བདག་གི་ཨ་ཞང་རྗོ་ལེ་སི།- བརྩམས་སྒྲུང་།

6a600c338744ebf8e28800d9dbf9d72a6159a75f

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

གྷེ་ཏི.མོ་པ་སན་ (Guy de Maupassant 1850-1893) ནི་ཧྥ་རན་སིའི་འབྱོར་ལྡན་གྲལ་རིམ་གྱི་ཕྱུག་བདག་ཅིག་གི་ཁྱིམ་དུ་སྐུ་འཁྲུངས། ཁོང་ཧྥ་རན་སིའི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ (realist) དང་རང་བྱུང་དངོས་ཁམས་རིག་པ། (naturalist) དེང་རབས་སྒྲུང་ཐུང་གི་ཤིང་རྟའི་སྲོལ་འབྱེད་རྩོམ་པ་པོའི་གྲས་(one of the fathers of the modern short story) (ལ་ལས་དེང་རབས་སྒྲུང་ཐུང་གི་འཐུས་ཚབ་རྩོམ་པ་པོའི་གྲས་ཀྱི་མི་སྣ་གཙོ་བོ་ཞེས་ཀྱང་འབོད) ཀྱི་རྩོམ་མཁན་གྲགས་ཅན་ཞིག་ཡིན་པ་མ་ཟད། ད་དུང་སྙན་ངག་མཁན་ཞིག་ཀྱང་རེད། ལོ་ན་བཅུ་གསུམ་སྟེང་ཕ་མ་གཉིས་གཉེན་འཐོར་རྗེས། མོ་པ་སན་རང་གི་མ་ཡུམ་ (ཁོང་མོ་ཡང་གནའ་དེང་གི་རྩོམ་རིག་ཤེས་བྱ་དང་དམིགས་སུ་དབྱིན་ཇིའི་རྩོམ་མཁན་གྲགས་ཅན་ཝེ་ལེམ.ཤཱ་ཁི་སི་ཕེར་ (William Shakespeare 1564 –1616) གྱི་འཁྲབ་གཞུང་དང་རྩོམ་རིག་སྒྱུ་རྩལ་ལ་དུང་བ་ཟབ་མོ་ཆགས་ཡོད) ལགས་ཀྱིས་བྱམས་སྐྱོང་དང་སློབ་སྒྲུབ་འོག་རིམ་བཞིན་འཚར་ལོངས་བྱུང་།

དགུང་ལོ་ཉི་ཤུའི་སྟེང་ཁོང་རྒྱལ་ས་ཕེར་སིའི་ཁྲིམས་ལུགས་སྡེ་ཁག་ནས་སློབ་མཐར་ཕྱིན། ཕྱིས་སུ་དྭང་བླངས་དམག་དང་སྤྱི་ཚོགས་ཞབས་ཞུ། མཚོ་ཐོག་སྐྱེལ་འདྲེན་ལས་རིགས་དང་ཤེས་རིག་སྡེ་ཁག་སོགས་སུ་རླབས་ཆེན་གྱི་ཕྱག་ལས་མཛད་ཅིང་། སྔ་རྗེས་སུ་ཁོང་གིས་མུ་འབྲེལ་སྙན་རྩོམ་རིང་མོ་གླེགས་བམ་གཅིག་དང་ཡུལ་སྐོར་ཟིན་དེབ་གསུམ། སྒྲུང་རིང་བརྩམས་ཆོས་དྲུག་དང་སྒྲུང་ཐུང་སུམ་བརྒྱ་ལྷག་གསར་རྩོམ་གནང་།  ནུབ་ཕྱོགས་སུ་ཆེས་མང་དུ་གྲགས་པའི་ཁོང་གི་བརྩམས་ཆོས་གཙོ་བོ་ 《སྐྱེས་མའི་མི་ཚེ》《A Woman’s Life, 1883》 ཞེས་པ་འདི་ཉིད་ཡིན་པ་དང་ཕྱིས་སུ་ཁོང་གིས་དབྱིན་སྐད་ནང་བསྒྱུར་བསྐྲུན་མཛད། ཁོང་གི་སྒྲུང་ཐུང་གཙོ་བོ་ 《མགུལ་རྒྱན་》《The Necklace》 དང་ 《བུ་མོ་ལས་ངན་མ་ཞིག》《A Poor Girl!》 《ནོངས་འགྱོད》《Regret》 《དམུས་ལོང་བ》《The Blind Man》 《བུད་མེད་ཤི་བོ་ཞིག་གི་གསང་བ》《Dead Woman’s Secret》 《ར་བཟི་བ》《The Drunkard》 《དུར་ཁྲོད》《The Grave》 《སྔོན་མའི་བརྩེ་དུངས》《The Love of Long Ago》 《སྲིན་པོའི་མ་ཡུམ》《A Mother of Monsters》 《མ་བུ》《Mother and Son》 《བདག་གི་ཨ་ཞང་རྗོ་ལེ་སི》《My Uncle Jules》 《བཙོན་མ》《The Prisoners》 《རི་སྤྱང》《The Wolf》 《ཨ་ལེ་ཁི་སན་ཊི་ར་》《Alexandre》 སོགས་བགྲང་གིས་མི་ལང་བ་མཆིས།

