བོད་ཀྱི་སྐད་ཡིག་ཉམས་པར་ལོ་བཅུ་དྲུག་ལས་མི་འདུག

བོད་ཀྱི་སྐད་ཡིག་ཉམས་པར་ལོ་བཅུ་དྲུག་ལས་མི་འདུག

སྒོ་ཡོན།

ལོ་ངོ་བཞིའི་ཡར་སྔོན་དུ་གྲོགས་པོ་ཞིག་བརྒྱུད་དེ«མེས་པོའི་མཆོད་སྤྲིན»ཞེས་པའི་ལོ་དེབ་ཅིག་ལག་ཏུ་ཐོབ་ཅིང་།  དེར་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ལགས་ལ་བཅར་འདྲི་ཞུས་པ་ཞིག་ཡོད་པ་མཇལ།  དྲིས་ལན་ཞིག་ཏུ་ཁོང་གིས“……མ་འོངས་པར་ལོ་ཉི་ཤུ་ཙམ་གྱི་མཇུག་ལ་བོད་ཀྱི་སྐད་ཡིག་ཀྱང་སྲིད་དོན་དང་མཐུན་རྐྱེན་སོགས་གང་ནས་བསམ་ནའང་ཉམས་འགྲོ་ཡི་ཡོད་པ་རེད……”ཅེས་གསུངས་འདུག

གསུང་ཚིག་འདི་ཉིད་ཐོག་མར་མཇལ་མ་ཐག་ང་ནི་རང་གི་མིག་ལ་ཡིད་མ་ཆེས་པར་གྱུར་པས།  བསྐྱར་དུ་ཚར་འགའ་བཀླགས་ཀྱང་སྔར་བཞིན་ཚིག་དོན་གཅིག་པ་རེད།    དེ་འཕྲལ་ཉེ་འཁོར་གྱི་གྲོགས་པོ་ཞིག་བོས་ཏེ་ཚར་གཅིག་གདོན་པར་བསྐུལ་ཡང་།    ཁོང་གིས་ཀྱང་གོང་བཞིན་བཏོན་བྱུང་།     དུས་དེ་ནས་བཟུང་ཉིན་ཁ་ཤས་ལ་ང་རང་གཉིད་ཡག་པོ་ཞིག་ཁུག་མ་སོང་།     ངའི་སེམས་ལ་ཡང་ཡང་འཆར་འོང་བ་ནི་ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུ་བོད་ཀྱི་སྐད་ཡིག་ཉམས་འགྲོ་བའི་ཚིག་ཐག་ཆོད་པའི་ཡིག་འབྲུ་རྣམས་རེད།

གསུང་ཚིག་འདི“པཎྜི་ཏས་ཐུགས་མཉམ་མ་བཞག”པར་ཤོར་བ་ཡིན་ནམ། གཞན་གྱི“རྗེས་བརྗོད”ཀྱི་ཚུལ་དུ་གསུངས་པ་ཡིན།  ཡང་ན་དབྱིན་ཇིའི་ལོན་ཌོན་གྱི་སྲང་ལམ་ཞིག་ཏུ“རྣལ་འབྱོར་བའི”སྤྱོད་ཚུལ་བསྐྱངས་ཏེ“ཀུ་རེའི”ཚུལ་དུ་གསུངས་པ་ཡིན་ནམ།  དེ་ལྟ་མིན་ན“དགོས་པ”དང“དགོངས་གཞི”ཁྱད་པར་ཅན་ཞིག་གིས་ཡིན་ཚོད།  ཁོང་ལྟ་བུའི་སྐྱེས་བུ“གྲགས་པ་ཅན”ཞིག་གིས། འདི་འདྲའི་གནད་དོན་ཆེན་པོ་ཞིག“རྗེས་བརྗོད”བྱ་སྲོལ་མེད་ལ“ཀུ་རེ”གསུང་སྟངས་ཀྱང་ཨེ་ཡོད།    འོ་ན། ཡང་སྙིང“དགོས་པ”དང“དགོངས་གཞི”ག་རེ་ཡིན་ནམ།

སྤྱིར་བཏང་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་ནས་བོད་ཀྱི་སྐད་ཡིག་ལ་ཕྱི་ནང་གི་ཉེན་ཁ་དྲག་པོ་འབྱུང་བཞིན་པ་མངོན་སུམ་རྟགས་ཀྱིས་གྲུབ་ཀྱང་།    ལོ་ངོ་ཉི་ཤུ་ཙམ་གྱི་མཇུག་ཏུ་ཉམས་འགྲོ་བའི་ཚད་ལ་ནི་ད་དུང་འཕྲད་མེད་དོ་བསམས།

