ལུས་སེམས་ལ་འཐམ་པའི་འགན་སེམས།

བོད་སྐད་བཤད།

ང་རང་ཆུང་དུས་སློབ་སྦྱོང་ལ་དེ་འདྲའི་དགའ་མོས་མེད།སློབ་གྲོགས་ཚོས་རྒྱ་བོད་རྩིས་རིག་གི་སྦྱོང་དེབ་ཐོགས་ཏེ་སློབ་ཁང་དུ་བརྩོན་འགྲུས་བསྐྱེད་དུས།ང་རང་དུས་རྒྱུན་སློབ་བྱོལ་དུ་སོང་ནས་རི་ལུང་ཐང་གསུམ་དུ་རོལ་རྩེད་དང་གྲོང་པ་ཚོའི་སྒེའུ་ཤེལ་བཅག་སྟེ།དགེ་སློབ་དང་སྡེ་མི་ཀུན་གྱི་དམོན་འདོར་སར་གྱུར་བའི་བྱིས་པ་པྲ་ཆལ་ཞིག་ཡིན།

སློབ་ཆུང་དུ་ཡོད་དུས།ང་ད་རུང་སློབ་གྲོགས་གཞན་གྱི་ཅ་ལག་བརྐུ་མཁན་ཞིག་ཡིན་རྐྱེན།སྐབས་ཤིག་ལ་ཐོན་དུས།དངོས་པོ་མང་པོ་ཞིག་ངས་མ་བརྐུས་ཀྱང་ངའི་མགོར་ལྷུང་གིན་ཡོད་པས།ང་རང་སློབ་གྲྭ་ལ་འགྲོ་རྒྱུར་ཤིན་ཏུ་སུན་སྣང་སྐྱེས་པ་ཡིན།དེའི་ཕྱིར།སློབ་ཆུང་མཐར་ཕྱིན་དུས།ཁྱིམ་ཚང་གང་བོས་ང་ལ་རྫོང་སློབ་འབྲིང་དུ་ཕྱིན་དགོས་པའི་བསྐུལ་བ་གནང་མོད།ངས་ཞོར་ལས་སུ་སོང་ནས་ཆད་པ་སྤྲོད་དགོས་རུང་མི་འགྲོ་ཞེས་རེ་ཞིག་ཁས་མ་བླང་།

རེད་དེ།ཁྲིམས་ཀྱི་ལྕག་ཚན་བསྟན་ན་མ་གཞུས་རུང་ལུས་སེམས་གཉོམ་པའི་དཔེ་ལྟར།ཉིན་ཞིག་ཤོག་དཔོན་ཐོན་ཏེ་ཁྱིམ་མི་ཚོར་ཆད་པའི་སྐོར་ནས་སྐད་ཆ་མང་པོ་ཞིག་ལབ་པའི་རྐྱེན་དང་།དེའི་ཁར་ང་རང་འབྲོག་ནས་བསྡད་ན་མི་ལྷག་ཅིག་དང་།སྣོད་དུ་བཞག་ན་ཟས་ལྷག་ཅིག་ཡིན་པའི་རྒྱུ་རྐྱེན་གང་མང་འདུས་ཏེ།མཇུག་མཐར་ཐབས་ཟད་འུ་ཐུག་ནས་རྫོང་སློབ་འབྲིང་དུ་ཕྱིན་དགོས་བྱུང་།

ང་ཚོ་སྡེ་བ་ནས་རྫོང་དུ་ལམ་ལ་ཆས་དུས།ཕྱི་དྲོའི་དུས་ཚོད་ལྔ་ལྷག་ལ་ཐོན་འདུག་པས།ཀྱག་ཀྱོག་དང་འབུར་ཀོང་གི་ལམ་ཐག་རིང་པོ་ཞིག་བརྒྱུད་མཐར།གཞི་ནས་རྫོང་ལ་འབྱོར་དུས་སྔ་ས་ནས་མུན་རུབ་ཟིན་མོད།ཁོད་ཡངས་བའི་མུན་ནག་ནས་ཁྲ་ཆི་ལེར་གསལ་བའི་གློག་འོད་མང་པོ་སྐར་ཚོགས་བཞིན་བཀྲ་འདུག་པས།ངའི་སྐྱོ་གདུང་གིས་གང་བའི་སེམས་པ་ལ་གཟི་འོད་ཀྱི་དྲོད་ཚོར་ཉུང་ཙམ་བསླངས་སོང་།

