༈ རིགས་ཀྱི་བླ་རྡོ།

རྣོ་ལྕགས་ངར་མ།

མཚོ་བོད་མཐོ་སྒང་ནས་རྩ་བ་རྒྱས་ཤིང་རྩེ་མོ་ཚུགས་པའི་རང་རེ་སྒང་བ་བོད་པ་ནི། ཐུགས་རྗེ་ཆེན་པོའི་གདུལ་ཞིང་། བྱམས་སེམས་དང་སྙིང་རྗེ་ཡི་ཞིང་ས། ལྷ་སྐུ་རྟེན་གསུམ་གྱི་ཕ་ས་མ་ཡུམ།
དྲི་མ་དང་རྡུལ་གྱིས་མ་གོས་པའི་གཡའ་དག་པའི་ནམ་མཁའ། འཕྲུལ་ཆ་དང་འཛུགས་སྐྲུན་གྱིས་ལྷད་མ་ཞུགས་པའི་སྤང་རི་དང་ནགས་ཚལ། ཆུ་བོ་དང་མེ་ཏོག མདོར་ན་རང་བྱུང་ཁམས་ཀྱི་མཛེས་པ་དང་པོ་རུ་ངོས་འཛིན་བྱ་ཆོག་ཟེར།
འོན་ཀྱང་། ང་ཚོ་དོན་དུ་དེ་ལྟར་ཡིན་ནམ། ང་ཚོས་མི་ཡུལ་གྱི་མཛེས་པ་དང་པོ་རུ་སྒྲེང་འོས་པའི་རང་བྱུང་གི་ཁམས་ཆེན་པོ་དེ། ཁྲག་དྲི་བྲོ་བའི་དམྱལ་བའི་ཁམས་ཆེན་མོ་ལ་ག་ཚོད་བསྒྱུར་མྱོང་། རྒྱུ་འབྲས་དང་མི་མཐུན་པའི་མི་གསོད་རྟ་འདེད་ཀྱིས་སྦྱོར་བ་ག་ཚོད་བརྩམས་མྱོང་། རབ་བྱུང་བས་ཡང་སྲིད་འཚོལ་བའི་སྐྱུག་ལོག་པའི་ལོ་རྒྱུས་ག་ཚོད་བྱུང་མྱོང་།
གསུང་རབ་མེ་ཆུ་ལ་བཏབ་པའི་དུས་ངན་ག་ཚོད་ཤར་མྱོང་།
རང་རེ་ལ་ཤ་ཚ་ཞིང་བློ་དཀར་བའི་སྐྱེས་བུ་ག་ཚོད་ཤུན་པགས་བཤུས་མྱོང་། རང་རིགས་བཙོང་ནས་རང་ཤ་ཟ་མཁན་གྱི་ཁྲེལ་མེད་ག་ཚོད་ཡོད་མྱོང་། དོན་གྱི་ང་ཚོ་ནི་《郁达夫》①ཡུས་ཏ་ཧྥུ་ཡིས་བཤད་པའི“རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ།
རླབས་ཆེན་གྱི་མི་སྣ་བྱུང་ཡང་དེར་བརྩི་བཀུར་དང་དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་རྒྱལ་ཁབ་ནི་རེ་བ་མེད་པའི་བྲན་གཡོག་གི་རྒྱལ་ཁབ་ཅིག་རེད”
ལྟ་བུ་ནི་འུ་ཅག་གི་སྤྱི་ཚོགས་ཀྱི་སྙིང་པོ་ནང་དང་རྣམ་པ་ཕྱི། མདོར་ན“ཁ་གདངས་ན་གློ་རིག་ཟེར་བའི་དཔེ་དང་ཆུ་ལ་ཆུ་བཞག་གི་ཚུལ་ཏུ་གནས་ཡོད། ཤེས་རིག་མ་དར།
དར་རུང་དགའ་ཞེན་དང་བདག་པོ་མི་ཐུབ་པའི་མུན་ནག་གི་སྤྱི་ཚོགས་ཤིག་ནས་ཤེས་རིག་ལ་དགའ་དད་བྱ་མཁན་གྱི་མི་རྣམས་ནི། སྤྱི་ཚོགས་སྲ་ཞིང་བརླིང་བའི་སྲོག་གི་ཉག་མ་རེ་རེར་གྱུར་ཡོད།
