གངས་འདབས་ཀྱི་ན་གཞོན་འཁྱམ་པོ་ཞིག

རྨི་ལམ་ཁྲོད་ཀྱི་གཡང་སྡེ།-མུ་འབྲེལ་ལྷུག་རྩོམ་ཁག་བཞི།

ཕ་ཡུལ།

ལོ་དེར། ང་རང་ཕ་ཡུལ་ལ་འཁོར་ཞག་ཏུ་ཕྱིན་པ་ཡིན། ཕ་ཡུལ་ན་ལུང་ནི་དེ་ལྟར་ཕྱོགས་བཞི་རི་བོས་བསྐོར་བའི་དབུས་ན་མགོ་བོ་གྱེན་དུ་ཕྱོགས་པའི་མཆོད་རྟེན་ཞིག་གི་ཟོལ་གྱིས་ཆགས་ཡོད་ཅིང་། སྡེ་དཀྱིལ་གྱི་འདུ་ཁང་དེ་ཡང་གསེར་ཏོག་དང་རྒྱ་ཕིབས་ལྷང་ངེར་རོང་གྲོང་གི་གྲོང་ཚོ་འདིའི་འདས་ཟིན་པ་དང་ད་ལྟའི་གནས་སྐབས། འབྱུང་འགྱུར་གྱི་འཕེལ་འགྱུར་བཅས་ལ་གཟབ་ནན་གྱིས་གཟིགས་ནས་བསྡད་འདུག ཕ་ཡུལ་གྱི་ལྷིང་ཞིང་འཇགས་པའི་ཁོར་ཡུག་དང་གྲགས་མེད་འགུལ་མེད་དུ་གནས་པའི་རི་བོ། ད་དུང་རི་ཚོགས་ཀྱི་གསེང་དུ་བསྐུངས་པའི་ངའི་བྱིས་དུས་ཀྱི་ལོ་ཟླ་སོགས་ཀྱིས་ང་རང་སྐད་ཅིག་ཉིད་ལ་ཕྱིར་དྲན་གྱི་དུས་ཚིགས་ཤིག་ཏུ་དྲངས་བྱུང་། དེ་ནི་དེ་ལྟར་ཆུང་དུས་ངེད་ཚང་གི་རྨོ་མོས་བཤད་པའི་གནའ་གཏམ་ཁྲོད་ཀྱི་ལྷ་ཡུལ་ལས་ཀྱང་མཛེས་ཤིང་ལྟ་ན་སྡུག་ལ་ཡིད་དུ་འོང་བ་ཞིག་རེད་ཨང་།

དགུན་ཟླ་འདིས་སྟོན་མཇུག་གི་ལོ་མ་སེར་བོ་དག་རླུང་ཆར་གྱི་འཇིག་པས་མནན་རྗེས། རང་བྱུང་ཁམས་ལའང་སྐྱོ་གདུང་གི་སྡུག་བསྔལ་ཁྲི་ཕྲག་འཕྱུར་བ་དང་འདྲ་བར་ས་གཞི་ཡོངས་ལ་སེར་ཁ་གས་འགོ་བརྩམས་ཤིང་། ནམ་རྒྱུན་ལྷུང་ལྷུང་བཞུར་ལ་སྤྲོ་བའི་ཆུ་མིག་དག་ཀྱང་ད་ནི་ཆབ་རོམ་མ་མའི་སྦུབས་སུ་འཛུལ་ཏེ་གཉིད་ཀྱི་བདེ་བར་རོལ་འདུག ཕ་ཡུལ་དང་རྒྱང་ཐག་རིང་བའི་ལྷོ་ཡི་གྲོང་ཁྱེར་འདིར་སྡོད་དུས། དགུན་ཁ་ནི་ཅི་ལྟར་ཡོང་བའང་མི་ཤེས་ཏེ། ཕ་ཡུལ་གྱི་མི་རྣམས་དང་འདྲ་བར་དགུན་ཁ་སླེབས་ལ་ཉེ་དུས། བུད་ཤིང་དང་སུ་རུ། ཨོང་བ་སོགས་གསོག་པ་ལ་སེམས་ཁུར་བགྱི་བའི་ལབ་གླེང་བྱེད་མཁན་ཡང་མེད་པས། གྲོང་ཁྱེར་དུ་དགུན་ཁ་སླེབས་པ་ནི་ཧ་ཅང་ལྐོག་གྱུར་གྱི་ངང་ཚུལ་ཞིག་ཡིན་ལ། གྲོང་ཁྱེར་དུ་སྡོད་པའི་མི་རྣམས་གསང་བ་ལྐོག་གྱུར་གྱི་ལས་ལ་ཤིན་ཏུ་དགའ་བ་དང་འདྲ་བར། གྲོང་ཁྱེར་གྱི་དགུན་ཁ་དེའང་དེ་ལྟར་གོ་མེད་ཚོར་མེད་ཅིག་ཡིན། ཡིད་སྐྱོ་བ་ཞིག་ལ། ང་རང་ཐོག་མ་ནས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ས་མཐར་ཉུལ་བའི་འཁྱམ་པོ་ཞིག་གི་སྐྱེས་པ་བླངས་ཚར་བས། ཕ་ཡུལ་ནི་ང་ལ་མཚོན་ན་ལོ་སར་སྐབས་སུ་ཞག་སྡོད་རེ་གཉིས་བྱེད་སའི་གནས་ཚང་ཞིག་དང་འདྲ་བ་བདེན་ནའང་། ཆུང་དུས་ནས་ཕ་ཡུལ་དུ་བསྐྱུར་ཚར་བའི་ལོ་ཟླ་དེ་དག་དང་། ང་རང་བརྩེ་བས་བསྐྱངས་པའི་དྲིན་ཆེན་ཡབ་ཡུམ་ཟུང་དང་ཕུ་ནུ་ལྕམ་སྲིང་དག ད་དུང་གནས་འདིའི་ཡུལ་མི་ཚོ་སོགས་ནི་ངས་གཏན་དུ་བརྗེད་ཐབས་བྲལ་ཅིང་། རི་ཆུ་ལུང་གསུམ་གྱིས་བཏེགས་པའི་གནས་འདིའི་མཚར་སྡུག་གི་ཡུལ་ལྗོངས་དེ་དག་ཀྱང་ང་དང་འདྲ་བའི་ཡུལ་གྱར་བ་ཚོས་གཏན་དུ་བརྗེད་མི་སྲིད། གང་ལྟར་འདི་དག་ནི་ངའི་དྲན་འཛིན་གྱི་ལྡེབས་རིས་ངོས་སུ་བརྐོས་པའི་གསུབ་ཐབས་བྲལ་བའི་རི་མོ་དེ་དག་ཡིན་པ་ནི་བསྙོན་དུ་མེད།

དགུན་ཁར་ཕ་ཡུལ་དུ་ཡོད་པ་ནི་ཡུང་མ་ཡིན། ཆུང་དུས་ང་རང་རྒྱུན་པར་སྔ་མོ་སློབ་གྲྭར་ནངས་སྦྱོང་ལ་སོང་རྗེས།མ་རྒན་གྱིས་ཉུང་མ་དང་ཤ་ཚིལ་བསྲེས་མའི་ཡུང་ལྡིར[①]་ཞིམ་པོ་ཞིག་བསྐོལ་བར་རེ་ལྟོས་ཤིན་ཏུ་འཆའ་བ་ཡིན། ཉུང་མ་དང་ཤ་ཚིལ་འདྲེས་མའི་དྲི་མ་དེ་ནི་ངའི་རྩ་ལམ་ཀུན་ལ་འཐིམས་པའི་ཁྲག་རྒྱུན་གྱི་ཆ་ཤས་ཤིག་དང་འདྲ་བར། ནམ་
ཡང་བསླུ་བྲིད་ཀྱི་གོམ་ཁ་དེ་ངའི་ཕྱོགས་སུ་སྤོས་སྤོས་ལ་ཡོད། ཞོགས་པར་ནངས་སྦྱོང་གྲོལ་ནས་ཁྱིམ་དུ་ལོག་དུས་རླངས་པ་ཐོལ་ཐོལ་དུ་འཕྱུར་བཞིན་པའི་ཡུང་ལྡིར་འཐུང་བ་ནི་ངའི་བྱིས་དུས་ཀྱི་དགའ་བ་ཉག་ཅིག་སྟེ། ད་ལྟ་བསམས་ན་དེ་ལྟའི་སྦྱོར་བ་དག་ནི་བྱམས་བརྩེ་དང་འཁྲེང་ཞེན། རེ་ལྟོས་ཀྱིས་ཁེངས་པ་འབའ་ཞིག་ཀྱང་ཡིན་འདུག་སྟེ། ངའི་འདོད་དོན་གྱི་རི་མོ་མཁྱེན་པའི་དྲིན་ཆེན་ཕ་མ་གཉིས་ཀྱི་སེམས་པའི་བཀོད་སྒྲིག་ཅིག་ཡིན་པའང་རྟོགས་བྱུང་། ད་ལྟ་རྒས་གཉེར་གྱི་རི་མོ་ཐོད་ལ་བཅིངས་པའི་བརྩེ་ལྡན་གྱི་ཕ་མ་གཉིས་ཀྱང་མགོ་བོའི་སྐྲ་ལོ་ཁ་བ་ལྟར་དཀར་བོར་གྱུར་ཅིང་། དུང་སོ་སུམ་ཅུའི་སྟར་ཕྲེང་དེའང་རྣོ་ཁ་རྟུལ་བོར་གྱུར་བའི་སོག་ལེ་ཟད་པོ་ཞིག་དང་འདྲ་བར་བེད་མེད་དུ་ཡོད་དུས། ལུས་པོར་ཁོ་ལག་རྫོགས་པའི་ང་ནི་གཤོག་རྩལ་རྒྱས་པའི་གླག་རྒོད་ཅིག་དང་འདྲ་བར་ཡུལ་གྱར་བའི་བརྟུལ་ཞུགས་བཟུང་སྟེ། ཕ་ཡུལ་དུ་ལོག་ཡོང་བའི་གོ་སྐབས་མང་པོ་མེད་པ་དྲན་ཚེ་ཡིད་སེམས་སྐྱ་མོའི་ཐང་དུ་རྡུལ་ནག་བར་མེད་དུ་འཁྲིགས་ཡོང་།