གཞན་ཡང་ཁོང་གི་རྩོམ་རིག་བརྩམས་སྒྲུང་ལ་སྐབས་དེའི་ཆེས་ཕུལ་དུ་བྱུང་བའི་ཧྥ་རན་སིའི་རྟོག་སྒྲུང་དང་སྒྲུང་ཐུང་རྩོམ་མཁན་གྲགས་ཅན་ཧྥི་ལའོ་བྷར་ཊིའི་ (Flaubert 1821–80) (ཁོང་གི་མཐའ་དཔྱོད་དངོས་ཡོད་རིང་ལུགས་ཀྱི་དགེ་རྒན་ཡིན) རྩོམ་རིག་སྒྱུ་རྩལ་གྱི་ཤུགས་རྐྱེན་ཟམ་མོ་ཐེབས་ཡོད་ལ། ཁོང་གི་ལྗགས་རྩོམ་ཁག་ཏུ་དུས་རབས་དེའི་སྤྱི་ཚོགས་དཔལ་འབྱོར་གྱི་གནས་བབ་དངོས་དང་དེའི་འཕེལ་འགྲིབ། ལེ་ལོ་སྒྱིད་ལུག་གི་དབང་དུ་གྱུར་བའི་སྤྱི་ཚོགས་འཚོ་བའི་དོན་གནད་ཁག་བརྗོད་སྙིང་གཙོ་བོར་བཟུང་ཡོད། མ་ཟད་ཁོང་གི་ལྗགས་རྩོམ་མང་པོ་ཞིག་ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་དབར་བྱུང་བའི་དམག་འཁྲུག་ (Franco-Prussian War 1870s) སྐབས་སུ་བརྩམས་གྲུབ་མཛད་པས། སྐབས་དེའི་གཡུལ་འཁྲུག་གི་ཆག་སྒོ་དང་ཉེས་མེད་མི་སེར་ལ་ཐེབས་པའི་དཀའ་སྡུག་གི་འཚོ་གནས། དེའི་མྱོང་བ་ལས་བྱུང་བའི་སྤྱི་ཚོགས་འཚོ་བའི་འཕོ་འགྱུར་སོགས་འབྲི་བྱར་བཟུང་ནས། དེའི་ཐད་ཀྱི་བསམ་ཞིབ་གནད་དུ་འཁེལ་བ་དང་དེའི་དཔེར་མཚོན་གྱི་དོན་སྙིང་ལྡན་པའི་ཆ་ཟིན་པ། སྒྲུང་གཏམ་གྱི་སྒྲིག་བཀོད་མཚར་ཆེ་ཞིང་བྱུང་རིམ་ཕྲ་ཞིང་ཞིབ་པ། མི་སྣའི་གཟུགས་བརྙན་དང་སྐད་ཆར་གསོན་ཉམས་ལྡན་པ། ལྷག་པར་དུ་སྒྲུང་གཏམ་གྱི་མཇུག་བསྡུ་སྟངས་དེས་རྣམ་ཀུན་ཀློག་མཁན་རྣམས་བསམ་གཞིག་གི་ཀློང་དུ་ཁྲིད་འགྲོ་བ་བཅས་ནི་ཁོང་གི་སྒྲུང་རྩོམ་གྱི་ཆེས་འབུར་དུ་ཐོན་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པར་འདུག

ཕྱི་ལོ་ 1893 ཟླ་ 1 ཚེས་ 2 ཉིན་ཁོང་གིས་རང་གི་མིད་པ་བཅད་ནས་རང་སྲོག་དོར་བ་བཅས་སྐྱེས་ཆེན་ཁོང་གི་མི་ཚེ་ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས་སུ་ཝེ་ཁེ་རིག་མཛོད་ཆེན་མོ་ (wikipedia) ནས་སྒྲིག་བསྒྱུར་བྱས་པ་འདི་ཡང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཡར་ངོའི་ཟླ་བཞིན་འཕེལ་བའི་རྒྱུ་རུ་གྱུར་ཅིག།


 

བདག་གི་ཨ་ཞང་རྗོ་ལེ་སི།

གྷེ་ཏི.མོ་པ་སན་གྱིས་མཛད།
ན་བུན་གྱིས་དབྱིན་ཡིག་ལས་བསྒྱུར།

མགོ་སྐྲ་ཡོངས་སུ་དཀར་པོར་གྱུར་བའི་རྒན་འཁོགས་ཤིག་གིས་ངེད་གཉིས་ལ་སློང་མོ་རྒྱག་དུས། བདག་གི་གྲོགས་པོ་རྗོ་སི་ཧྥེས་ (Joseph Davranche) ཁོང་ལ་ཧྥ་སྒོར་ལྔ་བྱིན་པས། ང་རེ་ཞིག་ཧ་ལས་པར་གྱུར། ཁོས་བདག་གི་མཚར་ཉམས་ལ་བལྟས་ནས་ན་རེ“ལས་དབང་ངན་པའི་སྤྲང་བོ་འདིས་ང་ལ་ནམ་ཡང་བརྗེད་དཀའ་བའི་འདས་དོན་ཞིག་དྲན་སྐུལ་བཏང་བ་རེད། དོན་དག་དེ་ངས་ཁྱོད་ལ་བཤད་ཆོག དེའི་བྱུང་རིམ་འདི་ལྟ་སྟེ། “ངེད་ཚང་གྲོང་ཁྱེར་ཧ་ཝེ་རེ་ (Havre) ནས་ཡོང་བའི་དུད་ཚང་དབུལ་བོ་ཞིག་ཡིན། ང་ཚོས་ཁ་རྒྱབ་སོས་པ་ཙམ་གྱི་འཚོ་བ་སྐྱེལ་བཞིན་ཡོད། ཨ་ཕས་རྒྱུན་དུ་དཀའ་བའི་ལས་སུ་ཧུར་གྱིས་ཞུགས་ཤིང་ལས་ཁུངས་ནས་ཕྱིར་ལོག་པ་ཧ་ཅང་འཕྱི་མོད། དེའི་ཚོད་ཀྱི་གླ་ཕོགས་ཉུང་ངུ་ལས་འབབ་ཀྱིན་མེད། ང་ལ་ད་དུང་སྲིང་མོ་གཉིས་ཡོད།

