སློབ་གསོ་བ་གྲགས་ཅན་དོ་རྒྱ་བསོད་ནམས་ཚེ་རིང་གིས་གཞི་རིམ་པའི་བྱིས་རྩོམ་གླེང་བ།

                                   —གཞི་རིམ་པའི《གཞི་རིམ་པའི་བྱིས་རྩོམ་གཅེས་བཏུས》བཀླགས་པའི་མྱོང་ཚོར།

དོ་རྒྱ་བསོད་ནམས་ཚེ་རིང་།

       

2017ལོའི་ཟླ6པའི་ཚེས29ཉིན། རྔ་བའི་ལམ་ཁ་དག་ཏུ་སུ་རུ་མེ་ཏོག་རབ་ཏུ་བཞད་པའི་སྐབས་ཤིག་ལ། རྔ་བའི་ཡུལ་གྱི་སློབ་གཙོ་དམ་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་སྔོན་མ་ཞིག་ནས་རེ་བ་བཏོན་པ་བཞིན་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ་བསྐྱོད་ནས་ཁ་བྱང་ལ《ཨ་མདོ་རྔ་བ་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་སློབ་གྲྭའི་བདག་གཉེར་དང་སློབ་གསོའི་ཐབས་ལམ་སྐོར་ལ་ཕུལ་བའི་ལྟ་ཚུལ》བཏགས་ཏེ་འཆད་ཁྲིད་ཙམ་པོ་བ་ཞིག་གི་མཇུག་སྒྲིལ་ལ་ཉེ་བའི་ཚེ། དགེ་རྒན་ཞིག་གིས་ཕྲན་ལ“བོད་ཀྱི་བྱིས་པ་རྣམས་ལ་འོས་ཤིང་འཚམས་པའི་ལྟ་ཀློག་དེབ་ཅིག་ཡོད་དམ།”ཞེས་པའི་དྲི་བ་ཞིག་འཕངས་བྱུང་བས།  ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། བོད་ཀྱི་རྒན་དར་གཞོན་གསུམ་དང་སྐྱ་སེར་གཉིས་ཀྱིས《མི་ལ་རས་པའི་རྣམ་མགུར》ལ་ལྟ་བ་ལས་ཐབས་ཅི་ཞིག་ཡོད་ཅེས་ཀུ་རེ་དང་འཁང་ར། ཟུར་ཟ་འདྲེས་མའི་ལན་ཙམ་ཞིག་ངག་ལས་ཤོར་སོང་།2018ལོའི་ཟླ6པའི་ཚེས7—9ཉིན།  མཐོ་རྒྱུགས་ལེན་པའི་སྐབས་ཏེ་གཅན་ཚའི་རི་མགོ་ཡོངས་སུ་ར་མ་རེའུ་ལྕོག་བཞད་པའི་ཉིན་ཞིག་ལ།  རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་སྐྱ་བོའི་དགེ་རྒན་རྣལ་མ་གཞི་རིམ་པས་བདག་ལ《གཞི་རིམ་པའི་བྱིས་རྩོམ་གཅེས་བཏུས》ཞུ་བའི་དེབ་གཉིས་གནང་བྱུང་བས།  དེ་མ་ཐག་རྒྱུགས་རའི་གཞུང་སྒྲུབ་ཁང་དུ་ཨེན་ཙམ་ལ་ཕྱི་ངོས་དང་།  དཀར་ཆག  རྩོམ་རེ་གཉིས་ཤིག་ལ་མཇལ་བས་འཕྲད་མ་ཐག་གི་དགའ་བས(一见钟情)ཀུན་ནས་འཁྱུད་དོ།།ང་རང་ད་ལྟའི་བར་དུ་གཞི་རིམ་པ་ཁོང་ལ་དངོས་སུ་ཐུག་འཕྲད་མ་བྱུང་ནའང་། བོད་ཀྱི་དྲྭ་ཚིགས་དར་བ་ནས་བཟུང་རྩོམ་སྟེགས་ལས་ཕན་ཚུན་སྦྲེལ་ཏེ་དྲྭ་གྲོགས་སུ་གྱུར་བ་ཞིག་ཡིན་ལ།  ང་ནི་ཁོང་གི་དད་ལྡན་ཀློག་པ་པོ(粉丝)ཞིག་ཏུ་བརྩིས་ཀྱང་ཆོག་ཆོག་ཆོག་ཡིན།