“ཞི་ལུ། ནངས་འཚལ་འཐུང་བར་ཤོག” ང་དེ་ལྟར་དྲན་པའི་གཡེང་ལ་ཤོར་དུས། སྐྲ་ལོ་དུང་ལྟར་དཀར་ཞིང་ལག་ཏུ་ཕྲེང་བ་ཐོགས་པའི་ངའི་མ་རྒན་གྱིས་ང་ལ་དེ་ལྟར་ལབ་བྱུང་། ངའི་ཡིད་ལ་དེ་སྔོན་མ་རྒན་གྱིས་ཡུང་ལྡིར་བསྐོལ་ཏེ་ངེད་ཕུ་ནུ་ལྕམ་སྲིང་ཚོར་སྒུག་པའི་ཞོགས་པ་དེ་དག་དྲན་བྱུང་། དེའི་དུས་གནམ་སྔོན་པོའི་མཐོངས་ཀྱི་ཉི་མ་སེར་བོ་ནི་སྲིན་པོ་རྫ་རིའི་ཕྲག་ནས་དལ་གྱིས་ཡར་འཕགས་བཞིན་ཡོད་ཅིང་། ཞོགས་པ་སྔ་མོ་ནས་གསུང་སྐད་སྒྲོག་པར་བྲེལ་བའི་སྐྱ་ཀ་འགའ་ཡང་“ཅག་ཅག་ཅག”ཅེས་ངེད་ཚང་གི་ར་བའི་ཕྱི་རོལ་དུ་བཙུགས་པའི་ཤིང་སྡོང་རིང་བོ་དེ་དག་གི་ཡལ་གའི་སྟེང་དུ་བབས་ཤིང་། དེ་ནས་སླར་ཡང་གཤོག་ཟུང་བར་སྣང་དུ་རྐྱོང་བཞིན་ངེད་ཚང་གི་ཁྱམས་རའི་ཕྱི་ནང་ཀུན་ལ་འབབ་པར་བྱེད།

“དེ་རིང་སྐྱ་ཀ་འཁོར་ལུགས་ལ་བལྟས་ན་མགྲོན་པོ་ཡོང་གི་ཡོད་པ་འདྲ”། ངའི་མ་རྒན་གྱིས་རྒྱུན་པར་ལོབས་ཕྱོགས་ལྟར་བཤད་སྲིད་པའི་སྐད་ཆ་དེ་ངའི་ཕུ་བོ་གཡུང་དྲུང་དང་ཨ་ཅེ་ཀུན་ཐར་ནས་བཟུང་བཤད་མགོ་བརྩམས་ཏེ། ད་ལྟའི་ཚ་བོ་སྟག་ལྷའི་བར་དུ་གླེང་ཞིང་། ནམ་རྒྱུན་བཤད་སྲིད་པའི་སྐད་ཆ་འདི་དག་ངའི་སེམས་སུ་ཉར་ནས་ལོ་ངོ་མང་པོ་འགོར། སྐབས་དེ་དག་ལ།ངས་ནི་ཕྱི་སྒོའི་ས་སྟེགས་ཀྱི་སྟེང་དུ་རྡོ་དཀར་ནག་གི་ཁྱེའུ་སྒྲུག་གིན་སུ་ཞིག་ཡོང་བར་རེ་ཞིང་སྒུག་པ་ཡིན། འདི་ལྟའི་རེ་སྒུག་དང་དུངས་པར་འབོད་པའི་ཐ་སྙད་འདི་དག་གིས་ནི་ད་ལྟའི་ངའི་ལོ་ན་བགྲེས་པའི་མ་རྒན་དང་ངེད་གཉིས་ལྷན་དུ་སྦྲེལ་ཞིང་། མི་ཡུལ་གྱི་གཡའ་དག་པའི་ཕུགས་འདུན་དང་མཛེས་སྡུག་གི་ཡིད་སྤྲུལ་མཐའ་དག་ཅི་དགར་བརྗོད་པའི་གོ་སྐབས་གང་ལེགས་ཤིག་སྦྱིན་ལ། ང་ལ་རང་གི་བྱིས་པའི་དུས་ཀྱི་དགའ་སྐྱོ་འདྲེས་མའི་ལོ་ཟླ་དག་དྲན་པའི་སྐུལ་མ་ཡང་བར་མེད་དུ་བྱས་ཡོང་།

“ཁྱོད་ཆུང་དུས་བུ་ཆུང་ཡ་རབས་ཤིག་ཡིན” མ་རྒན་གྱིས་ང་ལ་དེ་ལྟར་ལབ་བཞིན་ངེད་ཚང་གི་རུ་འབྲོག་པར་ཡོད་དུས་ཀྱི་གཏམ་རྒྱུད་ཅིག་བཤད་ཡོང་། གཏམ་རྒྱུད་དེ་ནི་ང་དང་འདྲ་བའི་བོད་པའི་བུ་ཆུང་དག་ལ་ཐུན་མོང་དུ་ཡོད་སྲིད་པའི་དོན་ཕྲན་ཚེགས་ཤིག་ཡིན་ནའང་། ངའི་ཆུང་དུས་ཀྱི་བསམ་སྤྱོད་རེ་གཉིས་ཤིག་ནི་ཁོ་བོའི་རྩ་ལམ་དུ་རྒྱུ་བའི་ཟུངས་ཁྲག་དམར་པོ་དག་དང་འདྲ་བར། ད་ལྟའི་བར་དུ་ཁོ་བོ་དང་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་། སྐབས་རེར་ཁོ་བོར་དགའ་སྐྱོ་ཟུང་ལྡན་གྱི་སེམས་འགྱུ་ལྷུག་པོའང་མང་པོ་འཁོལ་དུ་བཅུག་མྱོང་། མ་རྒན་གྱིས་བཤད་ཀྱིན་པའི་གཏམ་རྒྱུད་ལ་ཉན་གྱིན་ངས་དར་ཅིག་ལ་ཁོད་ཡངས་པའི་རྩྭ་ཐང་གི་གྲུ་ག་རེ་རེ་དྲན་ཞིང་། རྩྭ་ལོ་དང་མེ་ཏོག་གི་འཇིག་རྟེན་མཛེས་སྡུག་ལྡན་པ་དེ་དག་ཀྱང་དྲན་བྱུང་། ལྷག་པར་དུ་མི་ཆེན་གྱི་པུས་མོ་ཙམ་ལ་མ་གཏོགས་མི་སླེབས་པའི་བུ་ཆུང་ཞིག་གིས་ཆར་བ་ཟིམ་ཟིམ་གྱི་ཤག་སྒྲའི་ཀློང་དུ་དགའ་འབོད་ཀྱི་ལག་ཟུང་བརྡབས་པ་དྲན་ཞིང་། ཕ་རྒན་གྱིས་ང་རང་རྟ་ཕོ་རྐྱང་ངུ་ལ་བསྐྱོན་ཏེ་སྲིན་པོ་རྫ་འདབས་ནས་རུ་སྤར་བའི་ངང་ཚུལ་དག་ཀྱང་དབང་མེད་དུ་དྲན་ཡོང་། དེ་ནི་དེ་ལྟར་དྲན་འཛིན་གྱི་གཏིང་སར་ལུས་པའི་ཕྱིར་དྲན་གྱི་རི་མོ་སྣུམ་པོ་ཞིག་སྟེ། རི་མོའི་ངོས་སུ་རྩྭ་ཐང་དང་ལུག་ཁྱུ། སྦྲ་གུར་དང་གླིང་བུ་ཆུང་ཆུང་ཞིག་ལས་ཅི་ཡང་མེད།

