སློབ་གསོ—མི་གཤིས་བོར་བའི་མཇུག་འབྲས།

1212121201ནག་ཀྱཱ་བ་ཤ་བོ་ཚེ་རིང་།

མིག་སྔར་ང་ཚོའི་སློབ་གསོའི་ལས་གནས་སོ་སོ་རུ་དཔེ་ངོས་ཀྱི་ཤེས་བྱ་ལྟར་སྣང་ཙམ་པོ་དང་ཉི་ཚེ་བ་ཁོ་ནར་སྤྱི་ཚོགས་དང་སློབ་གྲྭ ཁྱིམ་བདག དགེ་རྒན་བཅས་ཀྱིས་དཀྱུས་གཅིག་ཏུ་ཤི་་སྤར་འཐམས་པ་ལས་སེར་བོ་གསེར་ལས་བྲིན་པའི་ཀུན་སྤྱོད་དང་མི་གཤིས་བཟང་བོ་གསོ་སྐྱོང་གི་ལས་གཞི་རླབས་པོ་ཆེ་འདི་ཉིད་སྣང་མེད་དུ་བཞག་སྟེ། རང་དོན་དང་རང་ཉིད་ཁོ་ན་མ་གཏོགས་བསམ་མི་ཤེས་པ། གཞན་གྱི་སྐྱིད་སྡུག་དང་ལེགས་ཉེས་མི་རྟོགས་པ། ཕ་མ་དང་དགེ་རྒན་དགྲ་རུ་མཐོང་བ། སྡུག་བསྔལ་ཏིལ་འབྲུ་ཙམ་ཡང་རང་ཐོག་ཏུ་བབས་ན་གཅོག་མི་ཐུབ་པ། འདོད་པ་རི་རབ་ལས་ཆེ་ཡང་བརྩོན་པ་ཁབ་རྩེ་ལས་ཆུང་བ། ཁྲེལ་དང་ངོ་ཚ་མེད་པའི་དུད་འགྲོ་ལྟ་བུའི་མི་རབས་ཤིག་དང་བརྩེ་བ་དང་བྲལ་བའི་འཕྲུལ་ཆས་ལྟ་བུའི་རྗེས་རབས་པ་མང་བོ་ཞིག་ང་ཚོའི་མཐོང་ལམ་དུ་ཆུ་ལོག་བཞིན་བརྡོལ་བའི་ངང་ཚུལ་སྐྱོ་བོ་འདི་ལ། ཚང་མས་རང་ས་ནས་བསམ་བློ་མི་གཏོང་ཐུ་མེད་ཀྱི་ཉེན་གནས་ཤིག ཁྱོད་ཀྱི་ཤ་ཆད་ཀྱི་བུ་ཕྲུག་དང་ཁྲིད་སྟེགས་ཀྱི་གཡས་གཡོན་དག་ན་འབྱུང་བཞིན་ཡོད་པས། ༼དཔེ་ཁྲིད་མི་སྐྱོང་༽ཞེས་པའི་གནད་ཀ་འདི་ལ་ངེས་ཤེས་ཟབ་མོ་ཞིག་བསྐྱེད་པར་ནམ་ཀུན་རང་ངོས་ནས་སྣང་མེད་དུ་བཞག་སྟེ་དོ་སྣང་རྣལ་མ་ཞིག་མ་བྱས་པས། འཇིགས་ཡེར་ཞིང་ཞེ་སྐྱོ་བའི་མཇུག་འབྲས་མང་བོ་ཞིག་གང་སར་འབྱུང་བཞིན་ཡོད། ད་རུང་འབྱུང་ངེས་རེད།
གལ་ཏེ་སློབ་གསོའི་འཚོ་བཅུད་མ་ཐེབས་པའི་མི་ཚོགས་ཀྱི་མནར་གཅོད་དང་བརྙས་དམོད་གྲངས་མེད་ཁྲོད། སྙིང་རྗེ་བའི་བུ་དང་བུ་མོ་ཆུང་ཆུང་འདི་དག་དང་ད་རུང་དམར་བོ་ཁྲག་གི་ལམ་ནས་རང་སྲོག་དོན་མེད་དུ་འཆོར་བཞིན་པའི་ན་ཆུང་གི་བྱིས་པ་བསམ་མེད་དག ཁྱོད་ཀྱི་སློབ་ཁང་ཆེ་ཆུང་གི་ཁྲིད་སྟེགས་ཀྱི་འོག་ན། རེ་བའི་མིག་ཟུང་ཀེམ་ཀེམ་དུ་གཡོ་ཡང་ཤོ་དང་ཆང་གི་བཟི་ཁ་མ་ཡལ་བའི་གཟུ་ལུམ་གྱི་བསམ་སྤྱོད་ཁྲོད་ཀྱི་ཉམས་ཆུང་གི་ཚེ་སྲོག་འདི་དག ཁྱོད་ཀྱི་བུ་དང་ཡང་ན་བུ་མོ་དེ་ཡིན་ཚེ། ཡང་ན་མི་གཤིས་བོར་བའི་སློབ་རའི་མནར་གཅོད་ཀྱི་སྐྱི་གཡའ་བའིབརྙན་རིས་འདི་དག་མཐོང་མ་ཐག་ཁྱོད་ལ་ཚོར་ཤེས་ག་འདྲ་ཞིག་སྐྱེས་རྒྱུ་ཡིན་ནམ། ཧ་ལམ་ཁྱོད་ཀྱི་དོན་ལྔ་སྣོད་དྲུག་ཞེ་སྡང་གི་མེ་ཡིས་བསྲེགས་བཞིན་ཁྱོད་རང་སྐད་ཅིག་དེ་ཉིད་དུ་སློབ་གྲྭར་ཤོར་སྲིད།