མཐོ་རྒྱུགས་བླངས་ཚར་རྗེས།  ང་རང་འཇིག་རྟེན་འདིར་ཡོང་ནས་ས་ག་ཟླ་བའི་དཀར་ཟས་ལ་བསམ་བཞིན་དུ་ཐོག་མར་རོལ་བའི་དགེ་བ་འབུམ་འགྱུར་གྱི་འཕྲོ་དང་མཐུད་ནས་ཉིན་གཅིག་ལ་དཔེ་དེབ་ཡོངས་སུ་བཀླགས་ཏེ་རྫོགས་པར་གྱུར།  ཉིན་གཅིག་ལ་དཔེ་ཆ་ཞིག་ཡོངས་སུ་བཀླགས་ཐུབ་པ་ནི།   ཀློག་པ་པོ་ལ་བརྩོན་འགྲུས་ལྡན་པ་ཁོ་ནས་མ་ཡིན་པར་རྩོམ་རང་སྟེང་ན་ཀློག་པ་པོ་དབང་མེད་དུ་འགུགས་པའི“བྱིན་རླབས”ཁྱད་པར་བ་ཞིག་ཡོད་པ་ནི་བརྒྱ་ཆའི་བརྒྱ་རེད་འདོད་དོ།།

དེས་ན་གཞི་རིམ་པའི་སྐྱེ་མགོ་རུ་གྱུར་བའི་བྱིས་རྩོམ་ལ་གཅེས་བཏུས་ལ་ཁྱད་ཆོས་གང་དག་ཡོད་པ་བྱེ་བྲག་ཏུ་འཆད་པ་ལ།

གཅིག  རྩོམ་ཐུང་བས་བྱིས་པར་ཁ་སེམས་མི་བསྐུར་བ།

འུ་ཅག་སྐྱ་བོ་རྣམས་དང་།  ལྷག་པར་དུ་བྱིས་པ་རྣམས་ལ་མཚོན་ན། ཐོག་མ་ཉིད་ནས་རྩོམ་རིང་པོ་ལ་འཇུག་པའི་བརྩོན་འགྲུས་དང་། དཔའ་གདེང་།   སྣ་རུས་ཡོད་ཁག་པོ་རེད།   དེ་བས་བྱིས་པ་རྣམས་རྩོམ་གྱི“གྱ་ཙེ་གོམ་ཙེ”སློབ་པའི་ཚེ་ན་གོམ་པ་ཐུང་ཐུང་ནས་མགོ་རྩོམ་པ་ནི། བྱ་བ་ལེགས་འགྲུབ་འབྱུང་བའི་རྟེན་འབྲེལ་ཉིད་དུ་མགོ་བཟུང་ན་འགྲིག   ཏག་ཏག་གཞི་རིམ་པས་གཞི་རིམ་གྱི་བྱིས་པའི་ཁྱེག་ཚད་ལྟར“བོང་བུར་རན་པའི་ཁལ།  བྱིས་པའི་ཚོད་ཀྱི་ལྭ”ཞིག་བཟོས་པ་ནི་རིང་ཐུང་གི་ཆ་ནས་ཧ་ཅང་རན་པ་ཞིག་ཏུ་མཐོང་ངོ་།།