ལྷོ་ཡི་མཐོ་སྒང་གི་གྲོང་ཁྱེར་འདིར་ཡོང་དུས། གནས་འདིའི་ཉི་འོད་ཀྱི་འཁྱུག་འགྲོས་ཁོ་ན་ནི་ཁོ་བོ་ཡིད་སྨོན་འཆོར་ས་གཅིག་པུ་ཡིན་ནའང་། མཐོ་སྒང་གི་གྲོང་ཁྱེར་འདིའི་དྲོ་ཞིང་འཇམ་པའི་ནམ་ཟླ་དང་མཐོ་རུ་རྔམ་བརྗིད་ཀྱིས་འགྱིང་བའི་ཕོ་བྲང་པོ་ཏ་ལ་སོགས་ཀྱིས་ས་ཆ་གཞན་ན་མེད་པའི་རིག་གནས་ཀྱི་མཁའ་དབུགས་དྲོད་འཇམ་ལྡན་པ་ཞིག་ཁོ་བོའི་ཡིད་ངོར་སྤུངས་ཡོང་བས། ང་ལ་ཕ་ཡུལ་དང་ཆ་འདྲ་བའི་ཚོར་བ་ཁྱད་པར་བ་ཞིག་སྟེར་ནའང་། རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བ་ལྟར། འདས་ཟིན་པའི་ལོ་ཟླའི་ཀློང་གི་ཕ་ཡུལ་གྱི་གྲིབ་གཟུགས་སྣུམ་པོ་དེ་དང་། ད་ལྟ་བུ་བུ་མོ་མང་པོ་ཞིག་གི་ཕ་མར་གྱུར་ཟིན་པའི་ངའི་རྩེད་གྲོགས་ན་ཟླ་དེ་དག་དྲན་ཐེངས་རེར། བཞུར་རྒྱུན་རིང་བའི་མཇལ་འཛོམས་ཀྱི་མཆི་ཞགས་དྭངས་མོ་དེ་ཁོ་བོའི་འདྲེན་བྱེད་ཟུང་གི་སྒེའུ་ཁུང་ལས་ཆད་མེད་དུ་འཐོར་ཞིང། བྱིས་དུས་རྩེད་གྲོགས་ཚོ་དང་ལྷན་དུ་ཕྱུགས་རྫིར་སོང་བའི་ལོ་ཟླ་དེ་དག་ཀྱང་གསལ་ལེར་དྲན་ཡོང་། ཕ་ཡུལ་ནི་ངའི་ཕ་རྒན་གྱིས་འདེབས་བཞིན་པའི་མཉེས་གཤིན་གྱི་ས་ཞིང་སྣུམ་པོ་དེ་དག་དང་ཡང་འདྲ་སྟེ། ངའི་ཕ་རྒན་གྱིས་ནས་འབྲུའི་ས་བོན་གྱི་གཞོང་བ་རེ་རེ་ཕྱག་ཟུང་གི་གཡོ་སྐྱོམ་ཁྲོད་དུ་བྱང་ཆ་ལྡན་པའི་ངང་ནས་ཞིང་སར་སྟོར་དུས། དཔྱིད་ཀྱི་ཚིགས་མལ་དྲོན་པོ་འདིས་བཀྱགས་ཡོང་བའི་རྨི་ལམ་རིང་མོ་དེའང་ཇི་འདྲའི་གསེར་མདོག་ལྡན་པ་ཞིག་ཡིན་སྲིད་ཨང་། ད་དུང་ཕ་རྒན་གྱིས་འཚོ་སྐྱོང་གནངས་མྱོང་བའི་ལུག་ཁྱུ་དེའང་བྱིས་དུས་ཀྱི་ངེད་ཅག་དང་འདྲ་བར། འབའ་སྐད་ལང་ལོང་གི་ཁྲོད་ན་མཆོང་ལྡིང་བྱེད།

ཕ་ཡུལ་དྲན་པ་ནི་ཕ་ཡུལ་ལ་བསླེབས་པ་ལས་ཀྱང་སྡུག་སྟེ། ངའི་རྨི་ལམ་གྱི་གསེང་དུ་བསྐུངས་པའི་གཟུགས་མེད་ཀྱི་དྲན་ཤེས་ཀྱི་ཚོགས་ཀྱིས་ཁོ་བོར་རྒྱུན་དུ་ཕ་ཡུལ་གྱི་ཀོ་ཚང་སྒང་ནས་དཔའ་མཁར། རྡོ་བའི་གྲམ་གཞུང་ནས་མཆོད་རྟེན་གྱི་དབྱིབས་སུ་ཆགས་པའི་རོང་བའི་གྲོང་ཚོ་སོགས་དྲན་དུ་འཇུག་ཅིང་། ད་ལོའི་གྲོང་ཁྱེར་གྱི་དགུན་ཟླ་རིང་མོ་འདིས་ནི་ཁོ་བོར་ལྷག་ཏུ་ཕ་ཡུལ་གྱི་དགུན་ཁ་ཡིད་ལ་འཁོར་ཏུ་བཅུག་བྱུང་། ཕ་ཡུལ་དུ་དགུན་ཁ་བསླེབས་དུས། ཡུལ་མི་ཚོས་ཐབ་ཚང་དུ་མེ་ཕུང་བསྒོངས་ཏེ་དྲོད་ལམ་ལམ་གྱི་ཚ་ཐབ་སྟེང་དུ་བརྗོད་གཞི་སྣ་ཚོགས་ཡིན་པའི་གསར་འགྱུར་འཆལ་མ་འཆོལ་རིགས་ཅི་དགར་ལབ་གླེང་བྱས་ཆོག་ལ། ཤ་ཁུ་ཚ་བོ་གདུས་ནས་ཞིམ་ཐག་ཆོད་པའི་མཐེབ་ཐུག་མངར་མོ་དག་ཀྱང་དཀར་ཡོལ་འབྲུག་རིལ་མའི་ནང་ལ་གང་འདོད་དུ་འཐུང་ཆོག་པ་མ་ཡིན་ནམ།

དགོང་མོ་དེར།  ངས་ཕ་ཡུལ་དུ་ལུག་ཤ་བཙོས་ཏེ་མཐེབ་ཐུག་བསྐོལ་ཅིང་། ཞག་གང་བོར་ཉེ་མི་སྤུན་ཟླ་དག་དང་ལྷན་དུ་འཁོར་བའི་ཀློང་གི་སྐྱིད་སྡུག་གི་ཚོར་བ་ཕྲ་མོ་དག་ལབ་གླེང་བགྱིས་པ་ཡིན།

  སྲིང་མོ་འབྲུག་མོ།

 ལོ་དེའི་དགུན་ཁར། ཁྱེད་རང་ཕ་ཡུལ་དང་ཁ་བྲལ་ནས་རྒྱང་རིང་དུ་ཕྱིན་པ་རེད། ལོ་དེའི་དགུན་ཟླ་ར་བ་དེ་རིང་གི་ཉིན་མོ་འདི་བཞིན་ཤིན་ཏུ་འཁྱགས་ཤིང་། ཚང་མལ་དུ་འཛུལ་ཚར་བའི་བྱེའུ་ཆུང་དག་ཀྱང་ད་ནི་སྒོར་བུད་ནས་ང་ཚོའི་རྩེད་རོགས་སུ་ཡོང་མི་སྲིད་ལ། ཁྱིམ་མཚེས་ཚང་གི་བུ་ཆུང་འབྲུག་ལོ་བ་དེའང་ད་ལྟ་ཁོའི་ཕ་མ་གཉིས་ཀྱི་ཁ་ཤེད་འོག་ཏུ་བསྒོངས་ནས་བསྡད་ཡོད་ངེས། ད་ལྟ་ནམ་ཟླར་འཁྱགས་གྲང་གི་འགྱུར་བག་རྒོད་པས།  ང་ཚོའི་མཐོང་ལམ་དུ་རྒྱུན་པར་མངོན་ཡོང་བའི་ཕ་གིའི་རི་སྒང་དེའང་རླུང་ཆེན་གྱི་གཤོག་པས་བརྡབས་ཏེ་སྐྱ་ཐལ་ཐལ་དུ་སྣང་ཞིང་། ཅི་ཞིག་གི་ཆེད་དུ་མེས་པོ་སུ་ཞིག་གིས་བཏབ་མིན་མི་ཤེས་པའི་རི་རྩའི་མཁར་ཤུལ་དེ་དག་ཀྱང་ངའི་དེ་རིང་གི་སེམས་པ་ཇི་བཞིན་སྟོང་ཧང་ཧང་དུ་ལུས། ལོ་ཟླའི་སྲུབས་ཀ་གང་ཞིག་ནས་ཆག་སོང་བའི་གསེར་གྱི་བུམ་པ་དེ་དག་ད་ལྟ་ས་རྡུལ་གྱི་བང་རིམ་འཁྲིགས་པའི་ཀློང་ན་གཡས་འགྱེལ་གཡོན་ལོག་བགྱིས་ནས་བསྡད་ཡོད་ཅིང་། སྐྱ་མིའི་ཐང་གི་གྲལ་འགྲིག་པའི་ཟོག་རྫི་གླུ་བ་དེ་དག་ཀྱང་ད་ལྟ་ཁོ་བོའི་མིག་ལམ་དུ་ཤར་མ་སོང་། སྐབས་འདི་དག་ལ། ངས་ཁྱེད་དང་ལྷན་དུ་ལ་མོ་རིང་ཐུང་ཅི་རིགས་བརྒྱབ་སྟེ་རྩེད་མོར་ཆས་པའི་བྱིས་དུས་ཀྱི་ལོ་ཟླ་དེ་དག་དྲན་ཡོང་ལ། ཆུང་དུས་ཁྱེད་རང་ངུ་རྒྱུར་མོས་པའི་གཤིས་ཀ་གྱོང་བོ་དེ་དག་ཀྱང་ག་ལེར་དྲན་ཡོང་། དེའི་དུས་ངས་ཁྱེད་ལ་བརྙས་བཅོས་གང་མང་བྱས་ཡོད་སྲིད་ཨང་།