དགེ་རྒན་དང་འཛིན་གཙོ། སློབ་གསོ་དོ་དམ་པར་ཐེ་ཚོམ་ཆ་ཙམ་མེད་པར་ཁྱོད་ཀྱིས་ཁ་འཛིང་ལག་འཛིང་གི་གཡུལ་འཁྲུག་ཤས་མི་བཟོད་པ་ཞིག་ཀྱང་བཤམས་སྲིད་པ་རེད། དེ་དུས་སློབ་གསོའི་ནུས་པ་དང་འགན་འཁྲི་དངོས་ནི་དཔེ་ཁྲིད་ཁོ་ན་ཙམ་མ་ཡིན་པར་མི་སྐྱོང་ཞེས་པའི་བརྡ་ཆད་འདིའི་རིན་ཐང་ལ་ཁྱོད་ཀྱིས་བསམ་བློ་གཏོང་སྲིད་ལ། མི་གཏོང་ཐུ་མེད་ཀྱང་ཡིན།
ཁྱོད་ཀྱིས་རང་རྒྱལ་གྱི་མི་གཤིས་སམ་མི་བུའི་ཀུན་སྤྱོད་ཀྱི་ཚད་གཞི་འཛམ་གླིང་ཆེས་མཐའ་མ་ཡིན་པ་རྟོགས་ཡོད་མེད་མི་ཤེས་མོད། འོན་ཀྱང་གནས་སྟངས་འདིས་ང་ཚོའི་སློབ་གསོར་རྦད་དེ་ཕམ་ཁ་ཆེན་པོ་ཞིག་བྱུང་ཡོད་པར་ངེས་པར་དུ་རྟོགས་དགོས། མི་ཡག་པོའམ་མི་གཤིས་ཡག་པོ་ཞིག་བསྐྱེད་བསྲིང་བྱ་མི་བཏུབ་པའི་སློབ་གསོ་ལ་རིན་ཐང་ག་འདྲ་ཞིག་ཡོད་པ་དངོས་གནས་སྨྲ་བསམ་བརྗོད་མེད་ཅིག་ཏུའང་ཆགས་ཡོད།
ངས་བལྟས་ན། མི་གཤིས་དང་ཀུན་སྤྱོད་བསྐྱེད་བསྲིང་གི་སྲོག་རྩ་བོར་བའི་སློབ་གསོའི་སྡེ་ཁག་དག་ནས་འཇོན་མི་ཚད་ལྡན་ཞིག་ནམ་ཡང་འབྱུང་ཐབས་མེད་པར་སྙམ། མིའི་རིགས་ལ་མཛད་རྗེས་བླ་ན་མཐོ་བའི་འཛམ་གླིང་ཤར་ནུབ་ཀྱི་མཁས་པའམ་མཛངས་མི་ཉི་ཟླས་ས་བཀབ་པ་ལྟ་བུ་དག་ཀྱང་མི་གཤིས་དང་ཀུན་སྤྱོད་ཀྱི་ཐད་ནས་རྩེར་སོན་པ་ཞིག་མིན་ན་ནི། འབྲས་བུ་ཡག་པོ་ཞིག་དངོས་གནས་བསྐྲུན་ཐབས་མེད་ལ། ཀུན་གྱིས་ཁས་ལེན་ངོས་གཙང་ཞིག་ཁྱོན་ནས་འཆའ་དཀའ་བ་རེད། ཐོག་མར་ཀུན་སྤྱོད་དང་མི་གཤིས་བཟང་བོ་གསེར་ལྟ་བུ་ཞིག་མེད་ན་ནི། མི་བུ་ག་འདྲ་ཞིག་ཡིན་རུང་ལས་ཤག་དང་ས་གནས། མི་རིགས། རྒྱལ་ཁབ། འཛམ་གླིང་ལྟ་ཅི། ཐ་ན་རང་གི་གྲོགས་པོ་དང་ཤ་ཉེ་རིང་དག་གིས་ཁས་ལེན་ཡག་པོ་ཞིག་འཆའ་མི་སྲིད་པ་ནི་ཆོས་ཉིད་ལྟ་བུར་ཚད་ཐུབ་ཀྱིས་གྲུབ་ཡོད།
མི་གཤིས་དང་ཀུན་སྤྱོད་བསྐྱེད་བསྲིང་ནི་སློབ་གསོའི་དམིགས་འབེན་ཡིན་པས། ང་ཚོ་ཚང་མས་དོ་སྣང་བླ་ལྷག་བྱ་དགོས་པ་ཞིག་རེད། ཀུན་སྤྱོད་དང་མི་གཤིས་བོར་བའི་མི་སུ་ཞིག་ཡིན་ཡང་། རང་ཉིད་ཀྱི་ཁོར་ཡུག་ཁྲོད་ནས་རྐང་བརྟེན་་ལེགས་པོ་ཞིག་ཡེ་ནས་འཆའ་ཐབས་མེད།

