ལ་རྒྱ་ནི་ཁ་གཡང་ཙམ་གྱིས་འགྲུབ་བམ།

14-151111164Q4L9

རྣོ་སྦྲེང་།

དྲ་སྦྲེལ་གྱི་དུས་རབས་ནི། སྟབས་ལེགས་ན་ཕག་ལ་ཡང་གཤོག་པ་ཐོགས་ཏེ་བར་སྣང་ལ་འཕུར་ཐུབ་པའི་དུས་རབས་ཤིག་ཡིན་ཞེས་ཀུན་གྱིས་བཤད་ལ། དངོས་གནས་ཕག་གཤོག་ཐོགས་དང་གླང་ཁྲི་འདུག ཝ་གོས་གྱོན་གྱིས་རང་རེའི་སྤྱི་ཚོགས་སུ་ཡང་གོས་སྣུམ་གྱིས་ཟས་པ་བཞིན་བཀང་ཡོད། དེ་ལ་ཐབས་ཅི་ཡོད། ད་ལྟའི་སྤྱི་ཚོགས་ཧྲིལ་བོའི་ངོ་གདོང་རེད་པས། སྐད་ཆ་རེ་གཉིས་ཀྱིས་མི་འདོད་ཚུལ་བཤད་པ་དང་སྡིགས་དམོད་བོར་བ་ཙམ་གྱིས་ཁད་ཀྱིས་གཞོམས་འགྲོ་བ་ཞིག་ག་ལ་ཡིན།

ཁོ་བོས་སྔོན་ཆད་ཅིག་ལ་བཤད་མྱོང་བ་བཞིན། དྲ་སྦྲེལ་གྱི་དུས་རབས་འདི་ནི། “དོན”འུར་གྱིས་མི་སྤེལ་བར་“འུར”འུར་གྱིས་སྤེལ་བའི་དུས་རབས་ཤིག་ཡིན་པ་དང་། ཁ་གཡང་དང་ལག་ལེན་གཉིས་ལས་ཁ་གཡང་འགངས་སུ་བརྩི་བའི་དུས་རབས་ཤིག་རེད། དེ་ནི་བར་སྐབས་ཤིག་གི་མི་རྣམས་ལ་ལེགས་ཉེས་བླང་དོར་འབྱེད་བྱེད་པའི་བློ་མིག་ལྡོངས་པ་དང་། དོགས་སློང་དང་དཔྱོད་ཤེས་ལ་བར་ཐག་བཀྱེད་དེ། རི་བོང་ཅལ་འདྲོགས་ཀྱི་ལམ་བུ་ལ་ཐད་ཀར་འཇུག་རྐྱང་བྱེད་པས་ཅི་ལ་མིན་ཏེ་ཡིན་ནོ།།

ང་ཚོ་སུ་ལ་ཐུག་ན་ཡང་རིགས་ཞེན་ཡོད་མདོག་ཁ་བོ་སྟོན། ལ་རྒྱ་ཆེ་མདོག་ཅན་པོ་མངོན། དེ་ནི་རང་ཉིད་ལ་རུས་པ་སྲ་མོ་ཞིག་ཡོད་ཅན་པོ་ཡིན་སྲིད། སྤྱིར་ན་རིགས་ཞེན་ཡོད་པ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་མོད། རིགས་ཞེན་ནི་ཁ་གཡང་དང་ཚོར་ཤེས་ཙམ་གྱིས་འགྲུབ་པ་ཞིག་ག་ལ་ཡིན། དཔེར་ན། རྒྱ་མི་མང་པོས་ནམ་ནམ་ཞར་ཞར་ཉི་ཧོང་བ་ལ་(小日本)ཉི་ཕྲུག་ཅེས་འབོད་པ་དང་གཅིག་མཚུངས་རེད། ཚོར་ཤེས་ཀྱི་ངོས་ནས་ཉི་ཕྲུག་དང་སྐྱག་ཕྲུག་ཅེས་མར་བཞད་ཀྱིས་བཅད། རྐང་འོག་ཏུ་བརྫིས་ཡོད་ན་ཡང་། དོན་དམ་དུ། རྒྱ་ནག་གི་ཁྲོམ་ར་རུ་ཉི་ཧོང་གི་ཐོན་རྫས་ཀྱིས་ཁྱབ་ཡོད་པ་དང་། ཁོ་ཚོས་(小日本)ཉི་ཕྲུག་ཏུ་འབོད་པའི་ཐོན་རྫས་སྣ་ཚོགས་རང་གི་འཚོ་བའི་ཁྲོད་དུ་ཨེན་ཙམ་ལ་ཡང་ཁ་འབྲལ་གྱིན་མེད་པ་དེས་ཅི་ཞིག་མཚོན་ནམ།