ལོ་ངོ་མང་པོ་ཞིག་ཕྱིན་སོང་། ལོ་ངོ་མང་པོ་ཞིག་ཕྱིར་ཡོང་མེད་པའི་དུས་ཚོད་བཞིན་འདས་སོང་། ལོ་ངོ་མང་པོ་ཞིག་གི་རྗེས་སུ་ཁྱེད་རང་ཁྱིམ་གཞིས་ཆུང་ཆུང་ཞིག་གི་དྲོད་འཇམ་དང་ཤ་དྲོད་བསམས་ནས་ཕྱིར་རང་ཁྱིམ་དུ་ལོག་དུས། དབུ་སྐྲ་དཀར་པོར་གྱུར་བའི་ཕ་མ་གཉིས་ཀྱང་སྔར་ལས་རྒས་ཉམས་དོད་ཅིང་ལང་ཚོའི་བཀྲག་མདངས་ཤོར་ཏེ་ལ་མགོའི་ཉི་མ་བཞིན་ཡོད་ལ། ཟུག་རྒྱུར་དགའ་བའི་སྒོ་ཁའི་ཁྱི་གུ་ཆུང་ཆུང་དེའང་ད་ནི་སྐེ་ལ་ལྕགས་ཐག་ཤ་ལེར་རྒྱགས་པོར་ཆགས་ཡོད། ཁྱི་གུ་ཆུང་ཆུང་དེ། ཆུང་དུས་ཁྱེད་ཀྱིས་གང་འདོད་དུ་འུབས་བཏབ་མྱོང་བའི་ཁྱི་གུ་ཆུང་ཆུང་སྙིང་རྗེ་དེ། ད་ནི་རྒྱ་སྟག་ངར་མའི་དོ་ཟླར་ཡོང་ཞིང་སྐྱི་བསེར་རླུང་བུའི་རྩེད་གྲོགས་སུ་ཆགས་ཡོད་ལ། མཚན་ནམ་རིང་མོར་རླུང་བུས་སྡོང་ལོ་བསྐྱོད་པའི་ཤག་སྒྲ་ལའང་ཟུག་ཅི་ཐུབ་བྱས་ཡོང་།

ཆུང་དུས་གླེང་དུས། ངས་གློ་བུར་དུ་ལོ་དེའི་དགུན་ཁར་དཀར་བོང་བོང་གི་ཁ་བའི་འདབ་མ་རེ་རེ་ས་གཞིའི་ཕང་བར་འཐོར་ཡོང་བའི་ནངས་མོ་དེར། ཕུ་བོ་གཡུང་དྲུང་གིས་ཐག་རིང་གི་འབྲོག་སྡེ་ཞིག་ནས་འཁྱེར་ཡོང་བ་ཡིན་ཟེར་བའི་ཁྱི་གུ་ཆུང་ཆུང་དེ་དྲན་ཡོང་། ཁྱི་གུ་ཆུང་ཆུང་དེ་རང་གི་སྙིང་ཉེ་བའི་ཨ་མ་དང་བྲལ་ཏེ་ཐག་རིང་གི་གྲོང་ཚོ་ཞིག་ལ་ཆས་ཡོང་བའི་ཞོགས་པ་དེ་དྲན་ཡོང་ལ། ཁྱི་གུ་ཆུང་ཆུང་དེའི་རྐང་ལག་ཀྲབ་ཀྲབ་སུ་ཞིག་གི་གདོང་ལ་རིག་རིག་ལྟ་བུའི་བཟོ་ལྟ་སྙིང་རྗེ་དེ་དག་ཀྱང་གསལ་ལེར་དྲན་ཡོང་། ཁྱི་གུ་ཆུང་ཆུང་དེ་ཨ་མའི་དྲོད་འཇམ་གྱི་རུམ་ཁ་དང་བྲལ་ནས་རྒྱང་རིང་འགྲིམས་པ་ནི་ད་ལྟ་ང་ཚོས་ཕ་ཡུལ་བསྐྱུར་ཏེ་ཐག་རིང་དུ་ཆས་པ་དང་ཇི་འདྲའི་མཚུངས་ཨང་། མི་འདྲ་བ་ནི་ཁྱི་གུ་ཆུང་ཆུང་དེས་དེ་རིང་གི་ཁོ་བོ་ཇི་བཞིན་གློག་རྩིས་ཀྱི་ངོས་སུ་ཡི་གེ་འབྲི་མི་སྲིད་པ་དེ་ཡིན་ལ། སེམས་ཀྱི་གདུང་ཚོར་སྣ་ཚོགས་ཁོག་ཏུ་སྦེད་པ་ལས་ཕྱི་རུ་འཕོ་མི་སྲིད་པ་དེ་ཡིན། ཁྱི་གུ་ཆུང་ཆུང་དེ་ད་ལྟ་སྐེ་ལ་ལྕགས་ཐག་ཤ་ལེར་རྒྱགས་པོར་ཆགས་ཡོད་ཅིང་། ཁྱི་གུ་ཆུང་ཆུང་དེ། ཆུང་དུས་ཁྱེད་ཀྱིས་གང་འདོད་དུ་འུབས་བཏབ་མྱོང་བའི་ཁྱི་གུ་ཆུང་ཆུང་སྙིང་རྗེ་དེ། ད་ནི་རྒྱ་སྟག་ངར་མའི་དོ་ཟླར་ཡོང་ཞིང་སྐྱི་བསེར་རླུང་བུའི་རྩེད་གྲོགས་སུ་ཆགས་ཡོད་ལ། མཚན་ནམ་རིང་མོར་རླུང་བུས་སྡོང་ལོ་བསྐྱོད་པའི་ཤག་སྒྲ་ལའང་ཟུག་ཅི་ཐུབ་བྱས་ཡོང་།

ལོ་དེའི་དགུན་ཁར། འུ་མིང་སྲིང་བཞི་བོས་གྲང་ཤུར་ཤུར་གྱི་ནམ་ཟླ་དེའི་འོག་ཏུ་ཁ་རླངས་དྲོན་མོ་རེ་རེ་མཁའ་དབུགས་ཁྲོད་དུ་རེས་མོས་ཀྱིས་གཏོང་གིན་སྡེ་བའི་ལམ་བུ་ཆུང་ཆུང་ཞིག་ཏུ་གོམ་པ་བསྲིངས་ཤིང་། རྒྱབ་ཏུ་དཔྱངས་པའི་དཔེ་ཁུག་ཆུང་ཆུང་དེས་འཕོང་མགོར་ཡང་མོར་རྡེག་གིན་གྲལ་ཤར་གྱི་སྟར་ཕྲེང་བསྒྲིགས་ནས་སློབ་ཆུང་དེར་འགྲོ་དུས། བདེ་སྐྱིད་ཀྱི་ཉི་མ་དེ་ཤར་ཕྱོགས་ཀྱི་རི་རྩེ་ནས་འཆར་བ་མ་ཚོར་ལ། དངུལ་མདོག་གི་ཟླ་བ་དེའང་ནུབ་རིའི་ཕང་བར་ཡལ་བ་མ་རྟོགས། དེའི་དུས་ཀྱི་དགོད་སྒྲ་དེའང་ངས་མི་ཚེ་འདིར་ཡང་བསྐྱར་མྱོང་མི་སྲིད་པའི་ཚོར་བ་ཁྱད་པར་ཅན་ཞིག་ཡིན་སྲིད་ལ། ད་ལྟ་ཆེན་པོར་ཆགས་ཡོད་པའི་ཕ་ཡུལ་གྱི་བུ་མོ་ཁྱེད་ཀྱང་སྐབས་ཤིག་ལ་ཕྱིར་དྲན་གྱི་ཀློང་དུ་ཞུགས་ནས་འདྲེན་བྱེད་ཟུང་ལ་མཆི་མ་འཁོར་བའི་དུས་ཤིག་ངེས་པར་ཡོད་སྲིད།