གཉིས།  ཁ་སྐད་ཀྱིས་སྣ་ཁྲིད་པས་ཡིག་སྐད་དུ་བདེ་བླག་ཏུ་ཞུགས་པ།

རྩོམ་ཞིག་འབྲི་བ་ཡིན་ན། དེ་ལ་ཆེད་དུ་བྱ་བའི་ཀློག་པ་པོ་དང་ཀློག་པ་པོ་གཉིས་སུ་ཕྱེས་ཆོག་པ་རེད། དེ་ཡང་གཞི་རིམ་པའི་བྱིས་རྩོམ་ལ་མཚོན་ན།  ཀློག་པ་པོ་ནི་སྤྱིར་མིའི་རིགས་ཀྱི་བྱིས་པ་རྣམས་ཡིན་ཆོག་ཆོག་རེད་ལ།  སྒོས་སུ་བོད་ཁ་བ་ཅན་གྱི་བྱིས་པ་དག་ཡིན་པ་སྨོས་མ་དགོས་པ་ཞིག་རེད།  ཡིན་ནའང་ཁྱད་པར་དུ།  ཆེད་དུ་བྱ་བའི་ཀློག་པ་པོ་ནི་ཨ་མདོ་བ་དང་ཨ་མདོ་རེབ་གོང་གི་ཡུལ་ལེ་ལག་དང་བཅས་པའི་བོད་སྐད་ཁ་ཏོན་དུ་བྱེད་ཅིང་བོད་ཡིག་ཟས་སུ་ཟ་བའི་བྱིས་པ་རྣམས་ཡིན་པ་རེད།  ཚུལ་དེ་ལ་དམིགས་ནས།  རྩོམ་པ་པོ་ཁོང་གིས། ཁ་སྐད་དུ་རང་འཇགས་ལ་སོང་ཞིང་ཡིག་སྐད་དུ་ཕབ་ན་གདོད་མའི་བྲོ་བ་ཉམས་པར་གྱུར་དོགས་ཡོད་པ་དག་གང་ནས་ཅི་ཐུབ་ཀྱིས་ཁ་སྐད་དུ་བྲིས་པ་ནི།  ཡིག་སྐད་དུ་ཕབ་མ་ཤེས་པ་དང་བོད་ལ་སྤྱི་སྐད་ཆགས་པའི་བར་ཆད་དུ་བསམ་གཟས་ནས་བྲིས་པ་མ་ཡིན་པར།  ཁ་སྐད་ཀྱི་གར་ལ་རོལ་དྲགས་པའི་བྱིས་པ་དག་ཅིག་ཅར་དང་ཐོད་རྒལ་དུ་མ་ཡིན་པར་རིམ་པ་བཞིན་དང་དབང་བོ་བཞིན་དང་ན་ཚོད་བཞིན་ངང་གིས་ཡིག་སྐད་དུ་ཁྲིད་པའི་ཐབས་ལ་མཁས་པའི་སྤྱོད་པ་ཞིག་ཏུ་སེམས་སོ།།

གསུམ།  རྩོམ་སྟངས་མཐུན(མཐུན་ཆའི་ཁག་ལ་མཐུན་མོང་དུ་གྲགས)མོང་བ་དང་བརྗོད་བྱ་སྤྱིར་བཏང་བས་བྱིས་པའི་མཐུན་ཆ་ཡར་བསྐྱེད་འབྱུང་སྐྱེན་པ།