འཛམ་གླིང་ཚན་རིག་གི་མེས་པོ་ཨེ་དབྱིན་སི་ཐན་གྱིས། སློབ་མས་དགེ་རྒན་ལ་བརྩི་བཀུར་ཐོབ་མིན་ནི་དགེ་རྒན་གྱི་ཀུན་སྤྱོད་དང་ཤེས་ཡོན་ལ་འཕྲད་ཡོད། ཅེས་པའི་བསྡོམས་ཚིག་གསོན་ཉམས་དང་རིན་ཐང་ལྡན་པ་ཞིག་སྤེལ་འདུག དེ་གཉིས་ལས་གཙོ་བོ་ཀུན་སྤྱོད་ཡིན་པ་ཐོག་མའི་ཆ་རྐྱེན་དུ་འདོན་རྐྱང་བྱས་འདུག
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་། ཐབས་དང་ལྡན་པའི་སྤྱོད་པ་ཡིས། །དང་བོ་རང་གི་སེམས་ཉིད་དུལ། །རང་གི་སེམས་ཉིད་མ་དུལ་བར། །གཞན་དག་འདུལ་བར་ག་ལ་ནུས། །ཞེས་གསུངས་པ་ནང་བཞིན་དཔེ་ཁྲིད་མི་སྐྱོང་གི་བྱ་བའི་ལས་གནས་སྟེང་དགེ་རྒན་ཞིག་ལ་ཆ་མཚོན་ན། ཐོག་མའི་ཆ་རྐྱེན་ནི་ཀུན་སྤྱོད་ལེགས་པོ་ཞིག་ཡོད་མིན་ནི་དངོས་གནས་གལ་ཆེན་པོ་ཡིན་ལ། སློབ་མ་ཞིག་ལ་ཆ་མཚོན་ན་དེ་འདྲ་ནང་བཞིན་རེད།
མི་གཤིས་ལེགས་པོ་དང་ཀུན་སྤྱོད་བཟང་བོ་འབྱུང་ཐུབ་མིན་གྱི་རྩ་བ་ནི་སེམས་ལ་འཕྲད་འདུག སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་མ་བྱུང་བར་ཀུན་སྤྱོད་དང་མི་གཤིས། མི་གཞི་ལེགས་པོ་གཏན་ནས་འབྱུང་ཐབས་མེད་པས། ཀུན་སྤྱོད་ལེགས་མིན་གྱི་རྩ་བ་ནི་བསམ་པ་བཟང་ངན་ལ་འཕྲད་འདུག
འཛམ་གླིང་གི་རྒྱལ་ཁབ་ཁག་གིས་དཔལ་འབྱོར་གྱི་ཚད་གཞིGPTམཐོར་བསྙེགས་ལ་བརྩོན་བཞིན་ཡོད་པ་དང་། འབྲུག་རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱི་བདེ་སྐྱིད་ཀྱི་ཚད་གཞི་མཐོར་བསྙེགས་ལ་མཐའ་གཅིག་ཏུ་བརྩོན་ཀྱིན་མཆིས། དེས་ན་ང་ཚོའི་སློབ་གསོའི་སྡེ་ཁག་ནས་གང་འདྲ་ཞིག་ལ་བརྩོན་ལེན་བྱ་དགོས་པའི་ཐད་ནས་ཚང་མས་རང་ས་ནས་བསམ་བློ་ཞིབ་མོ་ཞིག་བཏང་ན་འགྲིག་གི་རེད་སྙམ།
ནག་ཀྱཱ་བ་ཤ་བོ་ཚེ་རིང་དུ་འབོད་པས་མི་གཤིས་བོར་བའི་སློབ་མ་མང་བོས་རྩུབ་སྤྱོད་ལ་བརྟེན་ནས་སློབ་མ་ཉམས་ཐག་ཅིག་ལ་མནར་གཅོད་ཚད་མེད་གཏོང་བའི་བརྙན་རིས་དེ་མཐོང་བ་དང་། གཉིད་མི་འོང་བའི་ནམ་སྨད་ཅིག་ལ་དཔྱད་བརྗོད་ཉུང་བསྡུས་འདི་རང་ཤག་ཏུ་འཕྲད་མར་སྤེལ་བ་ལགས།
ངས་སྤེལ་བའི་སྐད་འཕྲིན་གྱི་བརྙན་རིས་འོག་གི་དཔྱད་བརྗོད་ཀྱི་མཇུག་བྱང་དུ། སློབ་གསོ་ལ་ཞེན་ཁ་ཟབ་པའི་དྲ་གྲོགས་ཤིག་གིས། ༼ངས་བལྟས་ན་འདི་ནི་ཕྱིའི་དངོས་པོ་ཡར་རྒྱས་ཀྱིས་ནང་སེམས་ཀྱི་བརྩེ་བ་རབ་ཏུ་འཇོམས་པའི་མཚོན་རྟགས་ཤིག་རེད་འདོད། ༽ང་ལ་དེ་འདྲའི་ལྟ་ཚུལ་ཞིག་བཏོན་ཡོད།