ད་རུང་གནས་ལ་མ་སོང་བའི་ངའི་སྲིང་མོ་ཁྱེད། ད་ལོ་མོ་ལོ་ཉི་ཤུ་ཉེར་གསུམ་ཡིན།

ང་ཚོའི་ཕུ་བོ་དང་ཨ་ཅེ་དག་ཚང་མལ་ནས་གཤོག་རྩལ་རྒྱས་པའི་གླག་མོ་བཞིན་འཁོར་བའི་བར་སྣང་དུ་ལྡིང་སྐོར་རྒྱག་དུས། ཕ་མ་གཉིས་ཀྱི་དྲོད་འཇམ་གྱི་ཐབ་རྩར་ཁྱེད་རང་ལངས་པས། ངའི་སེམས་པ་འཁྱགས་པོའི་ཀློང་དུ་རེ་བའི་ཉི་འོད་ཀྱི་ཟེར་མ་རྒྱས་མགོ་བརྩམས་ཤིང་། འུ་ཐུག་པའི་མཛེས་སྡུག་གི་ལང་ཚོ་དེའང་ཕ་ཡུལ་གྱི་སྲོད་ཁ་དེ་ནས་རྒ་དགོས་པ་ཆོས་ཉིད་ཅིག་ཏུ་གྲུབ་སོང་བ་ངས་ཤེས་ཡོད། དེ་ལྟ་ནའང་། རི་ཆུ་སྟོང་ཕྲག་གིས་ཆོད་པའི་ད་ལྟའི་དུས་འདིར་གཞན་ཡུལ་གྱི་འཚོ་བ་མྱོང་གིན་ངས་ནི་ད་ལྟ་ཁོང་རྒན་རྒོན་གཉིས་ཀྱི་གམ་དུ་བསྡད་ཡོད་པ་ནི་རང་ཉིད་ཡིན་ན་ཅི་འདྲས་འདོད་པ་ལ་ཨང་། མི་ནི་ཁྱད་མཚར་བའི་སྲོག་ལྡན་ཧམ་སེམས་ཅན་ཞིག་སྟེ། ཐོབ་བྱ་ཉག་ཅིག་གི་དོན་དུ་སྡུག་ཐང་ནས་བླངས་ཏེ་ཐོད་པར་བྱུགས་སྲིད་པ་དེའི་རིགས་ཁོ་ནའོ།།

 ཚ་བོ་སྟག་ལྷ།

མི་ནི་སེམས་པ་སྙི་མོར་ཆགས་དུས། རྒྱང་རིང་གི་སྲོག་ལྡན་གང་མང་ཞིག་གློ་བུར་དུ་དྲན་འོངས་ལ། རྒྱང་རིང་གི་རང་དང་ཉེ་བའི་ཚ་བོ་ཚ་མོ་དག་ཀྱང་ལྷོད་ཀྱི་ལེར་ཡིད་ཀྱི་ནམ་མཁའ་རུ་འཛུམ་ཡོང་།  དེ་ནི་འགྲེལ་མི་ཐུབ་པའི་བག་ཆགས་ཟབ་མོ་ཞིག་གི་ནང་རོལ་ལ་སིམ་པའི་ཚོར་སྣང་བདེ་བོ་ཞིག་གི་གྲིབ་མ་ཡིན་སྲིད་ལ། མི་ཞིག་ལ་ཤ་རུས་དང་ཁྲག་རྒྱུན་ལྡན་པའི་དཔང་རྟགས་དངོས་མ་ཞིག་ཏུའང་གྲུབ་འདུག་སྙམ། ཉི་མ་ལྷ་སའི་ཚ་ལམ་ལམ་གྱི་ཉི་འོད་དྲོན་མོ་སེམས་ཀྱིས་འཐུང་གིན་ད་ལྟ་ངས་དཀར་འཇམ་གྱི་འོད་སྣང་ལྡན་པའི་ལྷ་སའི་ཁང་མིག་གི་རུ་ཕྲེང་དེ་མཐོང་ཡོང་ཞིང་། ཁང་མིག་གི་རུ་ཕྲེང་མང་པོའི་བར་གསེང་དུ་ཀོ་རེ་སྐམ་པོ་ཞིག་ལ་སོ་འདེབ་ཞོར་འདེབ་ཞོར་འགྲོ་གིན་པའི་ལྷ་སའི་ཉམ་ཆུང་བའི་བྱིས་པ་སྣབས་ལུག་དེ་དག་ཀྱང་མཐོང་བྱུང་། དེ་བས་ཀྱང་ཉིན་འགའི་སྔོན་ལ་ལྷ་སའི་ཉི་འོད་ཆང་ཁང་ཞེས་པ་ཞིག་ཏུ་ཆང་གཞས་དང་དུ་འཐེན་ལ་རོལ་གྱིན་པའི་ལོ་བཅུ་ཅན་གྱི་བྱིས་པ་ཆུང་ཆུང་དེའང་དྲན་བྱུང་། ད་ལོ་ཁྱེད་རང་སློབ་ཆུང་གི་སྒོ་ཐེམ་བསྙེགས་ཤིང་དབྱངས་གསལ་སོ་བཞིའི་ཀློག་འདོན་གྱི་དགོད་སྒྲའི་ཁྲོད་དུ་ཞུགས་ཡོད་ཟེར། རྨི་ལམ་དང་རེ་འདུན་ལྷག་མ་ཞིག་གི་མངར་ཁ་ལ་དམ་པོར་འཇུས་ཡོད་ཟེར། དེའི་དུས་ང་རང་ཕ་ཡུལ་དུ་ཡོད་དུས།  ཁྱེད་ནི་ཀ་ཁའི་མགོ་རྔ་མི་ཤེས་པའི་བུ་ཆུང་སྙིང་རྗེ་ཞིག་སྟེ། འཇིག་རྟེན་གྱི་ཟང་ཟིང་དང་བདེ་སྡུག་ཡོད་ཚད་ལ་སྣང་འཇོག་མི་ཤེས་པའི་བྱིས་པ་བསམ་མེད་ཅིག་ཡིན་ལ། མཚར་སྣང་གི་མིག་ཟུང་གྲིམ་རིལ་ཅན་དེས་ཡོད་ཚད་ལ་རྟོག་བཏགས་ཀྱི་ཁ་དོག་བསྒོ་བའི་ཚ་བོ་ཡ་རབས་ཤིག་ཀྱང་ཡིན། ངའི་དཔེ་སྒྲོམ་ནང་དུ་བསྟར་ཡོད་པའི་བགྲང་མི་ཚར་བའི་དཔེ་དེབ་འདི་དག་ནི་ངའི་རྣམ་ཤེས་ཀྱི་ཉིང་ཁུ་བཏུས་ཡོད་པའི་ཚེ་སྲོག་གི་གཏན་གྲོགས་འབའ་ཞིག་ཡིན་ཏེ། ནམ་ཞིག་གི་དུས་སུ་ཁྱེད་ཀྱིས་རང་གི་འདོད་མོས་ལྟར་ཚིམས་མེད་དུ་བཀླག་ཆོག་པ་ཡིན།

    ང་ནི་མཐོ་སྒང་གི་གྲོང་ཁྱེར་འདིར་ཁུ་སིམ་མེར་ལུས་ཤིང་། རྒྱང་རིང་དང་ཕུགས་འདུན་ཞེས་པ་ཞིག་བསྐྱར་དུ་གདམ་དགོས་པ་བྱུང་ཚེ། ངས་ཐེ་ཚོམ་ཅི་ཡང་མེད་པར་བྱིས་དུས་ཀྱི་ལོ་ཟླ་བསྐྱལ་མྱོང་སའི་རྩྭ་ཐང་དེ་གར་ལུག་ཁྱུའི་འབའ་སྒྲ་དང་འགྲོགས་ཏེ་འབྲོག་ཁྱིམ་ཞིག་གི་འོད་སྣང་བསྐྱར་དུ་བསྒྲོན་འདོད་པ་དེ་བདམས་ངེས་ཤིང་། ང་ནི་དེ་འདྲའི་འཚོ་བ་ལ་དུངས་པ་ཟབ་དྲགས་པས། ཤོར་ཟིན་པ་དག་སྡུག་བསྔལ་ཞིག་ཏུ་བརྩིས་ཡོད་ལ། ཐོབ་ཡོད་པ་དག་ལའང་སྔར་ནས་འགྲམ་ཆུ་འཛར་མྱོང་མེད། ང་ཚོ་རྨི་ལམ་ཡང་མོ་ཞིག་གི་ཐུ་འོག་ནས་རེ་བ་དང་བཅས་ལམ་དུ་ཆས་པ་ནས་བཟུང་།  མིག་ཟུང་གི་གསེབ་དུ་འཚངས་སྲིད་པ་ནི་དུངས་ཞེན་དང་རེ་བ་ལྷག་མ་ཞིག་གིས་བཏེགས་ཡོད་པའི་སྐུ་དྲིན་ཆེ་བའི་སེམས་པ་དམར་པོ་གཉིས་ཀྱི་འཕར་ལྡིང་སྲུང་འདོད་པ་དེ་ཡིན་ཞིང་། རང་གི་སྙིང་ཉེ་བའི་ཆུང་དུས་ཀྱི་ན་ཟླ་རྩེ་གྲོགས་དེ་དག་ཀྱང་རྨི་ལམ་གྱི་ཐེམ་སྐས་བརྒལ་ཏེ་བདེ་སྐྱིད་ཀྱི་འཚོ་བའི་ཀློང་དུ་ཞུགས་ཡོད་ན་ཅི་མ་རུང་སྙམ་པའི་འདོད་བློ་ཤིན་ཏུ་བབ་ཆགས་པ་དེ་ཡང་ཡིན། གང་ལྟར།  རྒྱང་རིང་བའི་ཕུགས་འདུན་དང་རྨི་ལམ་གླེང་དུས། ང་ལ་རྨི་ལམ་མང་པོ་མང་པོ་ཞིག་ཡོད་སྲིད་ལ། རྨི་ལམ་དེ་དག་ལའང་ཁ་དོག་མང་པོ་ཞིག་ཀྱང་རང་བཞིན་གྱིས་འཁྲུངས་སྲིད་སྙམ།