ཁ་སང་དེ་རིང་གི་སྐྱ་བོའི་སློབ་གསོ་ལ་མཚོན་ན།  བོད་སྐད་ནི་སྦྲགས་སྐད་དུ་གནས་འགྱུར་ཞིང་། བོད་རྩོམ་ནི་རྒྱ་རྩོམ་ལས་བྲིས་ཏེ་ཚུར་བསྒྱུར་དགོས་པའི་“སྙིགས་མ་བདུན་བདོའི”ཚད་ལ་སླེབས་པའི་གཉན་འཕྲང་གི་དུས་སྐབས་འདིར།  བྱིས་པ་མཐུན་མོང་གིས་མི་བ་བའི་རྩོམ་སྟངས་ཏེ།  དགག་སྒྲུབ་རྩོམ་ཡིག་དང་།  སྒྲུང་གཏམ།  འཁྲབ་གཞུང་།  རང་མོས་སྙན་ངག་ལ་ཤི་འཐམ་རོ་འཐམ་བྱས་ཏེ་བྱིས་པ་མང་པོ་ཞིག་གི་རྩོམ་གྱི་ཡི་ག་གཏན་དུ་འགགས་སུ་འཇུག་པ་ལས།རྩོམ་པ་པོ་ཁོང་ལྟར།  འཛམ་གླིང་མཐུན་མོང་དུ་གྱུར་བའི་ཉིན་རེའི་ཐོ་ཡིག་དང་།  ཇི་བཞིན་བརྗོད་པའི་རྩོམ།  སྙན་ངག་ཤོ་ལོ་ཀ་རེ་ལ་བྱིས་པས་་གཅིན་སྐྱག་ཤོར་ཚུལ་གྱི་འཚོ་བ་ངོ་མ་ནས་སློབ་གྲྭའི་ནང་གི་ལོད་ཏ།(老大)ད་དུང་དགེ་རྒན“མིག་གྲོག་མ”དང་།  སློབ་གྲྭའི་ནང་དུ་གཏན་ནས་མི་ཡོང་དགེ་རྒན་འཇམ་དབྱངས་སོགས་ཀྱི་རྣམ་ཐར།  དེ་བཞིན་ཕ་ཡར་དང་། སྔགས་པ།  དགོན་པ།   སྤྲང་པོ་སོགས་བོད་ཀྱི་བྱིས་པ་དག་གི་འཚོ་བ་དང་སྐྱ་འཐབ་ནས་ཡོད་པའི་གནད་དོན་གསོན་པོ་དག་འབྲི་རིན་མེད་ཅེས་ཅི་དགར་མ་བཞག་པར་ཁྱིམ་བདག་མ་མཁོ་འཁྱི་ཅན་ཞིག་གིས་ཁྱིམ་ཚང་སྐྱོང་བ་དང་འདྲ་བར་ཨོང་བ་དང་།  རྟུ་ལུད།  ནགས་ཆགགོར་སྐམ།ཐ་ན་གཅིན་དང་སྐྱག་པ་སོགས་ཀྱང་ཁྱིམ་གྱི“རྒྱུ་ནོར”དུ་བཟོ་ཐུབ་པའི་ཚད་དུ་ཐོན་འདུགའདིས་ནི་བོད་ཀྱི་བྱིས་པ་དག་ལ་མིང་དང་ཚིག་གི“དཀའ་ངལ”སེལ་རོགས་བྱས་པ་ཙམ་ཡིན་པར།  བརྗོད་བྱ་དོན་གྱི་གཏེར་སྒོ་འབྱེད་ཚུལ་གྱི“མཁའ་འགྲོའི་བརྡ་ཡིག”ཅིག་གནང་བ་དང་གཉིས་སུ་མ་མཆིས་སོ།།

བཞི།  སློབ་གསོའི་མན་ངག་ཐང་མར་བརྡལ་བས་དགེ་སློབ་ཀུན་གྱི་སྔས་མགོའི་དཔེ་ཆར་འོས་པ།

བྱིས་རྩོམ་དེབ་འདི་ནི།  མིང་ལ་བྱིས་རྩོམ་དུ་གྲགས་ཀྱང་དོན་དར་མའི་རྩོམ་མམ་མཁས་པའི་རྩོམ་ཞིག་ཡིན་པར་མ་ཟད།  ཁྱད་པར་དུ་དགེ་རྒན་དག་ལ་ཕུལ་བའི་སློབ་ཁྲིད་ཐབས་ལམ(教材教法)སྟོན་པའི་སློབ་གསོའི་གཞུང་ཆེན་ཞིག་ཀྱང་ཡིན་ཏེ།