བདག་གི་ཨ་མས་ང་ཚོའི་དབུལ་ཞིང་ཕོངས་པའི་འཚོ་གནས་ཡར་སྐུལ་གྱི་དོན་དུ་འབད་ནས་དཀའ་སྡུག་བཟློག་ཏུ་མེད་པ་མྱོང་བཞིན། མོས་རྟག་པར་ངན་ཁག་གང་མང་བཙལ་ནས་དོན་མེད་ལ་ཨ་ཕར་ལེ་བདའ་དང་སྡིགས་སྨྲེ་འདོན་པ་རེད། སྐབས་དེའི་ཨ་ཕ་ལགས་ཀྱི་སྙིང་རྗེ་ཡུལ་དུ་གྱུར་བའི་བཟོ་ལྟ་དེས་ང་ལ་སེམས་སྡུག་ཚད་མེད་བསྐྱེད་བྱུང་། ཁོང་གིས་རང་གི་དཔྲལ་བའི་སྟེང་དུ་དཀའ་སྡུག་གི་རྔུལ་ཆུ་ཁྲམ་ཁྲུམ་འཛར་གྱིན་མེད་བཞིན་དུ་ད་དུང་ཡོད་ཁུལ་གྱིས་ལག་པས་ཡ་ཐོད་ལ་བྱིལ་བྱིལ་གནང་བ་ལས། ཨ་མ་ལགས་ལ་འཁོན་ལན་སློག་རྒྱུ་མི་འདུག ངང་ཚུལ་དེ་ལས་བདག་གིས་ཁོང་གི་ཡིད་སེམས་གཏིང་ནས་ཆད་པའི་སྡུག་ཡུས་མོད་པོ་ཞིག་ཚོར་ཐུབ་པ་ཡིན།
ང་ཚོས་ཁྱིམ་ཚང་གི་འགྲོ་སྒོ་གྲོན་ཆུང་བྱས་ནས། མི་གཞན་པ་མགྲོན་ལན་དུ་འབོད་མི་དགོས་པའི་སླད་དུ། ང་ཚོས་མི་གཞན་གྱི་དགོང་ཟས་མགྲོན་འབོད་ཀྱང་དང་ལེན་བྱེད་ཀྱི་མེད། ང་ཚོའི་མཁོ་དངོས་ཡོད་ཚད་རིན་གོང་ཁེ་བོའི་ཚོང་ར་ནས་ཉོ་ཡི་ཡོད་ལ། བདག་གི་ཨ་ཅེ་གཉི་གས་རང་ཉིད་ལ་ཤམ་ལྭ་རེ་བཟོ་བའི་ཚེ་ན། འདོམ་ཕྱེད་གཅིག་ལ་ཟངས་སྒོར་བཅོ་ལྔ་རི་བའི་མཐའ་རྒྱན་ཞིག་ཉོ་དུས་ཀྱང་རིན་གོང་གཏམས་ཀྱི་ཡོད། ང་ཚོའི་བཟའ་བཏུང་ནམ་རྒྱུན་གླང་ཤ་དང་བྲོ་རྫས་སྣ་ཚོགས་ལས་གྲུབ་པའི་ཁུ་བ་ཡིན། དེ་ལུས་ཕུང་ལ་ཕན་ཞིང་འཚོ་བཅུད་ལྡན་ལུགས་བཤད་ཀྱང་། ང་རང་ཟས་རིགས་གཞན་པ་ཟ་རྒྱུར་དགའ་བོ་ཡོད།

ངས་སྔོན་ཆད་ལྭ་བའི་སྒྲོག་གུ་བོར་བ་དང་དོར་མ་ཕྲན་ཙམ་གཤགས་པ་ཙམ་གྱིས་ཀྱང་བཀའ་བཀྱོན་དྲག་པོ་རེག་མྱོང་།
གཟའ་ཉི་མ་རྟག་པར་ངེད་བཟའ་མི་ཚང་མས་འཕྱོར་གོས་སྤྲས་ནས་མཚོ་ཁ་ལ་སྤྲོ་འཆམ་དུ་འགྲོ་ངེས་ཡིན། བདག་གི་ཨ་ཕ་ལགས་ཀྱིས་སྟོད་གོས་ལྷུག་པོ་དང་རྒྱ་ཞྭ་མགོ་མདུང་། སྐྱི་མོའི་ལག་ཤུབས་སོགས་གྱོན་ནས་ཨ་མ་ལ་ལག་པ་འཇུ་རུ་འཇུག་ཅིང་། ཁོང་མོས་དར་ཟབ་སྣ་ཚོགས་ཀྱི་རྒྱན་གོས་སྤྲས་པའི་ཚུགས་ཀ་དེ་ནི་གུང་གསེང་ལ་སྐྱོད་པའི་གྲུ་གཟིངས་ཤིག་དང་གཉིས་སུ་མེད་ཨང་།

བདག་གི་ཨ་ཅེ་གཉིས་ནམ་རྒྱུན་ནངས་སྔ་མོར་ཤོམ་ལྭ་སྤྲས་ནས་ལམ་ལ་ཆས་པར་སྒུག་ཡོད། འགྲོ་ཁར་ནམ་ཀུན་ཨ་ཕའི་སྟོད་གོས་ལྷུག་པོའི་ཐོག་ཏུ་དྲི་ནོག་རེ་ཟུང་འགོས་འདུག་པས། འཕྲལ་མར་རྡོ་སྣུམ་ལ་སྦངས་པའི་གོས་ཧྲུལ་ཞིག་གིས་ཕྱི་བདར་ཡང་ཡང་བྱེད་དགོས་པ་རེད།

བདག་གི་ཨ་མ་ལགས་ཀྱིས་ཉེ་མཐོང་མིག་ཤེལ་གྱོན་ཞིང་ལག་ཤུབས་བཙོག་པ་བཟོ་བར་དོགས་ནས་ཕུད་དེ་གཡས་གཡོན་དུ་བྲེལ་བྲེལ་འཚབ་འཚུབ་གནང་དུས། བདག་གི་ཨ་ཕས་མགོ་ལ་དར་ཞྭ་ཞིག་དང་སྟོད་ལ་ཚི་ལེན་ཕུ་ཐུང་ཅན་ཞིག་གྱོན་ནས་རང་གི་རྫིག་ཉམས་ལ་ཡང་ ཡང་བརྟག་རྗེས། ངེད་ཅག་དགའ་དགའ་སྤྲོ་སྤྲོའི་ངང་ལམ་ལ་ཆས་པ་ཡིན།
བདག་གི་ཨ་ཅེ་གཉི་གས་ལག་འཇུ་བྱས་ནས་སྔོན་དུ་སྐྱོད་ཅིང་། ཁོ་མོ་གཉིས་གཉེན་སྒྲིག་རན་ལ་སོན་འདུག་པས། ད་ནི་གཉེན་སློང་ན་འོས།