གང་ལྟར། ངས་གསུང་ཚིག་འདི་ཉིད་མཇལ་བ་ནས་བསམ་གཞིག་ཇི་ལྟར་བཏང་ཡང“གནད་དོན”ཞིག་ངེས་པར་འདུག་སྙམ་པས།    ཁོང་དང་ཁོང་གི་ཕྱག་ལས་ལ་འབྲེལ་ཡོད་ཀྱི་རྒྱ་ཡིག་དང་བོད་ཡིག་གི་ཡིག་ཆ་བཅུ་ལྷག་བསྡུ་ཉར་ཞིབ་ཀློག་གིས་རྩོམ་ཡིག་ཅིག་འབྲི་བར་གྲ་སྒྲིག་བྱས་མོད།    ཁོང་གིས“སྲིད་དོན་དང་མཐུན་རྐྱེན་སོགས་གང་ནས་བསམ་ནའང”གསུངས་པར་དཔགས་ན།  གཅིག་བྱས་ན་ཁོང་གིས“སྲིད་དོན”སོགས་ཀྱི་དགོངས་པ་གཏིང་ནས་རྙེད་ཡོད་ལེ་ཆེ་བས།  དེ་ལྟར་ན།    ད་ནི་ཁོང་གིས་གསུངས་པའི་ལོ་དེར་བསྒུག་པ་ལས་གཞན་མི་འདུག་སྙམ་ནས་རེ་ཞིག་རྩོམ་ཡིག་འབྲི་འདུན་དོར་བ་ཡིན།

ཤེས་མེད་ཚོར་མེད་ངང་ལོ་ངོ་བཞི་རྫོགས་སོང་།    ལོ་ངོ་བཞིའི་རིང་ལ་ངས་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ལགས་ཀྱི་གསུང་ཚིག་འདི་ཉིད་དྲན་དྲན་ལ་འོངས་པ་ཡིན།    “ཉེན་ཚབས”ཀྱི་གསུང་ཚིག་འདི་ཉིད་དྲན་ཐེངས་རེར།   ངའི་ལུས་པོ་འདར་ཡོམ་རྒྱག་ཅིང་སེམས་ཁམས་མྱ་ངན་གྱིས་སྨྲེང་།   ད་ནི་བོད་ཀྱི་སྐད་ཡིག་ཉམས་པར་ལོ་ངོ་བཅུ་དྲུག་ཙམ་ལས་མི་འདུག་ཨང་།   །

 

སྒོ་ཡོན།

༢༠༡༦.༠༦.༡༨ཉིན།

3 thoughts on “བོད་ཀྱི་སྐད་ཡིག་ཉམས་པར་ལོ་བཅུ་དྲུག་ལས་མི་འདུག

  1. དཀོན་ཅོག

    ཡ་མཚན་ཡ་གང་ཡང་མི་འདུག བོད་ཀྱི་སྐད་ཡིག་ནི་ཉིན་རེ་རེ་བཞིན་ཉམས་དང་ཉམས་བཞིན་པ་རེད། རྒྱུ་མཚན་ནི་མི་རིགས་རང་ཉིད་ཀྱི་བཀོད་སྤྱོད་མ་བྱེད་པའི་རྐྱེན་རེད།

  2. དམེ

    དེས་ན་རང་མི་རིགས་ལ་ཤ་ཅུང་ཙམ་རེ་ཚ་ན་བོད་ཡིག་བོད་སྐད་རྒྱུན་དུ་བཀོད་སྤྱོད་ཀྱིས། ཁྱོད་ཀྱིས་རྐང་ཚུགས་གདོང་བཙན་གྱིས་རྒྱུན་དུ་སྤྱོད་་ཚེ་བོད་མི་བཞན་ལ་ཤུགས་རྐྱེན་བཟང་བོ་ཐེབས་ངེས་ཁོ་ཐག་ཡིན། ངའི་གྲོགས་པོ་ཞིག་གི་དགའ་མ་ནི་རྒྱ་མོ་ཏག་ཏག་ཅིག་རེད། གཞན་གྱིས་ཁོ་ལ་མ་འོངས་པར་ཁྱོད་དང་ཁྱོའི་བུ་ཕྲུག་དག་རྒྱ་མི་ལ་འགྱུར་ངེས་ཟེར་ནས་དགོད་སློངས་། ལོ་འགའ་རྗེས་སུ་དེ་ལས་ལྡོག་ཏེ་རྒྱ་མོ་དེ་བོད་པ་རྐྱང་རྐྱང་ཞིག་དུ་གྱུར་སོང་། ཧ་ཧ་ཧ་ཧ་་་་་་

  3. འབྲོང་ཁེར་འགྲོ

    བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ན་ང་ཚོས་འུར་ཆེན་པོ་བརྒྱབ་པས་མི་ཕན། དེ་བས་རྨང་གཞིའི་སློབ་གསོ་སྐོར་གྱི་དེབ་བསྡུ་སྒྲིག་ལ་སོགས་པ་བྱས་ནས་རྨང་གཞིའི་སློབ་གསོའི་སྐོར་ལ་ཤུགས་རྒྱག་རྒྱུ་དེ་རེད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།