་གཉིས་པ་དེ་བཟོད་སྒོམ་བྱེད་མཁན་གྱིས་བཟོད་སྒོམ་བྱ་ཡུལ་གྱི་རང་བདག་གི་མི་གཞི་ལ་བརྩི་བཀུར་བྱས་པར་འབྲེལ་ཡོད། གནས་ལུགས་རིགས་འདི་གཉིས་ལྷན་གཅིག་ཏུ་གནས་པ་ལས། ཏག་ཏག་བཟོད་སྒོམ་ནི་སྤྱོད་བཟང་ཞིག་ཏུ་བལྟ་བའི་ཁྱད་ཆོས་ལ་གསེད་བཀྲོལ་བྱེད་ཐུབ་ཡོད་དེ། ཕྱོགས་གཅིག་ནས་ཕ་རོལ་པོའི་ལྟ་ཚུལ་ལ་མོས་མཐུན་མེད་པ་དང་། ཕྱོགས་གཅིག་ནས་ཐེ་ཇུས་མི་བྱེད་པའི་གདམ་ཀ་གནང་ཡོད། འདིའི་ལྟག་རྒྱབ་ཀྱི་གནས་ལུགས་ནི། སྒེར་མིའི་རང་བདག་ལ་བརྩི་བཀུར་བྱེད་པ་ལས་རང་ཉིད་ཀྱི་དད་མོས་ལ་དོགས་པ་མི་སྐྱེས་པ་དེའོ།། འདི་ནི་སྐུ་ཞབས་ཧུའུ་ཧྲི་དང་ཡོངས་སུ་མི་མཐུན་པའི་ལྟ་ཚུལ་ཞིག་ཡིན།

ཀློག་པ་པོས་འདི་ལྟར་དྲི་ཡང་སྲིད་དེ། དེས་ན་གནས་ལུགས་རིགས་དེ་གཉིས་ལྷན་གཅིག་ཏུ་གནས་ཡོད་ན། རྒྱུ་མཚན་ཅིའི་ཕྱིར་སྒེར་མིའི་རང་བདག་ལ་བརྩི་བཀུར་བྱས་ཀྱང་ལྡོག་ཕྱོགས་ཀྱི་གདེང་འཇོག་གིས་བསྐྱེད་པའི་ཞེན་ལོག་དང་སྡང་སེམས་ཡོངས་སུ་བཏུལ་མ་སོང་ཞེ་ན། དེའི་ལན་དུ། བདེན་ཏེ། འདི་ལ་ཁག་ཐེག་བྱ་མི་ཐུབ་ཅེས་ཟེར་རོ།། འདིས་ཏག་ཏག་བཟོད་སྒོམ་ཞེས་པ་དེ་འདྲའི་དཀའ་མོ་ཞིག་ཡིན་པ་དང་། དོན་དམ་གྱི་བཟོད་སྒོམ་སྙིང་ལ་བགོས་པའི་རང་དབང་རིང་ལུགས་པ་ཞིག་བྱེད་རྒྱུ་དེ་བས་ཀྱང་ཤིན་ཏུ་དཀའ་བའི་གསལ་བཤད་བྱས་ཡོད། དེ་ཡང་དཀའ་གནད་ནི། ཁྱོད་ཀྱིས་རང་ལའང་ནོར་འཁྲུལ་ཡོད་སྙམ་པའི་ཁས་ལེན་དེ་མིན་པར། ཁྱོད་ཉིད་ཡིད་ཆེས་བརྟན་པོས་རང་ལ་ནོར་འཁྲུལ་མེད་སྙམ་པ་དང་ཆབས་ཅིག   ཁྱོད་དང་ཕ་རོལ་པའི་བར་གྱི་ཀུན་སྤྱོད་དང་ཆབ་སྲིད། དད་མོས་སྟེང་གི་ཆེས་ཟབ་སར་ཡོད་པའི་ཕྱོགས་འགལ་དེ་རང་མོས་ཀྱིས་སྤང་ཐུབ་དགོས་ཤིང་། ཕ་རོལ་པོ་ཡང་དཔྱོད་ཤེས་ལྡན་པའི་རང་བདག་གི་མི་སྟེ། ང་ཚོས་བརྩི་བཀུར་བྱ་འོས་པའི་ཚུགས་ཐུབ་ཀྱི་སྒེར་མི་ཞིག་ལ་བརྩིས་ནས་གཞན་ལ་ཐེ་ཇུས་བྱེད་པའི་ཧོལ་རྒྱུགས་ཀྱི་ཆ་དེ་འགོག་ཐུབ་པ་ཞིག་ཡིན་དགོས་ཞེས་པ་དེའོ།།