ང་རང་ཨ་མ་ལགས་ཀྱི་གཡོན་ཕྱོགས་དང་ཨ་ཕ་གཡས་ཕྱོགས་སུ་འགྲོ་གི་ཡོད། མ་ཟད་ལས་དབང་ངན་པའི་ཕ་མ་འདི་གཉིས་གཟའ་ཉི་མ་ ཉིན་ལྟར་སྤྲོ་འཆམ་ཁམས་གཡེང་ལ་འགྲོ་དུས། ཁོང་གཉི་གའི་ཁ་ཕོ་ཆེ་བའི་གདངས་དང་རྫིག་ཉམས་སྟོན་པའི་འགྲོས་སོགས་ངའི་ཡིད་ལ་ཝ་ལེར་འཆར་ གྱིན་འདུག ཁོང་ཁྱོ་ཤུག་གཉིས་ལས་དོན་གལ་ཆེན་ཞིག་སྒྲུབ་ཏུ་ཕེབས་པ་ལྟར། ལུས་པོ་ཀྲོང་ཀྲོང་དང་གོམ་པ་འགྱེང་སྟབས་ཀྱིས་དལ་བ་དལ་བུར་བསྐྱོད་པ་རེད།
གཟའ་ཉི་མ་རྟག་པར་ཐོས་མ་མྱོང་བའི་ཐག་རིང་གི་རྒྱལ་ཁབ་ག་གེ་མོ་ནས་ཕྱིར་ལོག་ཡོང་བའི་རླངས་ཤུགས་གྲུ་གཟིངས་ཆེན་པོ་དག་མཐོང་ བ་ན། ཨ་ཕས“ཨེ། གལ་སྲིད་རྗོ་ལེ་སི་ཕ་གིའི་གྲུ་གཟིངས་སྟེང་ཡོད་ན། ཅི་འདྲ་མི་སྐྱིད་དམ”ཞེས་སྐད་ཆ་འདི་རང་ཟློས་ལབ་བྱེད།

ཨ་ཕའི་ཕུ་བོ་སྟེ་བདག་གི་ཨ་ཞང་རྗོ་ལེ་སི་ནི་_____སྔོན་ཆད་ཁྱིམ་ཚང་འདི་ལ་ཆག་སྒོ་ཆེན་པོ་ཞིག་བསླངས་པའི་རྗེས་སུ_____ངེད་ཁྱིམ་མི་གང་བོས་རེ་ལྟོས་བྱེད་ས་གཅིག་པུ་ཡིན་འདུག ང་རང་ཆུང་དུས་ནས་ཁོང་གི་གནས་ཚུལ་གོ་ཐོས་བྱུང་བ་བརྒྱུད་ནས་ཁོང་ལ་ཆ་རྒྱུས་ཆེ་བར་བརྟེན། མཐོང་མ་ཐག་ཏུ་ངས་ཁོང་ལམ་སང་ངོས་ཟིན་ཐུབ་པ་འདྲ། ཁྱིམ་མི་ཚོས་ཁོང་གི་མི་ཚེ་འཚོ་གནས་གླེང་སྐབས་ནམ་རྒྱུན་ཤབ་བི་ཤུབ་བིར་ལབ་ཀྱི་ཡོད་རུང་། ངས་ཁོང་ཨ་རི་ལ་མ་སོང་སྔོན་གྱི་ཁོང་གི་མི་ཚེ་གཏམ་རྒྱུད་རེ་རེ་བཞིན་གསལ་བོར་ཤེས་ཀྱི་ཡོད།

བཤད་ཚུལ་ལྟར་ན། ཁོས་སྔོན་ཆད་ཁྱིམ་ཚང་འདིའི་སྐྱ་ཟད་སྔོ་གཏུགས་ཀྱི་འཚོ་བ་ལ་ཆག་སྒོ་ཆེན་པོ་ཞིག་བསླངས་ཡོད་ཚོད་རེད། ཁོས་སྒོར་མོ་མི་ཉུང་བ་ཞིག་ཆུད་ཟོས་སུ་བཏང་བ་དེ། དུད་ཁྱིམ་དབུལ་བོ་ཞིག་གི་ངོས་ནས་བཤད་ན་ངོ་མ་ནག་ཉེས་ཚབས་ཆེན་ཞིག་རེད་ལ། ཡང་འབྱོར་ལྡན་མི་མང་ལ་མཚོན་ན། ཉིན་མཚན་དབྱེར་མེད་དུ་འདོད་སྲེད་ཀྱི་བདེ་བར་བག་མེད་རོལ་བ་ནི། མ་གཞི་ལོ་ལེགས་བཟང་བའི་གཤིན་ས་རུ་རྩྭ་ཡུག་གི་ས་བོན་གཏོར་བ་འབའ་ཞིག་ལས་གཞན་ཅི་ཡང་མིན་པས། སྤྱིར་མི་དེ་རིགས་ལ་ཁོང་ཚོས“མ་ཡ་གཟུགས”ཤིག་ཏུ་འབོད་ཅིང་། འབྱོར་མེད་དུད་ཁྱིམ་ཕལ་མོ་ཆེར་མཚོན་ན། ན་གཞོན་ཞིག་གིས་རང་གི་ཕ་མ་ལ་བཙན་ཤེད་བཀོལ་ནས་རང་སྣང་གང་དྲན་བྱེད་པ་ནི་མ་རུངས་གཏུམ་པོ་དང་ངོ་ཚ་ཁྲེལ་མེད་ཅིག་ལོས་ཡིན། ལར་དོན་དག་འདི་གཉིས་གཅིག་པ་གཅིག་མཚུངས་སུ་སྣང་ནའང་། བྱས་ཉེས་གང་ཞིག་ཡིན་རུང་། དེའི་མཇུག་འབྲས་ཁོ་ནས་ད་གཟོད་ཉེས་སྤྱོད་ཚབས་ཆེ་མིན་ར་སྤྲོད་བྱུང་གི་ཡོད་པས། འདི་ལྟར་དབྱེ་ན་ཤིན་ཏུ་ནས་འོས་ཤིང་འཚམ་པར་འདུག