དཔེར་ན།  1、p38“སོ་མ་ངོ་ཤེས་པ་དང་ཐོག་དང་པོར་མཐོང་མཁན་ཞིག་ཡིན་ཚེ།  ང་ཚོའི་གྲངས་རིག་དགེ་རྒན་གྱི་ཕྱག་ཟུང་ལ་དེ་འདྲའི་འཇིགས་སྣང་སློང་བའི་ཟིལ་ཤུགས་ཤིག་ལྡན་ནའང་།  འགྲོགས་ནས་འདྲིས་པར་གྱུར་ཚེ།  གྲངས་རིག་དགེ་རྒན་གྱི་ཕྱག་ཟུང་ནི་འཇིགས་སྐྲག་སྐྱེ་དགོས་པ་ཞིག་མ་ཡིན་པར།  དེ་ལས་ལྡོག་སྟེ།  བྱམས་སེམས་དང་བརྩེ་དུངས་སྩོལ་བའི་ཕྱག་ཟུང་ཞིག་ཡིན།”  འདི་ནི་བུད་མེད་དགེ་རྒན་ཞིག་དང་ཆེས་མི་འཚམས་པའི་ཕྱག་ཟུང་ཆེན་པོ་སྐྲག་སློང་བྱེད་དེ་བྱམས་སེམས་བརྩེ་དུངས་དང་ལྡན་པར་གྱུར་སོང་བར་བྲིས་པ་འདིས་སློབ་གསོའི་གཞུང་ཤིང་ནི་གཞན་ཕན་དང་ཐབས་དང་བྱམས་བརྩེ་ཡིན་པ་བསྟན།

2、p91“གནའ་མིའི་ཁ་དཔེར། བཟང་མ་བཤད་ན་ཇེ་ཉུང་། སྐྱོན་མ་བཤད་ན་ཇེ་མང་ཟེར་བ་ལྟར།”འདི་ནི་བོད་པའི་སྤྱིར་བཏང་གི་གཏམ་དཔེ་ཞིག་ཡིན་རུང་།  རྩོམ་པ་པོ་ཐབས་ལ་མཁས་པའི་སྒོ་ནས་འདིས་མཚོན་པའི་གཏམ་དཔེ་མང་པོ་ཞིག་སློབ་གསོའི་གླིང་དུ་གདན་དྲངས་ཏེ་དུས་དང་འཚམས་པའི་ནུས་པ་སོ་སོ་འདོན་དུ་བཅུག་འདུག  དེ་ཡང་ཡིན་ཡིན་ཏེ།  བློ་གཅིག་སེམས་གཅིག་གིས་སློབ་མ་དང་སློབ་ཁྲིད་ལས་བསམ་རྒྱུ་ཅི་ཡང་མེད་པའི་དགེ་རྒན་རྣལ་མ་དང་རྩོམ་པ་པོ་ཁོང་ལྟ་བུ་ལ་མཚོན་ན། “སྣང་སྲིད་ཐམས་ཅད་དཔེ་ཆར་ཤར་བའི”ཚད་ན་ཡོད་པས། ཆེད་མཁས་པ་ལྟར་དཔེ་ཆའི་ལུང་གུང་བསྒྲིགས་པའི་ངལ་བ་བསྟེན་ག་ལ་དགོས། དེ་བཞིན་དུ། “སྙན་ངག་མཁན་ལ་ཅི་ཡང་རྒྱན།  ལྟོ་འདུན་ཅན་ལ་ཅི་ཡང་ཟས།”ཞེས་པ་འདིའི་ཁ་སྐོང་དུ།  “སློབ་གསོ་བ་ལ་ཅི་ཡང་དཔེ།  དགེ་རྒན་དགའ་བོར་སུ་ཡང་སྣོད།”ཅེས་པ་ཞིག་བསྣན་ནས་ཁྱེད་ཀྱིས་བོད་ལ་ཉེ་བར་མཁོ་བ་ཞིག་རྩོམ་པ་པོ་དང་ལོ་ཙཱ་བ་མང་པོ་ལྟར་གང་འདོད་དུ་ཁ་བསྒྱུར་བ་མ་ཡིན་པར་ལག་ལེན་དངོས་ཀྱི་ཁྲོད་དུ་དཀའ་བས་གཉོམ་ལག་རྒྱས་སུ་བཅུག་པའི་བཀའ་དྲིན་གཏང་རག་ཏུ་གུས་པས་ཕུལ་བ་ཡིན།