ཡིན་ནའང་། རང་དབང་དམངས་གཙོའི་སྤྱི་ཚོགས་སུ། བཟོད་སྒོམ་གྱི་དཀའ་གནད་འདི་འོས་འཚམ་གྱི་ཆབ་སྲིད་ལས་བགོས་ཤིག་གིས་ཚད་ངེས་ཅན་གྱི་ཐག་གཅོད་བྱས་ཡོད་ཅིང་། དེ་ནི་ཆོས་སྲིད་ཟུང་འབྲེལ་བདལ་བཤིག་བཏང་བའི་རྨང་གཞིའི་སྟེང་རིམ་གྱིས་འཕེལ་རྒྱས་བྱུང་བའི་འདྲ་མཉམ་ཁེ་དབང་གི་ལམ་ལུགས་ཤིག་ཡིན། ལམ་ལུགས་འདི་ལྟ་བུའི་ནང་། རྒྱལ་ཁབ་ཀྱི་འོས་འགན་གཙོ་བོ་ནི་ཆོས་ལུགས་ག་གེ་མོ་ཞིག་དྲིལ་བསྒྲགས་དང་དེར་རྒྱབ་སྐྱོར་བྱེད་པ་མིན་པར། སྤྱི་དམངས་རེ་རེས་རང་གི་དད་མོས་འཚོལ་སྙེག་དང་མངོན་འགྱུར་བྱེད་པའི་འདྲ་མཉམ་གྱི་ཁེ་དབང་དེར་འགན་སྲུང་བྱེད་པ་སྟེ། ཁེ་དབང་འདི་དག་ལ་བསམ་བློ་དང་དད་མོས་རང་དབང་། ཚོགས་པ་འཛུགས་པ་དང་རྒྱ་ཁྱབ་ཀྱི་གདམ་ཀའི་རང་དབང་སོགས་འདུ། འདི་ལྟ་བུའི་སྣེ་མང་གི་སྤྱི་ཚོགས་སུ། མི་རྣམས་ཀྱིས་ཕ་རོལ་པོར་བརྩི་བཀུར་གྱིས་འདྲ་མཉམ་གྱི་ཁེ་དབང་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག   ཕན་ཚུན་ཞི་བདེ་འཆམ་མཐུན་གྱིས་གནས་ཏེ། རང་གི་དད་མོས་ཕ་རོལ་པོར་བཙན་གྱིས་མི་འགེལ་ལ། རྒྱལ་ཁབ་ཀྱི་ལག་པ་གང་སར་བསྲིངས་པའི་རེ་བའང་ལར་ནས་མེད།

ང་ཚོས་ཐ་ན་འདི་ལྟར་བཤད་ཆོག་སྟེ། གོ་རིམ་འདིའི་ཁྲོད་དུ་རང་དབང་གི་སྤྱི་ཚོགས་ཀྱིས་གོམ་ཁ་ཤིན་ཏུ་དལ་མོའི་སྒོས་བཟོད་སྒོམ་ནས་བརྩི་བཀུར་གྱི་ལམ་བུར་བར་བརྒལ་བྱས་ཚར། གང་ལགས་ཤེ་ན། རྒྱལ་ཁབ་ཀྱིས་སྤྱི་དམངས་ལ་འདྲ་མཉམ་གྱི་ཁེ་དབང་སྩོལ་བ་ནི་བཟོད་སྒོམ་རྐྱེན་གྱིས་མིན་པར་འདྲ་མཉམ་གྱི་བརྩི་བཀུར་བྱེད་དགོས་པས་ཡིན། དཔེར་ན། རྒྱལ་ཁབ་ཀྱིས་དབྱི་སི་ལིམ་ཆོས་དད་པར་རང་དབང་སྩོལ་བ་དེ་དབྱི་སི་ལིམ་ཆོས་ལུགས་ལ་བཟོད་སྒོམ་བྱས་པའོ་ཞེས་གཏན་ནས་བཤད་མི་རུང་བ་ལྟ་བུ་སྟེ། རྒྱུ་མཚན་རྒྱལ་ཁབ་ཀྱིས་མགོ་བརྩམས་མ་ཐག་ནས་དབྱི་སི་ལིམ་ཆོས་ལུགས་ལ་དྲང་ལྡོག་ཕྱོགས་ཀྱི་གདེང་འཇོག་ཅི་ཡང་བྱེད་རྒྱུ་མེད་པར། རྒྱལ་ཁབ་ཀྱིས་ཆོས་ལུགས་གཅིག་མིན་གང་ལའང་ཉེ་རིང་མེད་པར་འདྲ་མཉམ་གྱིས་བལྟ་དགོས་པས་སོ།། ཆོས་ལུགས་གཅིག་མིན་བར་གྱི་ལེགས་ཉེས་ནི་རྒྱལ་ཁབ་ཀྱིས་བརྡར་ཤ་གཅོད་འོས་པ་ཞིག་མིན་པར། སྤྱི་དམངས་རང་ཉིད་ཀྱིས་བརྡར་ཤ་བཅད་ན་ཤིན་ཏུ་འོས། འདི་འདྲའི་བར་བརྒལ་གྱི་གོ་རིམ་གྲུབ་རྗེས། “ཁེ་དབང་སྨྲ་བརྗོད“ཀྱིས“བཟོད་སྒོམ་སྨྲ་བརྗོད“ཀྱི་ཚབ་བྱེད་པ་ཡིན་ལ། ཆབས་ཅིག་ཐུན་མོང་གི་རིག་གནས་ཁྲོད་རིམ་གྱིས་མི་རྣམས་ཀྱི་རྣམ་འགྱུར་ལའང་འགྱུར་བ་བྱུང་སྟེ། སྒེར་མིའི་རང་དབང་ལ་བརྩི་བཀུར་མ་ཟད་ལངས་ཕྱོགས་མི་གཅིག་པའི་མི་དེ་ཉིད་ལའང་བརྩི་བཀུར་བྱས་འོང་། གང་ལགས་ཤེ་ན། ཀུན་གྱིས་རིམ་བཞིན་ཤེས་རྟོགས་ཡོང་བ་ནི། ལུགས་མཐུན་གྱི་སྣེ་མང་རིང་ལུགས་ནི་ད་གཟོད་དེང་རབས་སྤྱི་ཚོགས་ཀྱི་དངོས་ཡོད་ཡིན་པ་དེའོ།།