དེ་ལྟ་ན། རང་རེ་ཅག་གི་མཁས་དབང་གསེར་རིའི་ཕྲེང་བ་ལྟར་བརྒྱུས་པ་དག་གི་སྐུ་ཚེའི་བྱུང་བ་ནི། དགོན་སྡེ་དག་གི་ཁྲོད་ནས་གཟི་དཔལ་དང་མཛད་འཕྲིན་རྒྱས་པ་ལས། འཇིག་རྟེན་རིག་གནས་ལ་བསླབ་པ་དོན་དུ་གཉེར་བ་ནི་དཔེ་མི་སྲིད་པའམ་སྲིད་ཀྱང་དཀོན་པའི་ཚུལ་ཏུ་གནས་འདུག
འུ་ཚང་གི་མཁས་དབང་གནམ་གྱིས་ས་ཁེབས་པ་དག་གི་ཁྲོད་ནས། དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེའི་མཛད་པ་དང་མི་ཚེའི་ལོ་རྒྱུས་ཀྱི་བྱུང་བ་དག་གིས། མུན་ནག་སྤྱི་ཚོགས་ཀྱི་ཞལ་ངོ་ཆེན་པོ་ཞིག་ཕྱོགས་བཅུ་ཀུན་ནས་རྒུད་པར་བྱས་ཡོད།
“ཁ་ན་ཡི་ཆད་ཀྱི་ངག་ཚིག་མེད་པ་དང་། སྙིང་ན་མྱ་ངན་གྱི་རྗེས་ཤུལ་མེད་པའི”།②རང་རེ་ཅག་གི་ཁྲོད་ནས་དམ་པ་མཆོག་གི་རོ་དང་མཚུངས་པའི་ལུས་པོ་ང་ཚོ་དང་ཞལ་གྱེས་རུང་། གསེར་དང་འདྲ་བའི་རྣམ་དཔྱོད་དག་ནི། ཁོང་གི་གསུངས་པོད་དག་གི་ཁྲོད་ན་རྟག་བརྟན་འགྱུར་མེད་ཀྱི་ཚུལ་ཏུ་གནས་ཡོད།
ཡིད་རྨུགས་པ་ཞིག་ལ་བདག་ཅག་གིས་གསེར་དང་འདྲ་བའི་ལེགས་བཤད་གསུངས་པོད་དག་ལ། བསླབ་པ་དོན་དུ་གཉེར་བ་ཕུད། གནོད་འཚེ་བསམ་སྦྱོར་གྱིས། དམ་པའི་རང་གཟུགས་བསྒྲིབས་པར་བྱས་ལ་གསུབ་པར་བྱ། སྡང་བར་བྱས་ལ་སྡིག་པར་བྱ། སྨོད་པར་བྱས་ལ་འཁོན་པར་བྱ། གཏོར་བར་བྱས་ལ་གཞོམ་པར་བྱ།
དེ་ལྟ་ན་ཡང་། དམ་པ་དགེ་ཆོས་ཀྱིས་བདེན་པ་བླ་རུ་བཀུར་བའི་ཁས་ལེན་དང་། མུན་པར་བརྒྱབ་གཏོད་བྱས་པའི་དམ་བཅའ། “རྡོ་ལ་རི་མོ་བརྐོས་པ་ཇི་བཞིན”། རང་རིགས་ལ་སྲིད་ཞུ་སྒྲུབ་པའི་འདུ་ཤེས་“ཤི་ཡང་གཞན་དུ་མ་འགྱུར་བ་རེད”། རིགས་ཀྱི་རྨང་དང་བླ་ལྟ་བུའི་དམ་པ་དགེ་ཆོས་ཀྱིས་མི་ཡུལ་ལ་གྱེས་ཕྱག་ཕུལ་བ་ནི།
བོད་ཀྱི་ཤེས་རིག་བང་མཛོད་ཀྱི་རྨུ་ཐག་དར་རྒུད་ཆེན་པོ་དབྱིངས་སུ་ཉུལ་ཤིང་འཁྱམ་མགོ་བརྩམས་པ་རེད། འདུས་ཤེས་སད་རྟོག་དང་ཤེས་རིག་དགའ་ཞེན་ཉམས་ཤིང་རྒུད་པའི་ཁ་རུབ་གནམ་རྡིབ་ཀྱི་སྤྱི་ཚོགས་ནག་པོ་ཞིག་ནས། སྐྱེས་མཆོག་དགེ་ཆོས་ཀྱི་ཐུགས་ཀྱི་ཉི་འོད་ཀྱི་ཟེགས་མ་རེ་རེ། བཅོམ་ཆག་སྐྱ་ཉིལ་དུ་བཏང་བ་དང་། ཤེས་རབ་འོད་ཕུང་གི་གོང་བུ་རེ་རེ་རླུང་ནག་དྲག་པོས་གཞོམ་གཞིག་ཏུ་བཏང་བ།