 སློབ་ལོ་རན་པའི་བྱིས་པ་ཚ་བོ་སྟག་ལྷ་ལགས།གཞན་ཡུལ་དུ་འཚོ་བའི་ཁོ་བོ་ནི་ཉིན་ལྟར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་རྫོང་རྒྱབ་ཀླུ་ཁང་གི་ནགས་གསེང་དུ་གོམ་སྒྲ་འཇོག་ཞོར་ཕ་ཡུལ་གྱི་ཕྱོགས་སུ་རྒྱང་ལྟ་བྱས་ནས་བསྡད་ཡོད་ཅིང་།  རྒྱང་ལྟ་ཐེངས་རེའི་ཀློང་དུའང་བརྗོད་མི་ཚར་བའི་ཚོར་སྣང་འཁྱགས་པོ་རེ་སྤུངས་ཡོད་ལ། གནའ་བོའི་མཐོ་སྒང་གི་ཡུལ་གྲུ་འདིས་ང་ལ་བཞག་ཡོད་པའི་དྲན་ཤིང་ཁྱད་པར་བ་དེ་དག་ཞིབ་ཏུ་གླེང་དགོས་དུས་ང་ལ་ཐ་སྙད་ཀྱིས་དབུལ་ཞིང་ཕོངས་འགྲོ ཐ་སྙད་དེ་དག་ནི་ཡང་སྙིང་ག་རེ་ཡིན་སྲིད་དམ།  སྙིང་གཏམ་ཞིག་ཤར་མར་ཞུ་འདོད་དུས་འདིར། ཐ་སྙད་ཀྱིས་འདང་གིན་མེད་པ་དེ་ཡང་ང་ གཅིག་པུ་ཡིན་ཨེ་སྲིད། ལོ་དེར་ང་རང་ཕ་ཡུལ་གྱི་སློབ་ཆུང་དེར་བསྐྱོད་དུས། ལམ་འགྲམ་གྱི་རས་ཆད་ཐེད་པོ་དག་གིས་གཅུད་ཡོད་པའི་སྡོང་ཕྲུག་དེ་དག་ནི་ངའི་ལུས་པོའི་བོངས་ཚད་དང་ཤིན་ཏུ་མཉམ་ཞིང་། ང་དང་ངའི་སློབ་གྲོགས་ཚོས་ཀི་འབོད་དང་འུར་སྒྲའི་ཀློང་དུ་ཕན་ཚུན་བདའ་རེས་བགྱིས་ཏེ་ལག་པས་ཡང་ཡང་འཇུས་མྱོང་བའི་སྡོང་ཕྲུག་དེ་དག  ད་ལྟ་ཉི་ཤར་གྱི་འཛུམ་མདངས་ལ་འཁེན་ཏེ་ཕ་ཡུལ་གྱི་དྲི་མ་བསྣོམས་ནས་བསྡད་ཡོད་ལ།  དེ་ལས་ལྡོག་སྟེ་རྒྱང་རིང་དང་རྒྱ་གྲོང་བསྙེགས་ཏེ་ཐག་རིང་དུ་ཆས་ཟིན་པའི་ང་དང་ངའི་སློབ་གྲོགས་དེ་དག་ནི་གཞན་ཡུལ་གྱི་ལག་མཐིལ་ན་མཚོ་དཀྱིལ་དུ་ལྷུང་བའི་སྲིན་བུ་བཞིན་བསྡད་ཡོད་པས།  འདི་ནི་ལས་དབང་ཞེས་པ་དེ་ཡིན་ནམ། ཡང་ན་འདི་ནི་ཐོད་པའི་ཁ་ཡིག་ཅེས་པ་དེའང་ཡིན་ཨེ་སྲིད། གང་ལྟར། རྒྱང་རིང་གི་ང་ལ་ཡིག་འབྲུའི་གསེབ་དུ་བསྙལ་ཡོད་པའི་སྐད་ཆ་འདི་དག་ལས་གཞན་ཅི་ཡང་མེད་ནའང་། སྣང་བའི་ཀློང་དུ་འཐིམས་ཡོད་པའི་ཕ་ས་གོར་མོ་སྟེ། ཕྱོགས་བཞི་རི་བོས་བསྐོར་བའི་དབུས་ན་མགོ་བོ་གྱེན་དུ་ཕྱོགས་པའི་མཆོད་རྟེན་ཞིག་གི་ཟོལ་གྱིས་ཆགས་ཡོད་ཅིང་། སྡེ་དཀྱིལ་གྱི་འདུ་ཁང་དེ་ཡང་གསེར་ཏོག་དང་རྒྱ་ཕིབས་ལྷང་ངེར་རོང་གྲོང་གི་གྲོང་ཚོ་འདིའི་གཙུག་རྒྱན་དུ་གསལ་ཅིང་།  ད་དུང་གནས་དེའི་ལྷིང་ཞིང་འཇགས་པའི་ཁོར་ཡུག་དང་གྲགས་མེད་འགུལ་མེད་དུ་གནས་པའི་རི་བོ་སོགས་ཚམ་ཚོམ་མེད་པར་དྲན་ཡོང་། དེ་ནི་ཡང་སྙིང་ཅིའི་ཕྱིར་ཡིན་ནམ།

ལོ་ངོ་དུ་མ་ཞིག་གི་སྔ་རོལ་དུ། ང་ཡང་ཁྱེད་དང་འདྲ་བར་ལག་པ་ཡ་གཅིག་གིས་ལམ་འགྲམ་གྱི་གྱང་རལ་ཁ་ཤོ་དེ་དག་གི་ངོས་སུ་དལ་མོར་འདྲེད་ཀྱིན་འདྲེད་ཀྱིན་སློབ་ཆུང་དེར་སོང་བ་ཡིན་ཞིང་། རྐང་ལམ་ཕྲ་མོ་དེའི་གཡས་གཡོན་གང་སར་ཤ་འོད་ཀྱིས་བརྐོས་པ་འདྲ་བའི་ཆུ་མོའི་གྲོག་ཤུར་དག་བརྩི་བཞིན་སློབ་ཆུང་དེར་སོང་བ་ཡིན། ལོ་ངོ་དུ་མ་ཟེར་བ་ཉིན་ཁར་མཚན་བརྩེགས་ཤིང་། དེའི་ཁར་གཟའ་འཁོར་རེ་རེ་དང་ཟླ་བ་རེ་རེ་བསྣན་ནས་གྲུབ་པ་ཡིན་ཞིང་། ཉི་མ་སུམ་བརྒྱ་དྲུག་ཅུར་ངའི་གཞོན་ཤ་ཆགས་པའི་ངོ་གདོང་དང་ལང་ཚོའི་བཀྲག་མདངས་བརྐུ་མཁན་གྱི་ལང་ཚོའི་གཤེད་མ་དེ་ལ་ཟེར་བ་ཡིན་པ་ཁྱེད་ཀྱིས་གོ་ནུས་སམ། དེའི་དུས་ཀྱི་སློབ་ཆུང་དེ། གྲལ་ཤར་སུམ་ཕྲེང་ཅན་གྱི་ཁང་བ་གྱན་གསུམ་ལས་མེད་ཅིང་། ས་སྐྱ་སྐྱས་གདོང་ཡོངས་བྱུགས་པ་ལྟ་བུའི་ངེད་ཅག་ནི་ས་རྡུལ་གྱི་ཀློང་དུ་འཕག་འཚག་དང་འཇུ་རེས་བརྒྱབ་ནས་ཉི་མ་གནམ་ཚ་བཏང་བ་ཡིན་ལ། དྲག་རྩལ་པདྨའི་ཕྱག་རྒྱ་ཟེར་བའི་མུ་འབྲེལ་བརྙན་འཕྲིན་དེའི་ནང་གི་མི་སྣ་རེ་རེར་བརྫུས་ནས་ཕན་ཚུན་ལ་རྫུ་འཕྲུལ་སྟོན་རེས་བྱས་ནས་རྩེད་པ་ཡིན། དེའི་དུས་ཀྱི་ངེད་ཅག་ལ་ད་ལྟའི་རོ་བཅུད་ལྡན་པའི་སྐོམ་ཆུ་ཁུ་ལུ་ནག་ལྡིར་དང་ཁྲོག་ལེ་སོགས་ཟ་རྒྱུ་མེད་ནའང་། ལྕང་སིལ་དང་ཚ་ལུ་མ་སོགས་མིང་མི་ཐོགས་པའི་རི་སྐྱེས་ཀྱི་སིལ་ཏོག་མངར་ཆ་ལྡན་པ་སྣ་ཚོགས་ལྕེ་སྣེ་རུ་འདྲེན་ཐུབ་སོང་བ་ནི་ཇི་འདྲའི་ཁ་བསོད་ཆེ་བ་ལ་ཨང་།