ངས་ད་ལྟ་ཡང་འདི་ལྟར་བསམ་གྱིན་ཡོད།དམིགས་ཡུལ་མེད་པའི་མི་ཚེ་ནི་བདེ་སྐྱིད་ལ་རྒྱང་ནས་བལྟ་ནས་བ་ལས།དེ་ཉིད་ལོངས་སུ་ནམ་ཡང་སྤྱོད་ཐུབ་མེད།དེའི་ཕྱིར།སློབ་འབྲིང་ལོ་གཉིས་ཁ་ལྷག་གི་འཚོ་བ་ནི།ལན་རེར་སྨུག་པས་བཏུམ་པའི་རྨི་ལམ་བཞིན་དང་།ལན་རེེར།ཁྱི་སྨྱོན་གྱི་མགོ་ལ་དབྱུག་པས་གཞུས་པའི་སྣང་ཚུལ་བཞིན།ཡང་ལན་རེར།རྐང་འོག་གི་བགྲོད་ལམ་ཡང་ནེམ་ནེམ་དུ་ཡོད་པའི་འདམ་རྫབ་ལྟར།ང་རང་དམིགས་ཡུལ་དང་འཆར་གཞི་ཅིའང་མེད་པར།སློབ་སྦྱོང་གི་གོ་རིམ་དེ་དག་ལ་རྒྱབ་འགལ་མ་ཕོད་པ་ཙམ་གྱིས་འདས་སོང་།

ད་ལྟ་ཕྱིར་འདང་ཞིག་བྱས་ན།ངས་འཕྲོ་བརླག་ཏུ་བཏང་བའི་དུས་ཚོད་ནི་ཤིན་ཏུ་མང་དྲགས་འདུག མི་ལོ་བཅོ་ལྔ་བཅུ་དྲུག་ཅིག་འབྲི་ཀློག་ཤེས་པ་ཙམ་གྱི་བར་གསེང་ནས་མྱུར་གྱིས་རྫོགས་སོང་།

སློབ་འབྲིང་ནས་མཐར་ཕྱིན་ལ་ཇེ་ཉེ་ཡིན་དུས།ང་ནི་སློབ་གླིང་དེ་ལས་ཐོབ་པ་ཅིའང་མེད་པའི་རང་ཉིད་ལ་ཡི་ཐང་ཆད་ཞོར།མགྱོགས་དང་མྱུར་གྱིས་མལ་ཐུལ་ཁུར་ནས་ས་ཆ་ག་ཤེད་ཅིག་ཏུ་འགྲོ་དགོས་བསམ་པའི་ཚོར་བ་དྲག་ཏུ་འཕྱུར་བྱུང་།སློབ་གླིང་འདི་ནས།ངས་རང་ཉིད་འཚོལ་དགོས་མ་བསམ་ལ་རྙེད་ཀྱང་མ་ཐུབ།

ངས་རང་ཉིད་ཀྱི་མདུན་ལམ་ལ་བསམ་བློ་ཅུང་ཙམ་བཏང་ཚེ།གྲྭ་བ་བྱ་རྒྱུ་ནི་ང་ལ་མཚོན་ན་ཆེས་སླ་བའི་གདམ་ཀ་ཞིག་ཡིན་པས།རང་ལ་སྙིང་ལྟར་གཅེས་པའི་སྤོ་བོ་ལ་དེ་ལྟར་བྱ་དགོས་པའི་རེ་ཞུ་ཡང་ཡང་བརྒྱབ་མོད།བར་ཆད་དུ་གྱུར་བའི་ཙག་ཙིག་གི་བྱ་བ་མང་པོས་ང་རང་ཡང་བསྐྱར་སློབ་གྲྭར་བརྫངས་སོང་།