དེས་ན་ང་ཚོས་འདི་ལྟར་བཤད་ཆོག སྐུ་ཞབས་ཧུའུ་ཧྲིས་འདོད་པའི་བཟོད་སྒོམ་མེད་ན་རང་དབང་མེད་པའི་བཤད་ཚུལ་འདི་དེ་འདྲའི་དག་པར་མ་མཐོང་ཞེས་པ་དེ་ཡིན། ལར་བཟོད་སྒོམ་གྱིས་ཕ་རོལ་པོར་ཐེ་ཇུས་མི་བྱེད་པ་བདེན་མོད། འོན་ཀྱང་འདི་ནི་རང་དབང་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་གྲས་ཀྱི་གཅིག་ཡིན་མ་གཏོགས་ཐབས་ལམ་ཁོ་ན་ནི་གཏན་ནས་མིན། རང་དབང་རིང་ལུགས་པས་ཐད་ཀར་འདི་ལྟར་བཤད་ཆོག་སྟེ། སྒེར་མི་རང་བདག་གིས་ད་གཟོད་བསམ་བློ་དང་དད་མོས་རང་དབང་བདེན་དཔང་ཐུབ་པ་ལས། རྒྱལ་ཁབ་བམ་ཡང་ན་མི་མང་ཤོས་སམ་ཡང་ན་སྲིད་ཚོགས་ག་གེ་མོ་ཞིག་གིས་མི་གཞན་པ་སྐོར་ཞིག་ལ་བཟོད་སྒོམ་བྱས་པའི་མཇུག་འབྲས་ཡིན་ཞེས་བཤད་དགོས་དོན་མེད། འདི་ལྟར་བཤད་མི་དགོས་པས་མི་ཚད་བཤད་ཀྱང་མི་འོས། དཔེར་ན་ང་ཚོས་དབང་འཛིན་ཚོགས་པས་ཆབ་སྲིད་སྟེང་ངོ་རྒོལ་ཤོག་ཁག་ལ་བཟོད་སྒོམ་བྱེད་རོགས་ཞེས་ཞུ་བ་འཐེན་མི་འོས་པར། ངོ་རྒོལ་ཤོག་ཁག་ལ་དབང་འོས་ཀྱི་ཆབ་སྲིད་ཁེ་དབང་སྤྲོད་དགོས་ཞེས་རེ་བ་འདོན་དགོས། རེ་བ་འདི་གཉིས་ཀྱི་ངོ་བོ་ཁྱོན་ནས་སོ་སོར་ཏེ། སྔ་མས་འདྲ་མཉམ་མིན་པའི་དབང་ཆའི་འབྲེལ་བ་ཞིག་སྔོན་ནས་གྲ་སྒྲིག་བྱས་ཡོད་པས་མི་ཚད། ཤུགས་སུ་འདི་འདྲའི་འདྲ་མཉམ་མིན་པའི་དབང་ཆའི་འབྲེལ་བའང་ལུགས་མཐུན་ཅན་དུ་བཏང་ཡོད། ཕྱི་མས་འདི་འདྲའི་འབྲེལ་བ་བདལ་བཤིག་བཏང་སྟེ། རང་དབང་འདྲ་མཉམ་གྱི་སྤྱི་དམངས་ཡིན་པའི་ངོས་ནས། ཁེ་དབང་འདི་དག་མ་གཞི་ནས་ང་ཚོས་ལོངས་སུ་སྤྱོད་ཆོག་ཆོག་ཡིན་པར་བཤད།