ཞིབ་ཏུ་བསམ་ན། ཐུགས་ཁག་ཅི་འདུག་སྟེ།
ད་དུས་ཀྱི་མཁས་པ་ཡིན་ཡིན་འདྲ་བ། དགེ་རྒན་ཆེན་མོ་ཡིན་ཡིན་འདྲ་བ། བོད་ཀྱི་མྱི་ཆེན་ཡིན་ཡིན་འདྲ་བ་དག་གིས། དགེ་ཆོས་ནག་པོ་ནག་རྐྱང་ཞིག་ཏུ་སྒྲུབ་ཀྱིན་པ་དང་། རིགས་མཐུན་གྱི་སྨྱུག་ཁ་ནས་རིགས་མཐུན་གསོད་པར་བྱས་པའི་མ་རུང་བའི་ཁྲམ་ལས་དེ་དག་ནི་དཀྱེལ་ཡངས་དང་བཟོད་སྒོམ་གྱི་རྒྱ་ལས་འགོང་མི་ཐུབ་པ་ཞིག་རེད་ཨང་།
མི་ཚེ་ཤེས་རབ་ཀྱིས་འཚོལ་མཁན་དང་ཤེས་རབ་ཐོས་བསམ་གྱིས་སྐྱེལ་མཁན་གྱི་མཁས་པ་དག་ནི། མི་ཚེ་བརྒྱུད་རིམ་གསུམ་ལ་འཇུག་མྱོང་བར་འདོད་དེ། མ་ཤེས་པ་ནས་ཤེས་པ། ཤེས་པ་ནས་མཁས་པར་འཇུག་པ་ནི་མཁས་པ་དག་ཐུན་མོང་དུ་བརྒྱུད་མྱོང་བའི་ལམ་ཀ་ཞིག་རེད་པས།
འོན་ཀྱང་། ངེད་ཀྱི་མཁས་པ་དག་ནི་དེ་ལྟར་མ་གྲུབ་སྟེ། མ་ཤེས་པ་ནས་ཤེས་པ། ཤེས་པ་ནས་བླུན་པོ་ལ་འཇུག་པ་ནི་ངེད་ཀྱི་མཁས་པ་དག་ལ་རྒྱུན་འབྱམས་སུ་གྱུར་ཡོད་པའི་དཀར་ནག་གོ་ལྡོག་གི་ལམ་བུ་ཞིག་རེད།
གནའ་ཞིག་ལ་འུ་ཅག་གི་མཁས་པ་དག་གིས་དགེ་ཆོས་སོགས་ཀྱི་ལྟ་བ་སྐྱོན་དུ་བརྩིས་ནས་ཐན་ལྟས་ཉིད་དུ་བསྒོམས། དེའི་རྗེས་ནས་དགེ་ཆོས་སོགས་ཀྱི་ལྟ་བ་ལ་དད་མོས་བྱས་ནས་བསྟོད་པ་བྱས། དེ་རིང་དགེ་ཆོས་སོགས་ཀྱི་ལྟ་བ་ལ་བློ་ལོག་སྟེ་དགེ་ཆོས་འཁོར་དང་བཅས་པ་དམར་དམག་ཉིད་དུ་བསྒྲུབས།
འདི་ནི་བོད་ཀྱི་མཁས་པ་སྐོར་ཞིག་གི་ཐོས་བསམ་སྦྱོར་བའི་བརྒྱུད་རིམ་རེད། ཡང་དེ་དག་གི་བརྩམས་ཆོས་ཀྱང་བརྒྱུད་རིམ་གསུམ་དུ་ངེས་སྟེ། ཚིག་བཅད། འབོལ་རྩོམ་དུ་གྱུར་བ་དང་། འབོལ་རྩོམ། བསྟོད་རྩོམ་དུ་གྱུར་བ་སྟེ།དུས་ཚིགས་མི་འདྲ་བ་རྣམ་པ་གསུམ་དུ་ངོས་གཟུང་ཆོག འདི་ལ་བོད་ཀྱི་ཤེས་ཡོན་པ་སྐོར་ཞིག་མི་གྲལ་ནས་ཁྱི་གྲལ་ལ་འཇུག་པའི་དུས་སྐབས་ཟེར།

ལྟ་ལོག་པའི་བདེན་པ།

མ་གཞི་བོད་ནི་དཀོན་མཆོག་གི་གྲུབ་བའི་ཚོགས་སྤྱི་ཆེན་པོ་ཞིག་རེད། ད་ལྟའི་ཆར་གྱི་ལྟ་ལོག་པ་འདི་དག་ནི། དཀོན་མཆོག་གི་ཚོགས་སྤྱི་ཆེན་པོ་དེ་ལས་ཐོད་རྒལ་བྱུང་སྟེ།“འདུ་ཤེས་གསར་བརྗེ”། “བྲན་གཤིས་ངོ་རྒོལ”། “སྤྱི་ཚོགས་གཤགས་བཅོས”། “དོགས་སློང་སྙིང་སྟོབས”་སོགས་ཀྱི་རལ་གྲི་ཐོགས་པའི་དཔུང་སྡེ་ཞིག་རེད།