ཡིན་ནའང་།ད་ཐེངས་ནི་རང་གི་འདོད་པ་ལྟར་བདམས་པའི་བོད་ཡིག་སློབ་འབྲིང་ཞིག་ཡིན་པས།སེམས་ཀྱི་གཏིང་ས་ནས་སློབ་གྲྭ་དེ་རང་ཤུགས་ཀྱིས་དང་ལེན་བྱས་ཟིན་རྐྱེན།ཆ་རྐྱེན་ཐབས་རྡུགས་དང་ས་གནས་མཐའ་འཁོབ་བམ་སྡེ་བ་ཞིག་དང་འདྲ་བའི་གྲོང་རྡལ་ཞིག་ཏུ་གནས་ཆགས་ཡོད་མོད།ངས་ནི་ཆུང་དུས་ནས་ད་བར།དེ་འདྲའི་ཡིད་འོང་གི་སློབ་གྲྭ་ཞིག་མཐོང་མ་སོང་བས།མཚམས་དང་མཚམས་སུ་སློབ་གྲོགས་ཚོ་མེད་པའི་གནས་དག་ཏུ།ང་རང་བཅོས་མིན་གྱི་ཁེར་དགོད་གྲངས་མང་བྱས་མྱངས།

མི་ཚེ་འདིར།ཀུན་གྱིས་འགྲེལ་ཐབས་མེད་པའི་དོན་དག་མང་པོ་ཞིག་ལ་ལས་དབང་ཞེས་བརྗོད་ཀྱིན་ཡོད་པས།ངས་ཀྱང་དེ་ནི་ལས་དབང་གི་བཀོད་བསྒྲིགས་རེད་བརྗོད་པ་ལས།དེ་ལ་དེ་མིན་ཤིན་ཏུ་འོས་འཚམ་གྱི་འགྲེལ་སྟངས་གཞན་ཞིག་ད་བར་རྙེད་མ་བྱུང་།རྒྱུ་མཚན་ག་རེ་ཞེ་ན།སློབ་གླིང་དེ་ནས་ང་ལ་དྲིན་ཆེ་བའི་རླབས་ཆེན་གྱི་དགེ་རྒན་མང་པོར་འཕྲད་པའི་ནང་ནས།ང་ཚོའི་བོད་ཡིག་དགེ་རྒན་སྟེ།མཚན་དུ་རོང་ཤུལ་དེ་བཞིན་གཤེགས་པར་འབོད་པའི་དགེ་རྒན་ཞིག་སྔོན་ལས་བཟང་པོས་ངོ་ཤེས་བྱུང་།

ལོ་དང་ཟླ་བ་སྦྲེལ་ནས་དུས་ཚོད་མང་པོ་ཞིག་རྫོགས་སོང་མོད།ངས་དུས་རྒྱུན་དུ་དགེ་རྒན་དེའི་དྲིན་ལན་ནམ་ཡང་མཇལ་དཀའ་བར་འདོད་ཀྱིན་ཡོད།མི་ཚེ་འཕྲོ་བརླག་གི་ཁྲོད་ནས་ཟག་གིན་པའི་དུས་སྐབས་དེར།ངས་གཞི་ནས་ང་རང་མི་ཚེ་འདིར་ཅིའི་ཕྱིར་དུ་གསོན་དགོས་པ་རྟོགས།ཡང་ན།མི་ཚེ་སུན་སྣང་གིས་འགེམ་གྱིན་པའི་གནད་འགག་དེར།ངས་དགེ་རྒན་དེའི་གསུང་བཤད་ཀྱི་ཁྲོད་ནས།སློབ་སྦྱོང་བྱེད་པ་ནི་མ་གཞི་སྤྲོ་བའི་ལས་ཤིག་ཡིན་པའང་ཤེས་ཚོར་བྱུང་།