3、p210“དེ་རིང་བསླབས་པའི་མིང་།།ངག་ནས་ཚིག་གྲུབ་བཟོ།།ཚིག་གྲུབ་འཁྱོངས་གྱུར་ན།།རྩོམ་ལ་དཀའ་རྒྱུ་མེད།།”  འདི་ནི་བྱིས་པའི་སྙན་ངག་ཆུང་ཆུང་ནང་གི་སྙན་ངག་ཤོ་ལོ་ཀ་ཞིག་རེད། འདི་ལ་སྙན་ངག་མེ་ལོང་མ་ལྟ་བུའི་སྒྲ་རྒྱན་དང་དོན་རྒྱན། གབ་ཚིག་གི་རྒྱན་མེད་ལ།  རང་མོས་སྙན་ངག་ལྟར་སྦས་ཉམས་ཀྱང་མེད་མོད།  འོན་ཀྱང་།  བྱིས་པ་རྣམས་རྩོམ་ལ་འཇུག་པའི་མན་ངག  (ཚེགས་ཆུང་དོན་ཆེ་ཐབས་དཔག་མེད།།བྱ་སླ་དཔག་དཀའ་མན་ངག་གོ།)ཅིག་ཡིན་པ་མ་ཟད།  དགེ་རྒན་དག་ལ་རྩོམ་ཡིག་སློབ་ཁྲིད་ཇི་ལྟར་བྱེད་པའི་ཐབས་ལམ་ཞིག་ཀྱང་ལས་སླ་མོས་བསྟན་འདུག

གང་ལྟར།  ཁོ་བོར་མཚོན་ན།  དེབ་འདི་ནི་ཕྱི་ལྟར་བྱིས་པ་རྩོམ་ལ་འཇུག་པའི་ལམ་སྟེགས་ཤིག་དང་།   ནང་ལྟར་དགེ་རྒན་ཐབས་ལ་འཇུག་པའི་ལྡེ་མིག་ཞིག་ཏུ་མཐོང་གིན་འདུག  བདེན་མིན་རང་རང་སོ་སོ་ཞིབ་ཏུ་མཇོལ་དང་གསལ་ཁ་འབྱེད་པར་འགྱུར་ངེས་སོ།།