དེ་ལྟར་ཨ་ཞང་རྗོ་ལེ་སིས་ཁོ་རང་གི་རྒྱུ་ནོར་ཡོད་ཚད་ཆུད་ཟོས་སུ་བཏང་ཚར་རྗེས། མངོན་སུམ་འཛེམ་མེད་ལ་བདག་གི་ཨ་ཕ་ལགས་ཀྱིས་རེ་ཞིང་ལྟ་སའི་ཐོབ་སྐལ་ལའང་གྱོང་ཁེལ་བཟོས་ཤིང་། ཕྱིས་སུ་སྐབས་དེ་ཤེད་ཀྱི་གོམས་སྲོལ་ལྟར། ཁོ་ཧ་ཝེ་རེ་གྲོང་ཁྱེར་ནས་ནེའུ་ཡོག་ (New York) གྲོང་ཁྱེར་དུ་བསྐྱོད་པའི་ཚོང་ཟོག་སྐྱེལ་འདྲེན་གྲུ་གཟིངས་ལ་བསྡད་ནས་ཨ་མི་རེ་ཀ་ལ་ (America) འགྲོར་བཅུག་པ་རེད།
དེ་གར་བདག་གི་ཨ་ཞང་གིས་ཁེ་ཚོང་གཉེར་བའམ་ལས་གཡོག་ལ་རྒྱུག་ནས་རིང་བོ་མ་འགོར་བར། འཕྲིན་ཡིག་ཅིག་འབྱོར་པའི་ནང་ཁོང་གིས་སྒོར་མོ་མི་ཉུང་བ་ཞིག་བསོག་ནས་མི་འགྱང་བར་ཉེ་སྔོན་ཨ་ཕ་ལ་གྱོང་ཁེལ་ཇི་ཙམ་བཟོས་པ་དེ་ཙམ་གྱི་སྐྱིན་ཚབ་སྤྲོད་ཐུབ་པའི་རེ་བ་བཏོན་འདུག དེར་བརྟེན། འཕྲིན་ཡིག་དེས་ངེད་ཅག་ཁྱིམ་མི་གང་བོར་སེམས་འགུལ་ཟབ་མོ་ཐེབས་བྱུང་།

སྔོན་ཆད་རང་ཁ་རང་གསོ་མི་ནུས་པའི་རྗོ་ལེ་སི་གློ་བུར་དུ་རྡ་ཝེ་རན་ཆེ་ (Davranches) ཚང་གི་མེས་པོ་གོང་མ་ཚོ་ནང་བཞིན་མི་བཟང་སེམས་བཟང་ཡིད་རྟོན་རུང་བ་དང་རྒྱུ་འབྲས་བརྩི་མཁན་ཞིག་ཏུ་གྱུར་བ་རེད།

དེར་མ་ཟད། མཚོ་གྲུའི་དེད་དཔོན་ཞིག་གིས་ང་ཚོ་ལ་ཁོང་གིས་དེང་སང་ཚོང་ཁང་ཆེན་པོ་ཞིག་གླས་ནས་ཚོང་ཆེན་གཉེར་གྱིན་ཡོད་ཚུལ་བརྗོད་བྱུང་།

དེ་ནས་ལོ་གཉིས་ཀྱི་རྗེས་སུ་འཕྲིན་ཡིག་ཐེངས་གཉིས་པ་འབྱོར་བའི་ནང་ཁོང་གིས‘བདག་གི་བརྩེ་བའི་ཧྥེ་ལེ་ཕི་ (Philippe) ལགས། ཁྱེད་ཀྱིས་བདག་གི་བདེ་ཐང་ལ་སེམས་ཁུར་གནང་གི་ཡོད་ལས་ཆེ་བས། ངས་ཡི་གེ་འདི་བྲིས་པ་ལགས། ང་སྔར་བཞིན་བདེ་ཞིང་སྐྱིད་ལ་ཁེ་ཚོང་གི་བྱ་བའང་ཧ་ཅང་བཟང་། ང་སང་ཉིན་ཨ་རི་ལྷོ་མར་ཡུལ་སྐོར་ལྗོངས་རྒྱུ་ལ་འགྲོ་རྩིས་ཡོད་པས། གཅིག་བྱས་ན་ལོ་ངོ་ཁ་ཤས་རིང་ཁྱེད་ཅག་ལ་གར་ཡོད་ཅི་བྱེད་ཀྱི་གནས་ཚུལ་སྤྲིང་མི་ཐུབ་ནའང་ཐང་། གལ་སྲིད་ངས་འཕྲིན་ཡིག་འབྲི་མ་ཐུབ་ཀྱང་ཐུགས་ཁྲལ་མི་གནང་བར་ཞུ། ངས་རྒྱུ་ནོར་མང་པོ་ཞིག་བསོགས་རྗེས་ཕྱིར་ཕ་ཡུལ་ཧ་ཝེ་རེ་གྲོང་ཁྱེར་ལ་ལོག་ཡོང་གི་ཡིན་པས། རིང་བོ་མི་ཐོགས་པར་ང་ཚོ་ཁྱིམ་མི་ལྷན་འཛོམས་ཀྱིས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་པའི་རེ་བ་སྙིང་ལ་བཅངས་ཡོད’ཅེས་ལབ་འདུག