དགེན་ལགས་ཀྱིས་དུས་རྒྱུན་དུ་ང་ཚོར་བོད་པ་གླེང་ལ།བོད་པའི་སྐྱིད་སྡུག་འཆད།ད་རུང་ང་ཚོ་སྟེ།རོལ་རྩེད་ལས་དོན་དུ་མི་བརྩི་བའི་སློབ་བུ་སྐོར་ཞིག་ལ།མི་རིགས་ཀྱི་འདུ་ཤེས་སྐྱེས་སུ་བཞག་ལ།ཆེ་རུ་སོན་དུས་བོད་མི་རིགས་ལ་ཞབས་ཞུ་གནང་དགོས་པའི་སློབ་གསོ་ཡང་བཏང་།ཁོང་གིས་ནམ་རྒྱུན།ཡང་ན་ངའི་དྲན་པའི་ངོས་སུ་ཤར་བའི་ཚོགས་ཐུན་རེ་རེ་ནས་རེ་རེ་སྤྱད་དེ།འདས་པའི་ལོ་རྒྱུས་ཀྱི་འཕེལ་འགྲིབ་གླེང་ཞོར།ད་ལྟའི་འཚོ་བ་ཡི་གནས་བབ་བཤད་ཞོར།མ་འོངས་ཁ་ཕྱོགས་ཀྱི་འཆར་གཞི་འགོད་ཞོར།ལུས་སེམས་གཉིས་ཀ་ཡང་ཚ་བེར་བེར་དུ་གཏོང་བའི་སློབ་ཁྲིད་གནང་།གཏམ་བཤད་བྱེད།སློབ་གསོ་གནང་།

དུས་དེ་ནས་བཟུང་།ངས་རང་གི་མི་ཚེ་འདི་བོད་མི་རིགས་ཞེས་པ་འདིའི་དོན་དུ་འབུལ་རྒྱུའི་དམ་བཅའ་བྱས་པ་ཡིན་ལ།འདས་ཟིན་པའི་ཡབ་མེས་ཚོའི་རལ་བ་ཐོགས་ཏེ་བོད་མི་སྲ་ཚུགས་ཅན་ཞིག་བྱ་རྒྱུའི་ཐག་གཅོད་བྱས།

ལོ་འདི་དག་གི་རིང་ལ།ངས་ཞག་མ་དང་ཞག་མ་བརྒལ་ཞིང་ཟླ་བ་དང་ཟླ་བ་དེད་ནས་དགེན་ལགས་ཀྱིས་གསུང་བའི་དོན་གཅིག་ཅི་ནུས་ཀྱིས་ཨེ་འཁྱོངས་བལྟས་པ་ཡིན།ངས་དོན་དག་འདིས་རང་གི་མདུན་ལམ་ལ་རོགས་གདན་རྒྱ་ཆེར་བྱེད་པའི་ཡིད་ཆེས་སྲ་བརྟན་བཅངས་ཡོད།འོན་ཀྱང་།ལན་རེར།འོས་འགན་ནི་མི་སེམས་ཐུར་དུ་གཅོག་པའི་ས་ཡོམ་བཞིན།ང་རང་བྱ་བ་སྣ་ཚོགས་ཤིག་གི་བར་གསེང་ནས།ཤེད་ཀྱིས་མི་འདང་བའི་འདྲུད་འཐེན་འཁོར་ལོ་ཞིག་དང་འདྲ་བར།དཀན་གཟར་གྱི་རི་ངོས་ལས་འགྱེལ་ལྡོག་མང་པོ་ཁུར་དགོས་བྱུང་།

དེའི་ཕྱིར་ན།ངས་དུས་རྒྱུན་འདི་ལྟར་བསམ་གྱིན་ཡོད།ང་ཚོ་བོད་མི་རིགས་ཀྱི་མི་ཀུན་ཁ་ཕྱོགས་གཅིག་ཏུ་འཁོར་ནས་མདུན་བསྐྱོད་བྱས་ན།མང་པོ་གཅིག་ཏུ་བློ་མཐུན་ན།ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ་ཞེས་པའི་དཔེ་ལྟར།རྒུད་དུ་གྱུར་བའི་བྱེ་ཐང་ལ།གསོན་ཉམས་ཀྱི་ལྗང་མྱུག་སྟོབས་མྱུར་གྱིས་འབུས་ཁོ་ཐག་ཡིན།