ལྔ།  མཇུག་ཏུ་རྩོམ་པ་པོ་ལ་ཆེད་དུ་ཞུ་བའི་རེ་བ།

ལ་ལས་ཁ་སྐད་ཡིག་གེར་ཕབ་མི་རུང་སྟེ།  དེ་ནི་བོད་ལ་སྤྱི་སྐད་ཆགས་པའི་བགེགས་ཡིན་ཞེས་མཁས་དབང་དགེ་ཆོས་ཀྱི་ལུང་ཞིག་དྲངས་ཏེ་དགག་རྐྱང་བྱེད་དོ།།  ཁྱེད་རང་མྱི་ཁ་དེ་ལ་མ་འཛེམས་པར་བྱིས་པ་རྣམས་ཀྱིས་གོ་སླ་བའི་ཆེད་དང་།  བྱིས་པ་རྣམས་ཡིག་སྐད་ལ་བདེ་བླག་ཏུ་འཇུག་པའི་ཆེད་དུ་ཁ་སྐད་ཁ་ཤས་བཀོལ་བ་ནི་ཁྱད་ཆོས་སུ་མཐོང་བ་སྔར་ནས་ཞུས་ཟིན།  ཡིན་ནའང་།  ཁ་སྐད་ཡིག་སྐད་དུ་འགོད་པའི་ཚེ་ཁ་སྐད་དུ་དེ་ལྟར་བརྗོད་པའི་ཆོས་ཉིད་ཤེས་པའི་ཐོག་ནས་སློབ་མ་ལ་ཇི་བཞིན་བཤད་པ་དང་།  རྩོམ་ལའང་ཆོས་ཉིད་དང་མཐུན་པའི་ངང་འཁོད་ན་དེ་བས་ཀྱང་ཡག་སྙམ་བྱུང་།  དཔེར་ན།  ཁྱེད་ཀྱིས“བསོད་མོ”ཞེས་ཁ་སྐད་ཅིག་བཀོལ་པ་ནི།  དགེ་ཆོས་ཀྱིས“བསོར་མོ”ཞེས“སྤྲོ་མོ”ཡི་མིང་གཞིའི་པ་སྔོན་འཇུག་ཏུ་སོང་བའི་ཚེ་སྡེ་བ་གཅིག་གི་བ་རུ་འགྱུར།  ར་བཏགས་རྗེས་འཇུག་ཏུ་སོང་བས“བསོར་མོ”རུ་གྲུབ་པར་གསུངས་པ་བོད་སྐད་ཀྱི་ཆོས་ཉིད་མཁྱེན་པའི་ལེགས་བཤད་དུ་འཁུམས།  དེ་བཞིན་འུ་ཅག་གི་ཁ་སྐད་དུ“བསོ་མོ”རུ་ཀློག་པའང་།  ཨ་མདོ་བས་ཀྱང་དབུས་གཙང་བཞིན་རྗེས་འཇུག་གི་ར་ཡིག་གསལ་བོར་མ་ཐོན་པ་ཡིན་ཏེ།  དེ་འདྲ་ནི་ཨམ་སྐད་དུ་ཤིན་ཏུ་མངས་ཏེ།  དཔར་ལེན་ལ་དཔའ་ལེན་དང་།  དར་རྒྱས་ལ་དའ་རྒྱས།  ཆར་ཤ་ལ་ཆའ་ཤ་སོགས་སོ།།  དེ་བཞིན་ཁྱེད་ཀྱིས་དུས་ཡུན་ཐུང་བ་ལ་ཏབ་ཅིག་ཅེས་བྲིས་པའང་དར་ཅིག་ཡིན་པ་ལ་ཨམ་སྐད་དུ་དའ་ཅིག་ལྟར་བཀླཀས་པ་ལས་བྱུང་བར་སྙམ།  དགེ་བའི་བཤེས་གཉེན་བླ་བྲང་ཀོའུ་བ་བརྩོན་འགྲུས་ཚང་གིས་སྐྱ་སེར་སུ་ཡིན་རུང་མཁས་པ་བཅའ་ན་སུམ་རྟགས་དག་གསུམ་ཁ་སྐད་དང་བཅས་པ་ལ་མཁས་དགོས་པ་གཞིར་བཞག་ཡིན་གསུངས་པའང་བདེན་པའི་ར་སྤྲོད་དུ་མཚན་གཞི་འདི་དག་རབ་ཏུ་འཕྲོད་དོ།།  གཞན་ཡང་།གཏགས་ནོར་དང་བྲིས་ནོར་ཆད་ལྷག་རེ་འགའ་ཡོད་པ་སྟེ།  ལྟག་ཀར་བཤད་པའི་ནག་ཀྱུག་ཀྱུག་གི་སྐྲ་ལོ(p69)ནི་ལྟག་གར་ཤད་པའི་ནག་ཀྱིག་ཀྱིག་གི་སྐྲ་ལོ་དང་།  ཕོ་བསྐྱོར་ནས་འགྲེ་ལོག་རྒྱག་ཞོར(p72)ཕོ་བ་བསྐྱོར་ནས་འགྲེ་ལོག་རྒྱག་ཞོར།  ཨ་མའི་བཤད་པ་ལྟར་ན(p90)ཨ་མས་བཤད་པ་ལྟར་ན།  དབྱངས་བྷ་ཆོ་མེད(p101)དབྱངས་བྷ་མཆོད་མེད། (འགྲོ་མགོན་ཞབས་དཀར་བའི་གསུང་འབུམ་ན་བཞུགས)ཁོང་གི་བཀའ་དྲིན་དང་འབྲེལ་ཐབས་མེད་པ་ཡིན།(p137)ཁོང་གི་བཀའ་དྲིན་དང་འབྲལ་ཐབས་མེད་པ་ཡིན།  ཁྱིལ་ལས་སྣ་ཚོགས།(p139)ཁྱིམ་ལས་སྣ་ཚོགས་སོགས་ཅུང་ཟད་ཡོད་མོད། འདི་བམ་གྱིས་མཚོན་པས་ཆོག་ལ།  ཞིབ་ཏུ་ཁ་པར་སོགས་ལས་གླེང་ཡང་ཆོག་གོ། ད་དུང་གཅོད་མཚམས་དང་། ཤད། ཅི་ཇིའི་འཇུག་ཚུལ།  གྲངས་མཐའི་པ་བ་སོགས་ཀྱང་ནོར་སྙམ་པ་རེ་འགའ་ཡོད་པ་ནི་དེང་སང་བོད་ཡིག་ལ་རྒྱུན་ལྡན་དུ་གྱུར་ཡོད་ནའང་།  རྩོམ་པ་པོ་ཁྱེད་འདྲ་བ་གཞི་རིམ་སློབ་གསོའི་ལག་ལེན་པ།  བྱིས་པའི་ལས་ལ་ཤིན་ཏུ་མཁས་པ།  འགའ་ཞིག་ལྟར་སློབ་གསོའི་ལས་རྐང་དུ་གློག་བཞིན་འཁྱུག་ཙམ་གྱིས་གཏན་མེད་མེད་ཡལ་ནས་སོང་ནས། སླར་ཡང་མི་རིགས་སློབ་གསོའི་གཉལ་ལ་ཞོན་པ་དང་།  དགེ་རྒན་དག་ལ་ངན་གཏམ་པའི“མར་ལོག་བསྟན་པའི་དགྲ་བོ”དག་དང་མ་འདྲ་བར།  བ་ན་མི་བ་ན་སློབ་གསོའི་ལས་རྐང་ལ་འབྱར་བའི“ཅང་མེད”དང་།  “གླེན་པ་རྟ་ལེ་རྟུག”ཅིག་སྟེ།  རང་གི་ཆེད་དུ་བྱ་བའི་སློབ་མ་རྣམས་སེམས་ཀྱིས་འཛིན་མཁན་ཞིག་ལ་མཚོན་ན་དོར་བྱར་འོས་སོ་སྙམ། གཞི་རིམ་པ་ལགས།  གལ་ཏེ་ཁྱེད་ཀྱི་དེབ་མཆོག་འདི་ན་ནིང་སྒོར་བུད་ཡོད་ན།  ང་རང་རྔ་བའི་དགེ་རྒན་གྱི་འདྲི་ཚིག་གི་སྔུན་ནས་ཁ་ལྕེ་ལྐུགས་དོན་ཅི་ལ་ཡོད་ཨང་།