དུས་རབས་འདིར། ང་ལ་ཚ་བོ་ཚ་མོ་མང་དྲགས་པས་ཁྱེད་ཅག་ལ་དེ་འདྲའི་རྒྱང་རིང་བའི་རེ་བ་དང་ཕུགས་བཙུན་པའི་འདུན་པའང་ཆེན་པོ་ཅང་མེད་དེ། ཡུལ་མི་ཚོ་ནང་བཞིན་བོད་སྐད་རྣལ་མ་ཞིག་བཤད་ཐུབ་ཅིང་མེས་པོའི་གོམས་སྲོལ་དག་གྲ་མ་ཉམས་གྲུ་མ་ཆག་པར་རྒྱུན་འཁྱོངས་བྱེད་ཐུབ་ན་ང་ལ་དེ་ལས་ལྷག་པའི་ལེགས་སྐྱེས་དང་གཟི་བརྗིད་ཅིག་མེད་ཅིང་། ང་ལ་དེ་ལས་བླ་བའི་འདོད་འདུན་གཞན་ཅི་ཡང་མེད། དེའི་རྒྱུ་མཚན་དག་ཀྱང་མི་འགྱང་བར་ཁྱེད་ཚོས་རིམ་བཞིན་རྟོགས་ངེས་ཤིང་། མི་རིང་བའི་དུས་ཤིག་ན་ཁྱེད་ཚོའི་མིག་མདུན་དུ་བཤམས་ཡོང་ངེས་པས་ཡིན།

རྒྱང་ཐག་རིང་བའི་ལྷ་མོ།

རྒྱང་ཐག་རིང་བའི་བུ་མོ། རྒྱང་ཐག་རིང་བའི་ལྷ་མོ། ངས་ཁྱེད་ལ་འདི་ལྟའི་མིང་སྙན་པོ་ཞིག་གསོལ་དོན་དེ་ཡང་ཁྱེད་
ཀྱི་རུ་ཁ་ཁྱིམ་མཚེས་དག་གིས་ཤེས་མི་ཉན་ཞིང་། ལྷག་པར་དུ་ལྐོག་ཏུ་ཁྱེད་ལ་ཁ་པར་གཏོང་གིན་པའི་གསར་བུ་མགོ་སྟོང་དེ་ཚོས་ཐོས་མི་ཉན། ཡིན་ནའང་། འདི་ལྟའི་མིང་ཡིག་ཅིག་ཁྱེད་ལ་གསོལ་ཚར་བས། ད་ནི་འཛེམ་དོགས་ཅི་ཡང་མེད་པར་ཤབ་ཤུབ་ཀྱི་སྐད་ཆ་དག་ག་ལེར་བཟློ་ཨང་།  སྔོན་མར་བཤད་པ་ཇི་བཞིན་གཡང་སྡེ་འདིར་ངའི་ལུས་ངག་ཡིད་གསུམ་གྱི་གྲིབ་གཟུགས་ལུས་ཡོད་པས། ཕྱི་གསལ་ནང་གསལ་གྱི་ང་རང་གཡང་སྡེ་འདིའི་རུ་ཁ་ཁྱིམ་མཚེས་དག་ལ་ཤིན་ཏུ་གསལ་ཞིང་། དེ་བས་ཀྱང་ད་ལྟ་བུ་བུ་མོ་གང་མང་ཞིག་གི་ཕ་མར་གྱུར་ཟིན་པའི་རྩེད་གྲོགས་ན་ཟླ་དེ་ཚོར་ཤིན་ཏུ་གསལ། ངའི་སྣང་ངོར་རང་ཉིད་ནི་ཆུང་དུས་ཀྱི་ཁོ་བོའི་ཕ་རྒན་དང་འདྲ་བར་དྲང་བོ་དྲང་རྐྱང་གི་བྱིས་པ་ཞིག་ཡིན་པར་ཤིན་ཏུ་ཡིད་ཆེས་ཡོད་ཅིང་། ངའི་ཕ་རྒན་གྱི་ཨ་ཕ་དཔོན་དྲིན་ཆེན་པོའི་རྣམ་ཤེས་ཡིན་ཞེས་པའི་བཤད་སྒྲོས་ཀྱང་རབ་རིབ་ཅིག་འཆད་ཀིན་འདུག  གང་ལྟར།  སྔོན་བསགས་ཀྱི་ལས་མཐུ་བཙན་པོ་ཞིག་གིས་ང་རང་གཡང་སྡེ་འདིའི་ཁྱིམ་གཞིས་ཕལ་བ་ཞིག་ཏུ་ཚེ་སྲོག་གི་འདབ་མ་གྲོལ་དུ་བཅུག་ཅིང་། སྦྲ་གུར་གྱི་འཇིག་རྟེན་ཞིག་ཏུ་ལང་ཚོའི་གཉོམ་ལག་རྒྱས་སུ་བཅུག་པ་རེད། ལས་སྨོན་དེ་ངའི་སྐུ་ཚེ་སྔོན་མ་ཞིག་གི་གཡའ་དག་པའི་སེམས་འདུན་ཞིག་ལས་འཁྲུངས་པ་ཡིན་སྲིད་པ་ནི་བསྙོན་དུ་མེད་ལ། དེ་ལྟར་མིན་ཚེ་ད་ལྟའི་ང་ཡང་བོད་ཡིག་གི་དབྱངས་ཡིག་དང་གསལ་བྱེད་བཀོལ་ནས་སེམས་ཁམས་འབྲི་མཁན་ཞིག་ཏུ་ཆགས་མི་སྲིད་སྙམ། འདི་ལྟར་འཇིག་རྟེན་གྱི་འཁོར་བའི་གཤིས་ལུགས་སྣ་ཚོགས་ཤིག་ནི་ལས་ཀྱི་མཐུན་རྐྱེན་ཆུང་ངུ་ཞིག་གིས་རྩོད་མེད་དུ་འགྲུབ་ཀྱིན་འདུག་ཅིང་། ཐ་ན་ཁྱེད་དང་འུ་གཉིས་ཀྱི་ཐུག་འཕྲད་དང་བྱུང་ཟིན་པའི་དོན་རྐྱེན་དེ་དག་ཀྱང་ལས་ཀྱི་སྐུད་པ་ཕྲ་མོ་ཞིག་གིས་ཨ་ལོང་ལྟར་སྦྲེལ་ཡོད་པར་མི་འདོད་དམ།

རྨི་ལམ་སྣུམ་པོ་ཞིག་གི་དཀྱོགས་མཚམས་ན་སྡོད་པའི་ཁོ་བོ་ནི་སྐྱིད་ན་བླ་མ་དཀོན་མཆོག སྡུག་ན་ཚེ་སྔོན་ལས་བསྐོས་ཞེས་པའི་དཔེ་ལྟར། མི་ཚེ་འདིར་འདི་ལྟར་ས་མཐའི་འཁྱམ་པོ་ཞིག་སྐྱེ་བ་བླངས་ཚར་བས། ངས་ལས་ཀྱིས་བསྐོས་པའི་ཚེ་ཡི་རི་མོ་འདི་ཉིད་མགོ་ཐོག་གི་བུམ་པ་དང་ལྕེ་ཐོག་གི་བདུད་རྩི་ཞིག་ཏུ་མི་སེམས་པའི་བཟོ་ལྟ་ཞིག་གང་ན་ཡོད་ཨང་། དེ་ལྟ་ནའང་། ཕ་ཡུལ་དང་རི་ཆུ་སྟོང་ཕྲག་གིས་ཆོད་པའི་ལམ་ཐག་འདི་དྲན་ཐེངས་རེར། བདག་གི་སྙིང་དང་འདྲ་བའི་ཁྱེད་ཚོ་དྲན་ཡོང་ཞིང་། མགོ་བོ་མི་འོག་དང་སྲབ་མདའ་སྒ་འོག་ཡིན་པའི་ཐབས་ཟད་འུ་ཐུག་གི་གནས་བབ་འདི་དག་དྲན་ཐེངས་རེར། ཁ་རོག་གེར་དབུགས་རིང་ནར་ནར་འབྱིན་བཞིན་སེམས་པ་གསོ་བའི་སྙན་ངག་ཐན་ཐུན་འབྲི་བ་ལས་ཐབས་གཞན་ཅི་ཡང་ཡོད་མ་སོང་།