དེས་ནི་ཀྲུང་གོ་བའི་ཐོན་རྫས་ཉི་ཧོང་གི་ཐོན་རྫས་ཀྱི་ཁ་ཡ་དོ་ཡ་མ་ཡོང་བ་མཚོན་རེད། དེས་ནི་དཔྱོད་ཤེས་ཀྱི་ལམ་ནས་དཔག་ཚེ་ཉི་ཧོང་བ་ཆེན་པོ་ལས་ཆུང་ཆུང་མིན་པ་མཚོན་རེད། ཉོ་འཚོང་གི་ངོས་ནས་བཤད་ན་མི་རེ་རེ་ནི་མཛད་སྤྱོད་པ་རེ་རེ་ཡིན། མཛད་སྤྱོད་པ་ཞིག་གི་ངོས་ནས་བཤད་ན། ཐོན་རྫས་སྤུས་དག་དང་སྟབས་བདེ། ཉེར་མཁོ་ཡི་རིགས་བདམས་རྒྱུ་ནི་མ་མཐའི་འདོད་པ་རེད། གནས་བབ་འདི་འདྲ་ཞིག་གི་འོག་ཏུ་ང་ལ་རིགས་ཞེན་ཡོད་ཅེས་རང་གི་དངོས་པོ་སྤུས་ཞན་ཉོ་བའམ་གཞན་གྱི་ཐོན་རྫས་སྤུས་དག་འདེམ། བར་གླགས་འདིར་ངེས་པ་དོན་གྱིས་ལ་རྒྱ་རྩོད་མཁན་ཞིག་ཡིན་ཚེ་རིགས་ཞེན་ཙམ་གྱིས་རང་གི་དངོས་རྫས་སྤུས་ཞན་བཀོལ་ལམ། སློབ་སྦྱོང་དང་འབད་འབུངས་སྣ་ཚོགས་ལ་བསྟེན་ནས་རང་གི་ཐོན་རྫས་སྤུས་གཙང་ཅན་དུ་བསྒྱུར་བར་གལ། དོན་དམ་གྱི་ལ་རྒྱ་གང་ཡིན་སོ་སོས་སོམས།

དེ་ལྟར་ཉིན་རྒྱུན་ལག་ནས་གཞན་གྱི་ཐོན་རྫས་སྣ་ཚོགས་བཀོལ་བཞིན་ངག་ནས་གཞན་ལ་ཆུང་ཆུང་དང་ཕྲུ་གུ་ཅེས་བརྗོད་ན་དཔྱོད་ཤེས་དང་གཏན་ཚིགས་ཀྱིས་ཅི་ལྟར་འགྲེལ། དེའི་ཕྱིར། རང་ཉིད་ཆེན་པོ་དང་གཞན་ཉིད་ཆུང་ངུ་ཆགས་དགོས་ན་ལག་ལེན་གྱི་སྒང་ནས་གསལ་བཤད་གནང་དགོས་པ་རེད། ནམ་ཞིག་ཀྲུང་གོ་བའི་ཐོན་རྫས་སྤུས་ལེགས་སྣ་ཚོགས་བཏོན་ཏེ་ཉི་ཧོང་བའི་ཐོན་རྫས་ཀྱི་སྔུན་ལ་ཤོར་ཚེ། ད་གཟོད་ཏག་ཏག་ཁྱེད་རང་ཆེན་པོ་ཆགས་སོང་བ་རེད་དེ། གཞན་ལ་ཆུང་ངུ་ཕྲུ་གུ་ཅེས་བརྗོད་ན་ཡང་། དགེ་ཆོས་ལགས་ཀྱི་སྐད་ཆ་ཞིག་གིས་བཤད་ན། ང་རྒྱལ་དེ་ནི་དོན་གྱི་ང་རྒྱལ་ཡིན་པ་རེད།

དེའི་ཕྱིར། ཕོ་ཁྱོ་ཀ་ཞིག་ཡིན་ཕྱིན་དཔྱོད་ཤེས་དང་ལག་ལེན་གྱི་སྒང་ནས་ཞིབ་བསྡུར་བྱེད་པ་ལས། ཚོར་ཤེས་ཀྱིས་སྡིགས་དམོད་བོར་བ་ཙམ་གྱིས་རང་ཉིད་ཆེན་པོ་ཡིན་པ་དང་བླ་མེད་ཡིན་ཞེས་ཨུ་ཚུགས་ཅི་ལྟར་རྒྱབ་ཀྱང་ཕན་པ་ཡོད་མ་རེད།