དྲིས་ལན། རེད་ལགས། དེ་ནི་ཕྱིའི་དངོས་པོ་ཡར་རྒྱས་ལ་འབྲེལ་བ་ཏོག་ཙམ་མེད་པར་སུས་ཀྱང་བསྙད་མི་ཕོད་མོད། ཕྱིའི་དངོས་པོ་ཡར་རྒྱས་གཅིག་པུས་ནང་སེམས་ཀྱི་བརྩེ་བ་ཡོངས་འཇོམས་བྱེད་པ་ཞིག་ཡིན་མིན་ལ་ད་རུང་དཔྱད་དགོས་པར་སྙམ། དེ་ནི་ང་ཚོས་ནམ་ཀུན་གླེང་བཞིན་པའི་སློབ་གསོ་ལ་ཁ་ཚ་དགོས་གཏུགས་སུ་འབྲེལ་ཡོད་པར་འདོད་དེ། ང་ཚོའི་སློབ་གསོའི་ལས་གནས་སུ་མི་གཞི་གསོ་སྐྱོང་གི་སློབ་གསོའི་ཐད་ལ་བསམ་གཞིགས་དང་དོ་ཁུར་མ་བྱས་པའི་མཇུག་འབྲས་དེ་ལ་འཕྲད་ཡོད། སྤྱི་ཚོགས་ཡོངས་ནས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་མི་ཚེའི་སྙིང་བོ་དང་མི་བུའི་འཇོན་ཐང་། འཚོ་གནས་ཐག་གཅོད་དང་མི་བུ་མཐའ་དག་གི་བདེ་སྡུག་གི་གོ་འབྱེད་བྱེད་ཀྱི་ཆོས་གཙོ་བོ་ཞིག་ཏུ་མཐའ་གཅིག་ཏུ་དམིགས་པ་དང་། སློབ་གསོ་མྱོང་བའི་མཐར་ཐུག་གི་དམིགས་ཡུལ་རྡོག་རྡོག་པོ་ཡང་དཔལ་འབྱོར་དང་ཤོག་སྒོར་གྱི་ཡོངས་འབབ་ཁོ་ནར་ཤི་སྤར་རོ་སྤར་འཐམས་པ་དེ་ལ་དངོས་གནས་འབྲེལ་ཡོད་པར་སྙམ་བྱུང་།