ཡི་གེ་འདི་ངེད་ཚང་གི་འཕྲིན་བཟང་གཅིག་པུ་རུ་གྱུར་ཅིང་། བཟའ་སྡིགས་ཕྲན་བུ་བྱུང་ཚེ། ང་ཚོས་འཕྲིན་ཡིག་འདི་རང་བླངས་ནས་ཀློག་གི་ཡོད། མ་ཟད་འཕྲིན་ཡིག་འདི་ཕྱི་འོང་མགྲོན་པོ་ཚང་མ་ལ་ངོམ་སོ་བྱ་བར་གདའ་འོ།།

འདས་པའི་ལོ་ངོ་བཅུ་ཕྲག་ཅིག་གི་རིང་ལ་ཨ་ཞང་རྗོ་ལེ་སིའི་གནས་ཚུལ་གཅིག་ཀྱང་གོ་ཐོས་མ་བྱུང་། ཡིན་ནའང་། བཞུད་ཀྱིན་པའི་དུས་ཚོད་ཀྱི་འགྲོས་དང་བསྡོངས་ནས་བདག་གི་ཨ་ཕ་ལགས་ཀྱི་རེ་ལྟོས་ནི་སྐོམ་པ་ཆུ་འདོད་ལྟར་བླ་ལྷག་ཏུ་གྱུར་ཅིང་། བདག་གི་ཨ་མས་ཀྱང་རྒྱུན་དུ“རྗོ་ལེ་སི་ཡིད་གཞུངས་ཅན་པོ་ཕྱིར་ལ་ལོག་འོང་ཚེ། འུ་ཅག་གི་འཚོ་གནས་ལ་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་ངེས་རེད། ཁོ་ངོ་མ་འཚོ་གནས་ཐབས་བཀོད་ལ་མཁས་པའི་མི་འཇོན་ཐང་ཅན་ཞིག་རེད་ཨང”ཞེས་དེ་སྐད་ལབ་ཅིང་མཆིས།

གཟའ་ཉི་མ་ཉིན་རྒྱུན་རྒྱང་རིང་ན་དུ་བ་སྔོ་ལང་ལིང་འཕྱུར་བའི་རླངས་ཤུགས་གྲུ་གཟིངས་ཆེན་པོ་དག་ལོག་འོང་གིན་པར་བལྟས་ནས། ཨ་ཕས“ཨེ། གལ་སྲིད་རྗོ་ལེ་སི་ཕ་གིའི་གྲུ་གཟིངས་སྟེང་ཡོད་ན། ཅི་འདྲ་མི་སྐྱིད་དམ”ཞེས་དྲི་ཚིག་འདི་རང་བསྐྱར་ཟློས་སུ་ལབ་ཅིང་།

སྐབས་དེ་ཤེད་དུ་ངེད་ཅག་ཚང་མས་ཨ་ཞང་གིས་གྲུ་སྟེང་ན་ང་ཚོར་ལག་ཕྱིས་གཡུགས་ནས་ལོག་ཡོང་གིན་ཡོད་པ་ལྟར་སྒུག་ནས“ཨ་ཞང་ཧྥེ་ལེ་ཕི་ (Philippe)____གཅེས་མིང་གིས་འབོད་སྟངས་ཤིག____”ཞེས་དགའ་འབོད་བྱེད་ཀྱི་ཡོད།
དེ་ལྟའི་རེ་སྒུག་ངང་ང་ཚོས་ཁོང་ཕྱིར་ལོག་ཡོང་བའི་ཐད་ལ་ཐབས་བརྒྱ་ཇུས་སྟོང་འཐེན་ཞིང་། ཐ་ན་ཁོང་གི་སྒོར་མོ་བཀོལ་ནས་ཨན་གྷོ་ཝེ་ལི་ (Ingouville) གྲོང་འདབས་སུ་ས་ཆ་ཆུང་ཆུང་ཞིག་ཉོ་རྒྱུའི་འཆར་གཞི་ཡང་བཀོད་ཟིན། འོན་ཀྱང་ཨ་ཕས་ས་ཆ་དེ་ཉོ་བའི་གྲོས་བཏབ་ཡོད་མེད་ང་ལ་གསལ་ཁ་ཅི་ཡང་མེད།

སྐབས་དེར་བདག་གི་སྲིང་མོ་ཆེ་བ་ལོ་ཉེར་བརྒྱད་དང་ནུ་མོ་ལོ་ཉེར་དྲུག་ལ་སོན་ཡང་། ཁོ་མོ་གཉིས་ད་དུང་གཉེན་སྡེབ་མེད་པ་དེས་ངེད་ཅག་ཁྱིམ་མི་གང་བོ་སེམས་ཁུར་ལ་གཏད་ཡོད།

མཐའ་མཇུག་ཨ་ཅེ་ཆུང་བ་ཁོ་མོ་རང་ཉིད་དང་འཚམ་པའི་གཉེན་བདག་ཅིག་བྱུང་ལ། ཁོ་ལས་དྲུང་ཆུང་ཆུང་ཞིག་རེད། ཁོ་རང་མི་རྒྱུ་ཆེན་ཞིག་མིན་རུང་ཀུན་པོས་བརྩི་བཀུར་གནང་བ་ཞིག་ཡིན་པར་འདུག དགོང་མོ་ཞིག་ལ་ང་ཚོས་ཁོར་ཨ་ཞང་རྗོ་ལེ་སིའི་འཕྲིན་ཡིག་དེ་བསྟན་པས། ཁོས་ཚམ་ཚོམ་མེད་པར་བདག་གི་ཨ་ཅེ་ཆུང་བ་དང་གཉེན་སྡེབ་རྒྱུ་སེམས་ཐག་བཅད་པ་གདོན་མི་ཟ།

འཕྲལ་མར་ཁོ་གཉེན་དོན་ལ་འཐད་པ་བྱུང་ཞིང་གཉེན་སྟོན་རྗེས་སུ། ངེད་ཅག་ཁྱིམ་མི་གང་བོ་རྗེར་སེ་ (Jersey) གླིང་ཕྲན་དུ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་རྒྱུ་ཐག་བཅད།