དཔེར་ན།རྩོམ་འབྲི་བའི་ཁོར་ཡུག་ཆུང་ཆུང་འདི་ནས་བཤད་ན།རྩོམ་རིག་གི་དམིགས་ཡུལ་ལམ་ནུས་པ་དེ་བོད་མི་རིགས་ཀྱི་སྐྱིད་སྡུག་གཙོ་བོ་མཚོན་པའི་ཁ་ཕྱོགས་སུ་འགྲོ་དགོས།སྙན་ངག་པ་ཞིག་ཡིན་ན།རི་ཆུ་ལ་ལུང་ལ་བསྟོད་པ་ཙམ་མ་ཡིན་པར།བོད་མིའི་དོན་དངོས་གནས་ཚུལ་སྙན་ངག་གི་ལམ་ནས་འདོན་ཐུབ་དགོས།དེ་བཞིན་ལྷུག་རྩོམ་མཁན།སྒྲུང་འབྲི་བ་སོགས་ཀུན་གྱིས་དེ་ལྟར་བྱེད་དགོས་པར་སྙམ་གྱིན་ཡོད།

དེ་མིན་གལ་ཏེ་ཁྲུང་ཁྲུང་སོགས་ཀྱིས་ཤིང་རྟ་དྲུད་པ་ལྟར།རང་འདོད་ཨུ་ཚུགས་ཀྱིས་བསྐྱངས་བ་དང་།སྤྲེའུའི་ཚོགས་ཀྱིས་ཁྲོན་པ་ནས་ཟླ་བ་བླང་པའི་དཔེ་ལྟར།དོ་གཅིག་ཏུ་བསྒྲིལ་རུང་དམིགས་ཡུལ་ནོར་ན།ཤིང་རྟ་འགས་འཐོར་དུ་འགྲོ་ལ།ཟླ་བ་མཐོང་མེད་དུ་ཡལ་བ་ཀུན་ལ་རང་ངོ་བཞིན་དུ་གསལ་ན་ལེགས།

བསམ་པ་དེ་འདྲ་ཞིག་གི་དབང་གིས།ངས་བྲིས་བྲིས་ཐམས་ཅད་ནི་མི་རིགས་འདི་ལ་སྐྱོན་བརྗོད་དང་དགག་སྒྲུབ།ཟུར་ཟ།སུན་འབྱིན་སོགས་ཀྱི་ནང་དོན་ལྡན་པའི་རྩོམ་ཡིག་དག་དག་ཡིན་པས།དེ་ལ་སྒྱུ་རྩལ་གྱི་ཆ་ཤས་མ་མཆིས་ལ།མཛེས་སྡུག་གི་འགྱུར་ཁུག་དབེན།ཐ་ན་བསམ་གཞིག་རྣལ་མ་རེ་གཏོང་དུས།ང་ནི་ལས་བདའ་བྱེད་མཁན་ཞིག་དང་སྡུག་བཤད་བྱེད་མཁན།འཁོན་ཁ་འདྲེན་པའི་རྒན་མོ་ལོ་ལོན་ཞིག་དང་ཤིན་ཏུ་མཚུངས་མོད།ངས་གླུ་དབྱངས་དང་འདྲ་བའི་སྙན་ངག་དང་གཙང་བོ་དང་འདྲ་བའི་ལྷུག་རྩོམ།བང་སོ་དང་མཚུངས་བའི་སྒྲུང་གཏམ་སོགས་དུས་ནམ་ཡང་འཁྱོངས་ཀྱིན་མེད་ལ།ཨེ་འཁྱོངས་ཀྱང་བསམ་མ་མྱོང་།