ད་ལྟའི་སྤྱི་ཚོགས་སུ་སློབ་མའི་མདུན་ལམ་དང་དགེ་རྒན་གྱི་འཇོན་ཐང་། འགོ་ཁྲིད་ཀྱི་ལེགས་ཉེས། དགེ་བཤེས་ཀྱི་མཐོ་དམན། བླ་མ་ཡི་མཛད་འཕྲིན། ཐ་ན་བུ་དང་བུ་མོ་སོགས་ཀྱི་མི་ཚེའི་འཇོན་ཐང་ཡང་དཔལ་འབྱོར་ཁོ་ནར་སྲོག་བསྡོས་ཀྱིས་འབད་དེ་མངོན་འགྱུར་བྱེད་བཞིན་པའི་ལྟ་བ་དང་དུས་སྙིགས་མ་དེ་ལ་གཡོ་གཟུར་མེད་པར་འཕྲད་འདུག
ང་ཚོའི་སློབ་གསོའི་ཁ་ཕྱོགས་དང་དམིགས་ཡུལ། གཏོད་སར་གོལ་འཛོལ་ཆེན་པོ་ཞིག་བྱུང་ཡོད་དེ། སློབ་གྲྭ་དང་དགེ་རྒན། ཁྱིམ་བདག མདོར་ན་སྤྱི་ཚོགས་ཧྲིལ་བོས་སྐར་འབྲས་མཐོ་དམན་ལ་ཕྱིར་བལྟས་མེད་པར་བརྩོན་བཞིན་ཡོད་ལ། དེའི་མཐར་ཐུག་གི་དམིགས་ཡུལ་ཡང་དཔལ་འབྱོར་ལ་འཕྲད་ཡོད། སློབ་མ་དང་དགེ་རྒན། བླ་མ། དགེ་བཤེས་ཡོད་ཚད་ཀྱིས་ལུས་ཀྱི་རྔུལ་ཆུ། ཟུངས་ཁྲག ཐ་ན་མི་ཚེ་ཐལ་སྐྱ་ལྟར་རླུང་ལ་བསྐུར་བཞིན་པ་ཡང་འདི་ཉིད་ཁོ་ན་ལ་རག་ལས་ཡོད་ལ། ཀུན་སྤྱོད་དང་མི་གཤིས། མི་གཞི་གསོ་སྐྱོང་གི་ལས་གཞི་གལ་ཆེན་འདི་ལ་གོང་འོག་བར་གསུམ་ནས་དོ་སྣང་མ་བྱས་པར་གང་སར་འཕེན་རྐྱང་མཛད་པས། ཚད་ལྡན་གྱི་འཇོན་མི་ཞིག་ང་ཚོས་སློབ་གསོའི་ལས་གནས་སུ་ཡེ་ནས་སྐྱོང་ཐབས་མེད།
ཕྱོགས་གཞན་ཞིག་ནས་བསམ་བློ་ཞིག་བཏང་ན། ཕྱིའི་དངོས་པོ་འཕེལ་རྒྱས་ཁོ་ནས་མིའི་རིགས་ཀྱི་བརྩེ་བ་དང་བྱམས་པ་གཏན་ནས་འཇོམས་ཐབས་མེད་པར་འདོད་དེ། དེ་ནི་གཙོ་བོ་སློབ་གསོའི་བྱེད་ནུས་དང་ལངས་ཕྱོགས་ལ་འགས་གཏོར་དང་འཐུས་ཤོར་རབ་དང་རིམ་པ་བྱུང་བས། རྗེས་རབས་པ་མང་བོ་ཞིག་ལོག་ལམ་དུ་གོལ་བཞིན་བཞིན་མཆིས། དཔེར་ན། འཇར་ཕན་ལྟ་བུ་ནི་ཕྱིའི་དངོས་པོ་ཡར་རྒྱས་ཀྱི་ཆ་ནས་ཡེ་ཤ་ཡ་དང་འཛམ་གླིང་གི་རྩེ་གྲས་ཡིན་ལ། རྒྱལ་ཁབ་འདིའི་སློབ་གསོས་མི་གཞི་གསོ་སྐྱོང་དང་མིའི་སྤུས་ཀ་བསྐྱེད་བསྲིང་དཀྱིལ་སྙིང་དུ་བཟུང་བས། མི་གཞི་དང་ཀུན་སྤྱོད་ཀྱི་ཆ་ནས་ལོ་བསྟུན་མར་འཛམ་གླིང་གི་ཨང་རིམ་དང་བོ་ཟིན་ཡོད།
༡༩༩༧ལོར་འཇར་ཕན་དུ་ཨེ་ཤ་ཡའི་འགྲན་ཚོགས་ཆེན་མོ་སྤེལ་བས། ལུས་རྩལ་བ་མི་འབོར་ཁྲི་༡༠ ཡས་མས་ཤོང་བ་དེ་རུ། ལུས་འགུལ་བྱ་འགུལ་གྲོལ་ཐེངས་རེར་ལུས་རྩལ་ར་བ་རུ་གད་སྙིགས་དང་ཤོག་ལྷེབ་གཅིག་ཀྱང་མེད་པའི་ཁར་གཙང་སིང་ངེར་ཡོད་པས། དེས་འཛམ་གླིང་གི་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པར་མ་ཟད། འཇར་ཕན་བ་རྣམས་ཀྱི་མི་གཤིས་ལ་གོང་བཀུར་དང་ཡིད་སྨོན་ཚད་མེད་ཐེབས། ཨ་རི་དང་དབྱིན་ཇི་སོགས་ཀྱང་དེ་བཞིན་དུ་མཆིས་པ་འདིས་ང་ཚོ་ལ་སློབ་གསོའི་སྤུས་ཀ་ནི་ཕྱི་དངོས་པོ་ཁོ་ནས་འགྱུར་བ་གཏོང་བཞིན་མེད་པར་བདེན་དབང་སྙོམས་མེད་ཅིག་བྱས་ཡོད་པ་རེད།