རྗེར་སེ་གླིང་ཕྲན་ནི་འབྱོར་མེད་དབུལ་བོ་ཚོ་སྤྲོ་གསེང་ལ་འགྲོ་སའི་གནས་ཡི་གར་འོང་བ་ཞིག་ཡིན་ཞིང་། ལམ་ཐག་ཀྱང་རིང་བོ་མིན། རླངས་ཤུགས་གྲུ་གཟིངས་ལ་བསྡད་ནས་མཚོ་གླིང་ཤར་མོ་དེ་གར་བསྐྱོད་ཚེ། ཕྱི་རྒྱལ་གྱི་མངའ་ཁོངས་སུ་སླེབས་པ་རེད། རྒྱུ་མཚན་གླིང་ཕྲན་ཆུང་ཆུང་འདི་མ་གཞི་ནས་དབྱིན་ཇི་བའི་མངའ་ཁོངས་རེད། དེ་བས། ཧྥ་རན་སི་བ་ཞིག་དུས་ཚོད་གཉིས་རིང་མཚོ་འགྲུལ་བྱས་ཚེ་ད་གཟོད་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཡུལ་མི་ཚོར་ལྟ་སྐོར་བྱེད་པ་དང་ཁོང་ཚོའི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་ཐུབ་པ་རེད།

ད་ཐེངས་རྗེར་སེ་གླིང་ཕྲན་ལ་ཡུལ་སྐོར་ལྗོངས་རྒྱུ་ཡིད་ཚིམ་པ་ཞིག་བྱེད་རྒྱུ་ནི། ང་ཚོའི་སེམས་ནང་གི་རེ་སྒུག་དང་བསམ་འདུན་ཉག་གཅིག་པུ་དེ་ཡིན་ལ། མཐའ་མཇུག་ང་ཚོ་གླིང་ཕྲན་དེ་གར་ཆས་པ་ཡིན།

རེབ་དེའི་མཐོང་ཐོས་མྱོང་གསུམ་ཁ་སང་བྱུང་བ་དང་འདྲ་བར། དེ་རིང་ད་དུང་ངའི་ཡིད་ལ་གསལ་ལྷང་ངེར་དྲན་གྱི་འདུག རླངས་ཤུགས་གྲུ་གཟིངས་ཨན་གྷོ་ཝེ་ལིའི་གྲུ་ཁར་ཐོན་དུས། ངའི་ཨ་ཕས་ཐམ་མེ་ཐོམ་མེར་ང་ཚོའི་རྡོག་ཁྲེས་གསུམ་པོ་གྲུ་ཐོག་ཏུ་འཇོག་པར་ལྟ་རྟོག་ནན་མོ་བྱས་ཤིང་། ངའི་ཨ་མ་དངངས་སྐྲག་ཚབ་ཚུབ་ཏུ་ད་དུང་གཉེན་བདག་མ་རྙེད་པའི་བདག་གི་ཨ་ཅེ་ཡི་གྲུ་ཁུག་ལ་འཇུས་ནས་འགྲོ། ནུ་མོ་གནས་ལ་སོང་བ་ནས་བཟུང་། ཁོ་མོ་བྱ་ཚང་གཅིག་ལས་མཐའ་མཇུག་གཅིག་པུར་ལྷག་པའི་བྱ་ཕྲུག་ཅིག་དང་འདྲ་བར་ཅི་བྱ་གཏོལ་བྲལ་དུ་གྱུར་འདུག གསར་དུ་གཉེན་སྡེབ་པའི་ཁྱོ་ཤུག་གཉིས་ང་ཚོའི་རྗེས་སུ་ཡོང་གིན་ཡོད། ཁོང་གཉིས་ནམ་རྒྱུན་རྗེས་སུ་ལུས་འགྲོ་བས། ངས་གཡས་གཡོན་དུ་ཡང་ཡང་ལྟ་དགོས་པ་ཞིག་བྱུང་།

དུང་བརྡ་བསྒྲགས་པ་དང་མཉམ་དུ། ང་ཚོ་གྲུ་སྟེང་དུ་བུད་རྗེས། གྲུ་གཟིངས་གྲུ་ཁ་དང་བྲལ་ནས་མདུན་ཕྱོགས་སུ་བསྐྱོད་ཅིང་། རྡོ་ཀ་མ་རུ་བའི་ཅོག་ཙེའི་ངོས་དང་འདྲ་བའི་ཁོད་སྙོམས་རྒྱ་མཚོའི་ཀློང་དུ་ཞུགས། ང་ཚོ་མཚོ་སྐྱོད་བྱས་མ་མྱོང་བའི་མི་རྣམས་དང་འདྲ་བར། གྲུ་ཁ་མཐོང་ལམ་ནས་ཡལ་རག་བར་དུ་ལྟ་བཞིན། སེམས་དགའ་སྤྲོས་ཁྱབ་ཅིང་ཡིད་སྤོབས་པས་བརྟས་པར་གྱུར།

བདག་གི་ཨ་ཕས་སྟོད་ལྭའི་སྒྲོག་གུ་གྲོལ་ནས་བྲང་གཞུང་དུ་མཚོ་རླུང་གྲང་མོ་རྒྱུ་རུ་འཇུག་གིན་གདའ། ནངས་མོ་དེར་ཁོང་གི་སྟོད་ལྭའི་སྟེང་འགོས་པའི་དྲི་ནོག་གཙང་མ་ཕྱིས་ཀྱང་། ཁོའི་མཐའ་འཁོར་དུ་རྡོ་སྣུམ་གྱི་དྲི་མས་ཁྱབ་འདུག་པས། དྲི་མ་དེ་ལ་སྣོམ་ཐེངས་རེར་བདག་གིས་ད་གཟོད་གཟའ་ཉི་མ་ཡིན་པ་ཤེས་ཐུབ།