སྐུ་ཞབས་ཧུའུ་ཧྲིས་རང་དབང་རིང་ལུགས་ཀྱི་རྨང་གཞི་དེ་བཟོད་སྒོམ་གྱི་སྟེང་དུ་འཇོག་པ་དང་། ཆབས་ཅིག་བཟོད་སྒོམ་དེ་ཡང་དོགས་སློང་གི་སྟེང་དུ་འཇོག་པ་འདིས། ཁོ་བོས་བསམ་ན། རང་དབང་རིང་ལུགས་ཀྱི་ཀུན་སྤྱོད་རྨང་གཞི་དང་ཀུན་སྤྱོད་འགུག་ཤུགས་གཉིས་ཀའི་ཐད་ནས་ཉམས་ཞན་དུ་བཏང་ཡོད་འདོད། དོན་དངོས་སུ། དོགས་སློང་གི་རིག་པས་བཟོད་སྒོམ་རྒྱུན་འཁྱོངས་བྱེད་མི་ནུས་ཤིང་། བཟོད་སྒོམ་རང་ཉིད་ཀྱིས་ཀྱང་རང་དབང་རིང་ལུགས་རྒྱུན་འཁྱོངས་བྱེད་མི་ཐུབ། གནད་འདི་ཤེས་རྒྱུ་ནི། ཀྲུང་གོའི་རང་དབང་རིང་ལུགས་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་མཚོན་ན། དགོས་གལ་ཆེ་ལ་གཙོ་བོ་ཞིག་ཀྱང་ངོ་།།

51d0d64aa402aརྩོམ་པ་པོ་ངོ་སྤྲོད། ཀྲོའུ་པའོ་སུང་། (周保松)ཀྲུང་གོའི་ཤང་ཀང་སློབ་ཆེན་གྱི་ཆབ་སྲིད་དང་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། མཚན་ཉིད་རིག་པའི་འབུམ་རམས་པ།བརྩམས་ཆོས་སུ། 《ཆབ་སྲིད་མཚན་ཉིད་རིག་པའི་ལབ་གླེང》སོགས་ཡོད། རྩོམ་ཡིག་འདི་ནི་སྐུ་ཞབས་ཀྲོའུ་པའོ་སུང་ལགས་ཀྱིས་རྒྱ་ཡིག་དྲ་ཚིགས共识网ཞེས་པར་བཀོད་པ་ཞིག་སྟེ། ཧུའུ་ཧྲིའི《བཟོད་སྒོམ་དང་རང་དབང》ཞེས་པ་ལ་ཟུར་ངོས་གཞན་ནས་དཔྱད་པ་ཟབ་མོ་བཏང་ཡོད་པས་འདིར་ཆེད་དུ་བཀོད།

མ་ཡིག་གི་དྲ་གནས། http://www.21ccom.net/articles/sxwh/shsc/article_2013052183886.html

 

 

[1] མའོ་ཙི་ཧྲུའེ།(毛子水) ཁོང་གིས1959ལོའི་ཟླ4ཚེས1ཉིན་གྱི 《རང་དབང་ཀྲུང་གོ》འདོན་ཐེངས་བདུན་པའི་སྟེང་། 《བཟོད་སྒོམ་དང་རང་དབང་ཞེས་པའི་དཔེ་ཆའི་མཇུག་ཏུ》ཞེས་པའི་རྩོམ་ཞིག་སྤེལ་མྱོང་།

[2] ཡན་ཧའེ་ཀོང་།(殷海光) ཁོང་གིས1959ལོའི་ཟླ4ཚེས1ཉིན་གྱི 《རང་དབང་ཀྲུང་གོ》འདོན་ཐེངས་བདུན་པའི་སྟེང་། 《ཧུའུ་ཧྲིའི་བཟོད་སྒོམ་དང་རང་དབང་ཞེས་པ་བཀླགས་རྗེས》ཞེས་པའི་རྩོམ་ཞིག་སྤེལ་མྱོང་།

[3] ཧུའུ་ཧྲིའི《བཟོད་སྒོམ་དང་རང་དབང་། –རང་དབང་རྒྱ་ནག་ཅེས་པ་ལོ་འཁོར་བཅུ་འགོར་བའི་རྗེས་དྲན་སྟེང་གི་གཏམ་བཤད》ཅེས་པ་སྟེ། 1959ལོའི་ཟླ12པའི《རང་དབང་ཀྲུང་གོ》འདོན་ཐེངས་བཅུ་གཅིག་སྟེང་སྤེལ་ཡོད།

[4] Toleration ཞེས་པ་སྟེ།   མཚམས་རེར་དཀྱེལ་ཡངས་ཞེས་སུའང་བསྒྱུར་འདུག

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།