རྒྱང་ཐག་རིང་བའི་བུ་མོ། རྒྱང་ཐག་རིང་བའི་ལྷ་མོ། ལོ་ཟླ་རི་ནས་འདྲིལ་བའི་རྦབ་རྡོ་བཞིན་ངའི་སྙིང་ཁྲག་གི་རི་ཀློང་གསེབ་ཏུ་འཁྱར་འཁྱོར་གྱི་གོམ་འགྲོས་འཐེན་བཞིན་མུ་མཐུད་དུ་བསྐྱོད་ཀྱིན་འདུག་ཅིང་། བལྟས་ཚོད་ཀྱིས་སུ་ཞིག་གི་རྒས་གཉེར་གྱི་རི་མོ་མཐའ་དག་སྔར་ལས་ཀྱང་ཇེ་གསལ་དུ་གཏོང་འདོད་ཡོད་པ་འདྲ། ངས་དུས་ཚོད་ཀྱི་ཁབ་རྩེ་ན་གཡོ་བཞིན་པའི་ཚེ་སྲོག་གི་འགུལ་སྐྱོད་ལ་ཉན་བཞིན་ད་ནི་རང་ཉིད་ཀྱང་བདེན་པའི་མཆོད་རྟེན་དཀར་པོ་གནམ་དུ་འགྱོགས་ཤིང་། གནམ་ལྕགས་ཐོག་མདའི་ཟིལ་ཤུགས་གྱེན་ལ་གཏོད་ཕོད་པའི་གསར་བུ་རྣལ་མ་ཞིག་ཏུ་ཆགས་ན་བསམས་ལ། བརྗེད་འོས་པ་དང་བསྐྱུར་འོས་པའི་འདས་དོན་གྱི་རི་མོ་དེ་དག་ཀྱང་རྨི་ལམ་གྱི་ཕ་རོལ་དུ་ཁ་སང་བཞིན་བདས་ན་སྙམ།  དགོད་བྲོ་བ་ཞིག་ལ། དུས་ཚོད་ཀྱི་མདུན་དུ་ང་ནི་སང་ཉིན་གྱི་ཤ་ལས་དེ་རིང་གི་རུས་པ་ཞིམ་ཟེར་མཁན་གྱི་གྲལ་མཐར་འཚངས་ཚར་འདུག་པས།  འདས་དོན་གྱི་རི་མོ་དེ་དག་ཀྱང་ངའི་སྙིང་ཁར་བརྡབས་པའི་དྲན་རྟེན་གྱི་ཕུར་བ་ཞིག་དང་འདྲ་བར་མཚམས་ཚིགས་མེད་པར་ཁོ་བོར་ན་ཟུག་བསླངས་ཡོང་། སེམས་པ་སྐྱོ་དུས་ཝུ་ཆང་གི་མངར་ཁ་གཞིབས་པའི་གོམས་སྲོལ་ཞིག་ཀུན་ལ་ཡོད་མོད། དབང་རྩ་ཡོད་ཚད་སྦྲིད་དུ་འཇུག་ཅིང་མགོ་བོ་ལ་གཟེར་ཁ་རྒྱག་ཏུ་འཇུག་པའི་ཆང་རུལ་འདིས། ངའི་རྣམ་ཤེས་འཐོམ་སྦྲིད་དུ་གཏོང་མི་ཐུབ་པར་མ་ཟད་སྔར་ལས་ཀྱང་གྲིམ་པོར་བཏང་སོང་།  དེ་ནི་ཇི་འདྲའི་དགོད་བྲོ་བའི་ཆོས་ཉིད་ཡ་མཚན་ཅན་ཞིག་རེད་ཨང་།

ལོ་དེའི་དགུན་ཁར། སློབ་རའི་ལི་ཤིའི་ཚལ་དུ་ཁྱེད་དང་ཐོག་མར་འཕྲད་དུས། ཁྱེད་ནི་མི་ཚོགས་ཀྱི་ཀློང་ན་རྣ་རྒྱན་སིལ་སིལ། རྐང་འགྲོས་འཁྱུག་འཁྱུག རྦབ་ཆུ་ལྟ་བུའི་གནག་སྣུམ་གྱི་སྐྲའི་ལན་བུ་དེའང་རླུང་བུའི་བསིལ་འཇམ་གྱི་རྒྱུ་ཕྱོགས་དང་བསྟུན་ནས་འཕྱོ་ཞིང་། ངས་ཡུན་རིང་མ་ཕྲིས་པའི་སྙན་ངག་གི་སྒོ་མོ་དེའང་དེ་ག་ནས་ཁྱེད་ཀྱིས་ཁྲོག་གེར་ཕྱེས་སོང་།  ཕྱིར་འདང་རེ་བརྒྱབ་ན་འཇིག་རྟེན་འདིར་ཐུགས་རྗེ་ཆེ་ཞུ་ཡུལ་མང་པོ་ཞིག་འདུག་ལ། དགོད་བྲོ་བའི་འཆལ་གཏམ་འཕེན་དགོས་སའི་མིའང་མང་པོ་ཞིག་ལྷག་འདུག་སྙམ་ཡོང་། ང་རང་གི་མི་ཚེའི་སྐྱ་ཐིག་དེད་ནས་འགྲོ་རྒྱུར་ཐག་བཅད་ཟིན་པས། གཞན་གྱི་ཁ་རྡུང་དང་འཕྱ་དམོད་ནི་ཅི།  ཟུར་ཟ་དང་ལོང་གཏམ་ཡང་ཅི་ཡང་མ་ཡིན་ཏེ།  ཁོ་བོར་མཚོན་ན་འདི་ལྟར་ཚོར་བའི་རྒྱ་མཚོ་བརྒལ་ཐུབ་པའི་བརྩམས་ཆོས་རེ་ཡི་གེར་འབེབས་ཐུབ་ན་འདི་ལས་དོན་སྙིང་ཅན་གྱི་བྱ་གཞག་ཅིག་མེད་བསམས་ཡོད།  ཚོར་བ་ནི་མ་གཞི་ནས་གཙང་བོ་ཞིག་སྟེ། རྨུ་ཐག་གི་སྣེ་མོར་འཇུས་ཏེ་དགུང་ལ་ཕྱིན་སོང་ཟེར་བའི་གནམ་གྱི་ཁྲི་བདུན་ནས་ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་རྡོ་རིང་བར་ཞིབ་ཏུ་ལྟོས་དང་། ལོ་རྒྱུས་དང་ས་ཁམས་ཀྱིས་ང་ཚོ་ལ་བཞག་ཡོད་པའི་ཚོར་བའི་ཕུང་བོ་ནི་ཇི་འདྲའི་སྤམ་མཐོ་བ་ལ་ཨང་། མྱངས་ནས་རྫོགས་མི་སྲིད་པའི་ཚོར་བ་དེའང་མི་རབས་ཤིག་གི་གདུང་འབོད་དང་རེ་སྨོན་ལས་འཕྱུར་ཞིང་། སླར་ཡང་སྲ་ཞིང་མཁྲེགས་པའི་ས་གཞི་འདིའི་གས་སྲུབས་སུ་འཐིམ་ལ་ཉེ། ད་ལྟ་མཐོ་སྒང་གི་སྒལ་ཚིགས་འདི་རུ་ཀྲོང་ངེར་འགྱིང་བསྡད་ཡོད་པ་ནི་ཕོ་བྲང་པོ་ཏ་ལ་དང་ཡུམ་བུ་བླ་སྒང་ལས་མི་འདུག་ཨང་།  འདི་དག་ཡང་སྙིང་ཅི་ཞིག་གི་རྐྱེན་གྱིས་ཡིན་པ་ཁྱེད་ཀྱིས་ང་ལ་བཤད་ཐུབ་བམ། ངའི་རྒྱང་ཐག་རིང་བའི་བུ་མོ། རྒྱང་ཐག་རིང་བའི་ལྷ་མོ།

 

[①]ཨ་མདོའི་ཡུལ་དུ་ཡུང་མ་དང་ཤ་ཚིལ། ཙོང་སྒོག་སོགས་མཉམ་དུ་བསྲེས་ཏེ་བསྐོལ་བའི་ཟས་རིགས་ཤིག་ལ་གོ།

 

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

གངས་འདབས་ཀྱི་ན་གཞོན་འཁྱམ་པོ་ཞིག

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།