སྤྱིར་དགེ་ཆོས་གླེང་སྐབས་སྐད་ཆ་འདི་འབྲེལ་མེད་ཉིད་དུ་ཐལ་བ་ཅི་ཆ། དགེ་ཆོས་ལ་ལྟ་ལོག་པའི་ཞྭ་མོ་བཙན་གྱིས་བསྐོན་པ་ལ་བལྟས་ན། འབྲེལ་བ་ཁྱོན་ནས་མེད་པ་ཞིག་ཀྱང་རྦད་དེ་མ་རེད། “རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། ། གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས། ། ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ”། ། ཞེས་པའི་ཐུབ་བསྟན་རིག་གནས་ཀྱི་བཙན་རྫོང་སྟུག་པ། རྒྱུ་འབྲས་བློ་མིག རང་ཁ་རང་གསོ། རང་འགན་རང་ ཁུར་མེད་པའི་དུར་ཐང་ཞིག་ནས་ཐོད་རྒལ་བྱུང་སྟེ། བློ་འབྱེད་ཀྱི་བསམ་བློའི་མ་རྐང་འཛུགས་ཀྱིན་པ་དེ།“དཀོན་མཆོག”དང“སྐྱབས་འགྲོ”ལས་དྲན་རྒྱུ་མེད་པའི། ཤེས་དཔྱོད་ཀྱི་འུར་སྒྲ་སྟོང་བའི་ང་ཚོ་ལ་མཚོན་ན་དགའ་འོས་པ་ཞིག་མ་ཡིན་གྲང་། འདི་ནི་མི་རིགས་ཤིག་གཉིད་ལས་དཀྲོག་པའི་ཅོང་བརྡ་ཞིག་ཀྱང་ཅི་ལ་མིན།
མདོར་ན་མྱི་སྐད་བཤད་རྒྱུ་དེ་ལྟ་ལོག་པའི་བདེན་པ་རེད་ལ། རྨོངས་པ་གཉིད་ལས་དཀྲོག་རྒྱུ་དེ་ཉིང་དགོས་རེད། སྤྱི་ཚོགས་གཤགས་བཅོས་བྱ་རྒྱུ་དེ་ལྟ་ལོག་པའི་དགོས་པ་རེད་ལ། ལྷ་ཚོགས་རླུང་ལ་སྤུར་རྒྱུ་དེ་ལྟ་ལོག་བའི་བདེན་པ་རེད། ན་ཟུག་ཤོག་ངོར་ཕབ་རྒྱུ་དེ་ལྟ་ལོག་པའི་ལས་བྱ་རེད་ལ། སྐྱོན་ཐོག་མཛུབ་མོ་ཀེར་རྒྱུ་དེ་ལྟ་ལོག་པའི་གོམས་གཤིས་རེད།
མི་ལ་དགག་རྒྱག་བྱ་རྒྱུ་དེ། ལྟ་ལོག་བའི་དུངས་ཞེན་རེད་ལ། རྣོ་ལྕགས་ངར་མ་ལྟ་བུ་ཞིག་བྱ་རྒྱུ་དེ་ལྟ་ལོག་པའི་ཕུགས་འདུན་རེད།
འདི་ལྟར་གྲངས་འདྲེན་འདྲེན་པའི་ཐ་མ་ལྟ་ལོག་པ་ནི་མི་རིགས་གང་དེའི། “ཡ་ཁོག་གི་སྙིང་རེད་ལ་ཡ་ཐོད་ཀྱི་སྤྱན་རེད”། ལྟ་ལོག་པ་ནི། རུལ་སུངས། བླུན་དད། རྨོངས་པ། བག་འཁུམ་སོགས་དམ་ལ་བཏགས་མཁན་གྱི་དཀོན་མཆོག་རེད།

2015.12.30 ཉིན་སྦྱར།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།