གལ་ཏེ་འཇར་ཕན་གྱི་སྤྱི་དམངས་ལ་མི་གཞི་དང་མིའི་སྤུས་ཀ་ཡག་པོ་ཞིག་མེད་ཚེ། འཇར་ཕན་ནས་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ཀྱིས་ཁས་ལེན་འཆའ་ཐུབ་པའི་རླངས་འཁོར་དང་གློག་ཆས་ཀྱི་དངོས་པོ་སྤུས་དག་དག་གཏན་ནས་འབྱུང་ཐབས་མེད། ང་ཚོ་འཚོ་གནས་བྱེད་པའི་ཁོར་ཡུག་འདི་ནས་དངོས་པོ་སྤུས་དག་ཅིག་ཡེ་ནས་རེག་ཐབས་མེད་པར་མ་ཟད། རེག་པ་ཙམ་པོ་ཡང་རྟག་བརྟན་ཡུན་གནས་ཤིག་ནམ་ཡང་བྱ་ཐབས་མེད། སྤྱི་ཚོགས་ཧྲིལ་བོའི་མི་བུ་མང་བོ་ཞིག་གི་མི་གཤིས་དང་ཀུན་སྤྱོད་ཀྱི་ཐད་ནས་སྐྱོ་བོ་ཡིན་པས། སྤུས་ཀ་དང་ཚད་གཞིར་མ་སླེབས་པའི་ཚོང་རྫས་རྫུན་མ་མང་བོ་ཞིག་སྨྱོ་ཧམ་ཆེན་པོས་སྤྱི་ཚོགས་ཧྲིལ་བོར་ཐོན་པས། མི་རྣམས་ཀྱི་འཚོ་གནས་དང་བདེ་ཐང་ལ་འཇིགས་སྣང་ཚབས་ཆེན་སྐུལ་བཞིན་ཡོད། ཐ་ན་མི་རྣམས་ཀྱི་འཚོ་གནས་ལ་མེད་དུ་མི་རུང་བའི་ཟས་རིགས་དང་སྨན་རྫས་རྫུན་མ་འབོར་ཆེན་བྱུང་བས། མི་བུ་བགྲང་གིས་མི་ཟིན་པ་ཞིག་འཆི་ལམ་དུ་དེད་ཟིན་ལ། སྤྱི་དམངས་ཀྱི་མི་གཤིས་དང་ཀུན་སྤྱོད་ཡར་རྒྱས་ལ་དོ་སྣང་མ་བྱས་ན་ད་རུང་མུ་མཐུད་དུ་འདེད་རྒྱུ་རེད།