ང་རྒྱ་ནག་གི་ལོའུ་ཞིན༼鲁迅༽ཞེས་པའི་བསམ་བློ་བ་དེར་ཤིན་ཏུ་དགའ།ཁོང་གིས་བྲིས་པའི་འབོལ་རྩོམ་དང་སྒྲུང་གཏམ་སོགས་གང་ཡིན་རུང་།མི་རིགས་ཧྲིལ་བོའི་རྣམ་ཤེས་སྒུལ་བའི་བདེ་སྡུག་ཐོད་དུ་བླང་ནས་གླེང་ཡོད་པས།ང་དུས་དང་དུས་སུ།སྒལ་ཚུགས་ཅན་གྱི་མི་བུ་ཁོང་དང་འདྲ་ལ།རང་ཉིད་ཡིན་པའི་མི་བུ་ཞིག་བཅའ་འདོད་ཡོད།

དེའི་རྐྱེན་གྱིས།ངའི་ཁ་ཕྱོགས་དང་བྱེད་ཐབས་དེ་འདྲ་ཞིག་ཡིན་པས།མི་རིགས་ཀྱི་འཚོ་བའམ་སྐྱིད་སྡུག་གླེང་མི་ཐུབ་པའི་རྩོམ་རིག་ནི་དུས་ཚོད་འཁྱོལ་ཐུབ་ཀྱི་ཉོག་གཏམ་ཞིག་ལས།མིའི་རིགས་ཀྱི་བརྩི་མཐོང་ཐོབ་ཞིང་ལོ་རྒྱུས་ཀྱི་རྡོ་རིང་དུ་ནམ་ཡང་བགྲང་ཐུབ་མེད་པར་འདོད་ཀྱིན་ཡོད།

འདི་ལྟར་བསམ་བློ་གཏོང་དུས།ངས་ནི་རང་གི་ལྟ་ཚུལ་གུ་དོག་གིན་ཡོད་པ་རྟོགས་མོད།མི་རིགས་ཤིག་གནད་འགག་གི་དུས་སྐབས་ལ་ཐུག་དུས།ཆེན་པོ་ཞིག་བྱེད་ཀྱིན་ཡོད་པར་འདོད་ཀྱང་རིགས་འདིའི་འཕེལ་འགྲིབ་ལ་བློ་སེམས་ཉག་ཙམ་ཡང་མ་འཁོར་ན།མི་དེ་ནི་རིགས་འདི་ལ་མཚོན་ན་མི་ལྷག་ཅུག་དང་མཁོ་མེད་ཅིག ནུས་མེད་ཅིག ཐབས་རྡུགས་ཤིག་ཏུ་འདོད་ཀྱིན་ཡོད།མི་དེ་དག་གི་ནང་དུ་བླ་སྤྲུལ་དང་མཁན་པོ།གྲྭ་བ།དཔོན་པོ།སྤྲང་པོ།འབྲོག་པ།རོང་བ།སློབ་མ།དགེ་རྒན།ཕོ་མོ།རྒན་གཞོན་སོགས་གང་ཡོད་རུང་།ནམ་ཡང་།ཡང་ན་ནམ་ཞིག་ཁོ་ལ་རིགས་འདིར་ཕན་པའི་བསམ་སྤྱོད་ཅིག་མ་བྱུང་ཚེ།ཁོ་ཚོ་ནི་དུས་གཏན་དུ་བོད་མིའི་གད་སྙིགས་ཡིན།