དེ་དག་ནི་འཕྲོས་བཤད་རེད་དེ། བྱེ་བྲག་ཏུ་བབས་ན། འོ་སྐོལ་ཚང་གི་སྡེ་རུ་ཡང་ནད་ཡམས་ཤིག་འགོས་ཡོད་དེ། བོད་པ་རང་གི་རིག་གནས་དང་གོམས་སྲོལ། སྲོལ་རྒྱུན་ལས། གཞན་གྱི་རིག་གནས་དང་གོམས་སྲོལ་སོགས་ནམ་ཡང་ཆུང་ཆུང་ཞིག་ལ་བརྩི། དོན་དམ་དུ། གཞན་གྱི་ཡོད་ཚད་ཧྲིལ་གྱིས་ལེན་དགོས་ཟེར་བའི་དོན་མིན་ཡང་། གཞན་གྱི་ལེགས་ཆ་ལ་ངེས་པར་དུ་སློབ་སྦྱོང་དང་བརྩི་བཀུར་བྱེད་དགོས་པ་རེད། དཔེར་ན། རང་རེའི་མི་མང་པོ་ཞིག་གིས་ཀྱང་རྒྱ་ཕྲུག་ཅེས་འབོད་པ་རེད། ལག་ལེན་གྱི་སྒང་ནས་ང་ཚོས་ཐོན་རྫས་ཤིག་གསར་གཏོད་བྱེད་དགོས་ན་འདྲ། ལས་ཀ་གང་ཞིག་བྱས་ན་ཡང་རྒྱ་མིའི་རྗེས་སུ་ཆོད་པ་མ་རེད། དེའི་ཕྱིར་ང་ཚོས་རྒྱ་ཕྲུག་ཅེས་འབོད་པ་ནི་རྒྱ་མིས་ཉི་ཧོང་བ་ལ་ཉི་ཕྲུག་ཅེས་འབོད་པའི་རིགས་པ་དང་གཅིག་མཚུངས་ཡིན་པས། ལག་ལེན་དང་དངོས་ཡོད་ཀྱི་སྒང་ནས། ང་ཚོ་ཅི་ལྟར་ཆེན་པོ་ཆགས་དགོས་སམ། ང་ཚོ་ལ་སྲོལ་རྒྱུན་རིག་གནས་ཧ་ལས་པ་ཞིག་ཡོད་ཟེར་རྒྱུ་ཡིན་ནམ། ང་ཚོ་ལ་མེས་པོ་ཉི་ཟླ་ལྟ་བུ་བྱོན་མྱོང་ཟེར་རམ། དྲང་མོར་བཤད་ན། རྒྱལ་ཁབ་གང་དང་མི་རིགས་སུ་ཞིག་ལ་རང་གི་སྲོལ་རྒྱུན་རིག་གནས་མེད་དམ། མེས་པོ་ཉི་ཟླ་ལྟ་བུ་བྱོན་མ་མྱོང་ངམ། རང་རང་གི་ལུགས་ལ་རང་རང་དབུ་མ་བ་ཟེར་བ་བཞིན། སོ་སོའི་སྣང་ཡུལ་ལ་སོ་སོའི་སྲོལ་རྒྱུན་དང་རིག་གནས། མེས་པོ་ཟླ་མེད་ཉི་ཟླ་ལྟ་བུ་ཡིན་པ་རེད། དེས་ན་ང་ཚོས་ལབ་ཅི་ལྟར་རྒྱག་གམ། ང་ཚོ་ལ་མི་གཤིས་ལེགས་པོ་ཞིག་དང་སེམས་པ་བཟང་བོ་ཞིག་ཡོད་ཟེར་རམ། དེ་ཡང་སུས་ཟེར་མི་ཤེས།

དེ་ལྟ་ན། ང་ཚོས་ཚོར་ཤེས་ཁོ་ནའི་ལམ་ནས་རིགས་ཞེན་དང་ལ་རྒྱ་བཤད་ནས་མི་འདུག་པར། ལག་ལེན་དང་དཔྱོད་ཤེས་ཀྱི་ལམ་ནས་རང་གི་རིག་གནས་རྒྱུན་སྐྱོང་དང་དར་སྤེལ་གཏོང་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ལ་དོན་གྱི་ལ་རྒྱ་ཡང་ཡིན་ནོ།།

2016.11.2ཞོགས་ཀར་གནའ་མཁར་ཟི་ལིང་གི་རང་ཁྱིམ་ཉི་འོད་འཁྱིལ་བའི་ལྡིངས་ཁང་ནས་ཤར་མར་སྤེལ་བའོ།

3 thoughts on “ལ་རྒྱ་ནི་ཁ་གཡང་ཙམ་གྱིས་འགྲུབ་བམ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།