དབྱིན་ཇི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་འཕེལ་རྒྱས་མྱུར་ཚད་གོ་ལ་ཧྲིལ་བོ་རུ་ཤིན་ཏུ་མྱུར་ལ། ཁོ་ཚོའི་མི་གྲངས་ནི་རྒྱ་རིགས་དང་བསྡུར་ཚེ་ལྡབ་ཉི་ཤུ་ལས་དམའ་བ་དང་ས་ཁྱོན་ལྡབ་བཞི་ཅུ་ལས་ཉུང་ན་ཡང་། སློབ་གསོ་ནི་དོན་དངོས་དང་འཚོ་བ། མི་ནུས་གསོ་སྐྱོང་ལ་ཁ་གཏད་ཡོད་པས། འཛམ་གླིང་གི་མི་བུ་མང་བོ་འཚང་ཁ་ཤིག་ཤིག་ཏུ་གནས་འདིར་སླེབས་ཀྱིན་ཡོད། ཁམ་སྦི་རོས་སྒྲི་སློབ་ཆེན་གཅིག་པུ་ནས་འཛམ་གླིང་གི་སྲིད་འབྱོར་ཏིག་གསུམ་གྱི་ཐད་ལ་མཛད་རྗེས་བླ་ན་མཐོ་བའི་ནོར་པའེ་ཨར་གྱི་གཟེངས་རྟགས་ཉམས་བཞེས་བགྱི་མཁན༨༨སྐྱེད་བསྲིང་བྱས་ཡོད་པ་རེད། ཨ་རི་བ་ཡང་དེ་དང་དེ་མཚུངས་ཡིན་ལ། གང་ཅིའི་ཐད་ནས་འཛམ་གླིང་གི་རྩེ་གྲས་ཡིན།
མི་གཤིས་དང་ཀུན་སྤྱོད་ཀྱི་ཐད་ནས་ཀྱང་འཛམ་གླིང་གི་ཨང་གསུམ་པ་དང་བཞི་བ་ཟིན། འདི་ནི་གཙོ་བོ་སློབ་གསོའི་ཐབས་ལམ་ལ་རག་ལས་པ་རེད། ཨ་རི་དང་དབྱིན་ཇིའི་སློབ་གསོའི་འཚོ་བཅུད་གཞིབས་ཆེད་གླིང་ལྔ་མཚོ་བཞི་ན་མི་མང་བོ་ཞིག་གི་རང་ཉིད་ཀྱི་ཡོད་ཚད་བློས་བཏང་། སྲོག་བསྡོས་ཀྱིས་བརྩོན་ལེན་འཆའ་བཞིན་པའི་གནད་ཀ་ཡང་སློབ་གསོར་འཕྲད་འདུག གནས་བབ་འདིས་ཀྱང་ང་ཚོར་སློབ་གསོ་དང་དཔལ་འབྱོར་ངོས་ནས་གནས་ལུགས་ཟབ་མོ་ཞིག་གསལ་བརྗོད་བྱས་ཡོད་པར་སྙམ།