མཐོན་པོ་གོ་ས་སྙེག་པའི་བླ་དཔོན་ཡིན་ཡང་ཆོག དམའ་མོ་འཚོ་ཚུས་སློང་བའི་སྤྲང་པོ་ཡིན་ཡང་བླ།སྡུག་པོ་གཞན་དངོས་རྐུ་བའི་རྐུན་མ་ཡིན་ཡང་འཐུས།ཐ་ཤལ་མི་སྲོག་ལེན་པའི་ལག་དམར་སོགས་གང་འདྲ་ཞིག་ཡིན་རུང་།མི་རིགས་ལ་བསམ་པ་དཀར་ཞིང་རིགས་ཞེན་གྱི་བྱ་བཞག་དེ་ལས་རྒྱུ་འབྲས་ཀྱི་ར་བ་ལས་མ་བརྒལ་ན།ཆེན་པོ་ཁོ་ཡིན་དང་།ཕྱུག་པོ་ང་ཡིན་འདོད་པའི་མི་ལྷག་དེ་དག་ལས།ལྡབ་འགྱུར་དང་བརྒྱ་འགྱུར་གྱིས་ཁོ་ཚོ་མི་རིགས་འདིའི་སྔོན་ཐོན་ཅན་གྱི་མི་ལ་བརྩི།

མི་དང་སྲོག་ཆགས་གང་འདྲ་ཞིག་ཡིན་རུང་།རང་གི་རིགས་ལ་གཅེས་ཤེས་ན་ནོར་བུ་དང་དེ་ལས་ལྡོག་ན་ས་རྡོ་དང་འདྲ་འདྲ་རེད།དེ་ཡོད་པས་གྲངས་ཀ་གཅིག་མང་དུ་བཏང་བ་ལས།ལས་ཀྱི་འགྲུབ་ཚད་ལ་སྐར་གང་གིས་ཀྱང་ཕན་པ་མེད་ན།སྔར་བཞིན་འདི་ལྟར་གླེང་དགོས་ཏེ།དེ་ནི་མི་རིགས་ཀྱི་གད་སྙིགས་དང་།མི་རིགས་ཀྱི་མི་ལྷག མི་རིགས་ཀྱི་གདོན་རྫས་རེད།

སྤྱི་ཚོགས་ཟེར་བའི་ཆུ་སྲིན་གྱི་ལྟོ་བ་འདིའི་ནང་ནས་ངས་གནས་ལུགས་ཤིག་རྟོགས་སོང་།མི་ཚེ་འདིར་རང་གིས་ཧུར་བརྩོན་ཞིག་མ་བྱས་ན།གཟུགས་མེད་ཀྱི་མཆེ་བ་མང་པོས་ཁྱེད་རང་འཆའ་བར་བྱ།དེ་དང་ནང་བཞིན།མི་རིགས་ཤིག་ལ་ཡར་འགྲེང་གི་འདུ་ཤེས་ཕྲན་ཙམ་ཡང་མེད་ན།མི་རིགས་དེ་ནི་དུས་གཏན་དུ།མི་རིགས་གཞན་པ་བགྲོད་སའི་རྡོ་སྐས་ལ་འགྱུར་ཞིང་།མི་རིགས་གཞན་པས་དོར་བའི་རྫོབ་ལུད་དང་མཉམ་དུ་འདུག་དགོས་འབྱུང་།དུས་ཚེ་ན།ཕས་མ་འཇོན་རབས།མས་མ་འཁྱོངས་རབས་ཀྱི་ཉོག་གཏམ་གྱིས་མི་ཚེ་འཁྱོལ་བ་ལས།ལས་བདའ་ཁྲི་དང་སྡུག་བཤད་འབུམ་གྱིས་ཁ་ཆུ་བསྐམས་རུང་།རྣ་བ་གཏེད་རུང་།ཀླད་པ་དཀྲུག་རུང་།སྙིང་ཤ་གཙུབ་རུང་ཡར་འགྲོའི་གོམ་སྟབས་སོར་ཙམ་ཡང་སྤོར་མི་ཐུབ།

དངོས་གནས་སྙིང་གཏམ་ཞིག་བཤད་ན།མ་ས་གསེར་གྱི་གཞུང་བ་ཡབ་མེས་ཀྱིས་དོར་མི་འདུག ཕ་ཆུ་གཡི་ཡི་མཚོ་མོ་ཡབ་མེས་ཀྱིས་བསྐམས་མི་འདུག