ཞོར་དུ།  བོད་སྐད་བོད་ཡིག་གི་སློབ་གཙོ་རྣམས་ལ་གསོལ་བ་འདེབས་པ་ནི།  བོད་ཀྱི་དེབ་མཆོག་འདི་འདྲ་བ་ཡིན་ན་ཅིས་ཀྱང་སློབ་གྲྭ་རེས་བརྒྱ་ཕྲག་རེ་བླུས་ཏེ་སློབ་མ་ལ་བྱ་དགའི་ཚུལ་དུ་གནང་བའི་སྲོལ་བཟང་རེ་ཆགས་པ་ན།  རྩོམ་པ་པོ་དང་ཀློག་པ་པོ་གཉེན་དུ་བསྡེབས་པའི་བར་བ་གཡང་ཁ་ཞིག་ཏུ་ངང་གིས་འགྱུར་སོང་བའི་བྱས་རྗེས་འདི་ཙམ་ཡང་བོད་པའི་སློབ་གསོའི་བསྟན་པ་རྒྱས་པའི་གསོས་སུ་ཆེའོ་སྙམ་མོ།།

2018、6、14ཉིན་གྱི་སྔ་དྲོ་བྲིས་ཏེ་མཇུག་རྫོགས།  ད་དུང་ནངས་ཇའང་འཐུང་མེད།   བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

 

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།