སྤྱི་ཆ་ནས་མི་ཞིག་ལ་ཤེས་ཡོན་དང་རིག་གནས་ག་འདྲ་ཡོད་ཀྱང་། མི་གཤིས་དང་ཀུན་སྤྱོད་ལེགས་པོ་ཞིག་མེད་ན། དེས་མཐའ་གཅིག་ཏུ་སྤྱི་ཚོགས་ལ་ནུས་པ་འདོན་ཐུབ་པའི་ངེས་པ་མེད་ལ། མི་བུ་རང་ངོས་ནས་ལྟོས་བཅས་ཀྱིས་འབྲས་བུ་ལེགས་པོ་ཞིག་ལེན་དགོས་ན། ད་རུང་ཕམ་ཁ་ལ་མི་སྐྲག་པ་དང་དཀའ་ངལ་ལ་མགོ་བོ་མི་སྒུར་བ། ལས་འབྲས་ལ་གདོང་གཏོད་ཐུབ་པའི་མི་གཤིས་ཀྱི་དྭངས་མའམ་སྙིང་སྟོབས་ཤིག་ཀྱང་ངེས་པར་མཁོ་བས། ང་ཚོས་མི་རིགས་སློབ་གསོའི་ལས་གནས་སོ་སོ་རུ་ཀུན་སྤྱོད་དང་མི་གཞི། མི་གཤིས་ལེགས་པོ་ཞིག་གསོ་སྐྱོངལ་ནམ་ཀུན་དོ་ཁུར་དང་གདེང་འཇོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། ་ང་ཚོས་དུས་རྒྱུན་ཤུགས་ཡག་པོ་ཞིག་རྒྱག་དགོས།
གལ་ཏེ་ང་ཚོའི་སློབ་གསོའི་ཁྱབ་ཁོངས་དང་ལས་གནས་སོ་སོ་ནས་དཔེ་ངོས་ཀྱི་རིག་པ་དང་སྐར་འབྲས་ཁོ་ནར་བློ་སྙིང་བྲང་གསུམ་གཏད་དེ།  མི་གཤིས་སམ་ཀུན་སྤྱོད་གསོ་སྐྱོང་གི་མི་ནུས་སྔོག་འདོན་ལ་དོ་ཁུར་དང་གདེང་འཇོག་ངོས་གཙང་དང་ཡག་པོ་ཞིག་མ་བྱས་ན། ནམ་ཞིག་ཁྱོད་ཀྱི་ཤ་ཁྲག་ལས་ཆད་པའི་གཅེས་ཕྲུག ཁོག་གི་སྙིང་དང་དཔྲལ་བའི་མིག་བཞིན་གཅེས་པ་དེ་ཡང་མི་གཤིས་བྲལ་བའི་འཕྲུལ་ཆས་དང་དུད་འགྲོ་མི་གཟུགས་སུ་གྲུབ་པ་ལྟ་བུ་འཕྲད་མར་ཆགས་རྒྱུ་ཡིན་པས། མདོ་དབུས་ཁམས་གསུམ་གྱི་བོད་པ་ཚང་མས་རང་ས་ནས་གནད་དོན་འདི་ཉིད་ལ་བསམ་བློ་ཞིབ་མོ་གཏོང་བར་འབོད་པ་ཏོག་ཙམ་བཏང་བ་འདིས་ཀྱང་ཁྱོད་ཉིད་ལ་སྲི་ཞུ་དང་ཕན་བདེ་ཆ་ཙམ་བསྐྲུན་ཐུབ་པར་སྨོན། །

༢༠༡༥ལོའི་ཟླ༡༡ཚེས༨ལ།

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)qrcode_for_gh_24a680a08df5_430(1)

3 thoughts on “སློབ་གསོ—མི་གཤིས་བོར་བའི་མཇུག་འབྲས།

  1. འབྲུག་པ་ཀུན་ལེགས

    དངོས་གནས་གནད་འདུ་ལ་ཚིག་ཚོགས་ཉུང་བའི་དཔྱད་བརྗོད་རིན་ཐང་དང་བྲལ་བ་ཞིག་སྤེལ་འདུག ནག་ཀྱཱ་བ་ཤ་བོ་ཚེ་རིང་། སྐུ་དྲིན་ཆེ།

  2. ཚེ་རིང་།

    རང་རིགས་ལ་ཤ་ཚ་བའི་སྒོ་ནས་སྙིང་གཏམ་བཤད་འདུག ཀུན་གྱིས་བཀླགས་ཏེ་བསམ་བློ་ལེགས་པོ་གཏོང་རྒྱུ་གལ་ཆེན་རེད། ཁོང་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་ཡིན།

  3. ལྷ་མོ།

    དཔྱད་རྩོམ་ལེགས་པོ་རེད། གནད་འདུ་ལ་སློབ་གསོ་ལ་ཕན་ཁེ་ཆེ། རྒན་ལགས་ལ་འདི་དང་འབྲེལ་བའི་འ ཆད་ཁྲིད་ཅིག་སྤེལ་བའི་གོ་སྐབས་ཤིག་བསྩལ་ན། བོད་ཀྱི་སློབ་གསོ་ལ་ཤིན་ཏུ་སྨན་པར་སེམས། ཨ་མདོ་བརྙན་འཕྲིན་གྱི་གླེང་སྟེགས་ལེ་ཚན་དང་གཞོན་གསར་ཚང་གིས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།