རིན་ཆེན་ཁྲ་ཡིས་ཀླན་པའི་སྲོལ་རྒྱུན་རིག་གནས་གཡུག་མི་འདུག དེས་ན།ང་ཚོ་སྟེ།བོད་མི་ཡི་རྒྱུད་འཛིན་དུ་གྱུར་བའི་ན་གཞོན་ཚོར་ལྟོས་དང་།མ་ས་རླུང་གིས་ཁུར་ན་སེར་སྣ་མེད་ཅིང་ཕ་ཆུ་ཉི་མས་བསྐམས་ན་ཕངས་པ་མེད་ལ།རང་སྐད་ཙག་གིས་ཁེངས་ན་འགྱོད་སེམས་མེད་པ་འདི་ཅིའི་ཕྱིར་རེད།

ཀྱེ་ཀྱེ།མཐོ་སྒང་གི་དབུ་འཕང་གཡུ་རལ་གསུག་པའི་འཁྱོམ་སྒྲའི་ཁྲོད་ནས་གོང་དུ་འདེགས་པའི་ལ་ཁྱི་དེ་དག།དུས་དེང་སང་གྲོང་དུ་ལྷུང་ནས་ཧ་པ་ལས་གཉོམ་པའི་རང་གཤིས་ཆགས་ཟིན་པའི་རྣམ་པ་དེ་དང་།ཕ་ཡི་རེ་བ་དང་མ་ཡི་སྐྱབས་བཅོལ་བཀལ་བའི་བོད་ཀྱི་གཞོན་ནུ་ཚོ་སློབ་གྲྭ་ལ་ཕྱིན་ནས།སྒལ་བའི་རུས་ཚུགས་འཐོར་ཞིང་མགོ་བོའི་དབུ་འཕང་ཉམས།སེམས་ཀྱི་སྙིང་ཤ་ཆད།རྐང་པའི་སྒྱུད་ཤ་ལྷུག་པའི་རྣམ་པ་འདི་གཉིས་ཅི་འདྲའི་མི་མཚུངས་སམ།

དེའི་ཕྱིར།ངས་མི་ཚེ་འདིར་སྙན་པའི་ཚིག་ཚོགས་མ་ཐོན་ཡང་།ལྷུག་པའི་སྒྱུ་རྩལ་མ་ཁྲོལ་ཡང་།རིག་གཞུང་སྟུག་པོ་མ་ཆོད་ཀྱང་ཕངས་སེམས་དབེན།རེད་དེ།གཞོན་ནུ་ལེ་ཧྥང༼雷锋༽་གིས་བཤད་པའི་ཚད་ཡོད་ཀྱི་མི་ཚེའི་ནང་དུ་ཚད་མེད་ཀྱི་ཞབས་ཞུ་བྱེད་ཅེས་པའི་སྐད་ཆ་ལྟར།ནམ་ཤི་ལྐོག་གྱུར་དུ་ཤོར་བའི་མི་ཚེ་འདིར།བོད་མི་རིགས་ཀྱི་སྐྱིད་སྡུག་སྙུག་ཁ་ནས་འབྲི་མ་ཐུབ།ལུས་སེམས་ཀྱིས་ཉར་མ་ཐུབ།ངག་སྒོ་ནས་ཐོན་མ་ཐུབ་ན།ངས་བསམ་ན།ངའི་མི་ཚེ་འདི་ནི་ཟས་བཅུད་ཀྱིས་སྟོང་བའི་ཕུང་པོ་ཞིག་དང་འདྲ་བར་ནམ་ཟླ་གཟད་མཁན་ཙམ་དུ་སོང་བས།ང་བར་དོའི་འགག་ཕྲེང་དུ་ཕྱིན་ནས་འགྱོད་སེམས་ཀྱི་མིག་རྡོ་ངུ་ངག་གི་ཁྲོད་ནས་ཐེད་རུང་།ཆུ་བཞིན་ཟག་པའི་ཟུང་ཁྲག་གི་གསེང་ནས་དུས་གཏན་དུ་འཁྱམ་སྲིད་དོ།།

 

བསྟོད།0

དཔྱད་མཆན་སྤེལ།