ཨ་ཕས་གློ་བུར་དུ་མི་དྲག་གཉིས་ཀྱིས་རྒྱན་གོས་སྤྲས་པའི་ལྷ་ལྕམ་གཉིས་ལ་ཉ་ཕྱིས་ (oyster) མང་པོ་གསོལ་དུ་འདྲེན་བཞིན་པ་མཐོང་ཡོང་། དེ་ཡང་གོས་ཧྲུལ་གྱོན་པའི་ཉ་བ་རྒན་པོ་ཞིག་གིས་སོ་གྲི་བཟུང་སྟེ་ཉ་སོག་ (shell) གི་ཁ་ཕྱེ་ནས་སྐུ་དྲག་དེ་གཉིས་ལ་ཕུལ་བ་དང་། ཁོང་གཉི་གས་ལྷ་ལྕམ་དེ་གཉིས་ལ་དྲངས་པ་རེད། ཕར་བལྟས་ཚོད་ཀྱིས་ཁོང་ཚོ་ཇི་འདྲའི་ཞལ་ཟས་ཞིམ་པོ་ཞིག་ལ་རོལ་ཞིང་ཡོད་པ་ལྟར་བྱེད་ཅིང་། གོས་ལྭ་མི་རྫོབ་པའི་སླད་དུ་ཁོང་ཚོས་ཉ་སོག་ལག་ཕྱིས་ཁུད་དུ་བཟུང་ཞིང་མཆུ་ཏོ་མདུན་དུ་བསྲངས་ནས་འགུལ་ཙམ་འགུལ་ཙམ་གྱིས་དྭངས་མ་ཡོད་ཚད་གཞིབས་ཚར་རྗེས་ཕྱི་སྐོགས་གྲུ་གཟིངས་ནང་གཡུག་གིན་གདའ།

སྐྱོམ་ཞིང་སྐྱོད་བཞིན་པའི་གྲུ་ཐོག་གི་ཉ་སོག་བཞེས་སྲོལ་དེས་བདག་གི་ཨ་ཕའི་ཡིད་དབང་མེད་དུ་མྱོས་སུ་བཅུག་ཡོད་པ་སྨོས་མེད་རེད། ཁོང་གིས་ངང་ཚུལ་དེ་ནི་ཉ་སོག་བཞེས་སྟངས་ཆེས་ལྟ་ན་སྡུག་པ་ཞིག་ཏུ་འདོད་དེ། ཨ་མ་དང་ཨ་ཅེ་གཉིས་ཀྱི་གམ་དུ་སོང་ནས“ངས་ཁྱོད་ཚོར་ཉ་ཕྱིས་འགའ་ཉོས་ན་ཅི་འདྲ་རེད”ཅེས་དྲིས་པ་ལ། བདག་གི་ཨ་མ་ལགས་ཉ་ཕྱིས་ཀྱི་རིན་གོང་མཐོ་བར་དོགས་ཀྱང་བདག་གི་ཨ་ཅེ་གཉིས་ལམ་སང་འཐད་པ་བྱུང་བས། བདག་གི་ཨ་མ་ཅུང་ཁྲོས་པའི་ཚུལ་གྱིས“ངའི་ཕོ་བ་ན་ངེས་རེད། བྱིས་པ་ཚོར་ཉོས། མང་པོ་མ་ཉོ། ཁོ་ཚོའི་ཕོ་བ་ན་ཡོང”ཟེར་ཞོར་ཁ་ངའི་ཕྱོགས་སུ་འཁོར་ནས“རྗོ་སི་ཧྥེ་ལ་ཉོ་མི་དགོས། བྱིས་པ་གཅེས་ལང་ལ་མ་གཏོང”ཞེས་ཚིག་འགའ་ཁ་སྣོན་གྱི་ཚུལ་དུ་སྨྲས།

ཅི་སྟེ་ང་ཨ་མ་ལགས་ཀྱི་གམ་དུ་མི་འདུག་ཀ་མེད་རེད་ལ། ཁོང་མོས་འདི་ལྟར་ཞེན་ཕྱོགས་འཛིན་པ་ནི་དྲང་མཉམ་ཞིག་མིན་པར་སྙམ། ངས་ཨ་ཕས་རྫིག་ཉམས་ཤིག་བཏོད་དེ་བདག་གི་ཨ་ཅེ་གཉིས་དང་མག་པ་ཁྲིད་ནས་གོས་ཧྲུལ་གྱོན་པའི་ཉ་བ་རྒན་པོ་དེའི་རྩིབ་ལ་བསྐྱོད་པར་བལྟས་ནས་བསྡད།

ལྷ་ལྕམ་དེ་གཉིས་སོང་ཤུལ། ཨ་ཕས་ཨ་ཅེ་གཉིས་ལ་ཕྱག་རྒྱ་སྣ་ཚོགས་ཀྱིས་ཉ་སོག་གི་དྭངས་མ་ལྭ་བའི་ཐོག་ཏུ་མ་དབོ་བར་ཇི་ལྟར་འཇིབ་དགོས་ཚུལ་བསྟན་པ་མ་ཟད། ཐ་ན་ཁོང་གིས་ལྷ་ལྕམ་དེ་གཉིས་ལ་ལད་མོ་བྱས་ཏེ་ཉ་ཕྱིས་ཤིག་བླངས་ནས་དཔེ་སྟོན་ཡང་གནང་བར་རྩོམ་སྐབས། འཇིབ་མ་ཤེས་པར་ཉ་སོག་གི་དྭངས་མ་ཐམས་ཅད་ཁོ་རང་གི་ལྭ་བའི་ཐོག་ལ་ཕོ་བས། བདག་གི་ཨ་མས་ལྡབ་ལྡིབ་ངང“མི་ཤེས་ན་ད་ཅི་ནས་ཁ་རོག་ལ་བསྡད་ན་ལེགས”ཟེར་བ་ཞིག་བདག་གིས་ཐོས་འོང་།

གློ་བུར་དུ་བདག་གི་ཨ་ཕ་ལ་སེམས་ཁྲལ་བསྐྱེད་བྱུང་བ་འདྲ། ཁོང་གོམ་པ་འགར་ཕྱིར་བཤོལ་ནས། ཉ་སོག་འཚོང་མཁན་རྒན་པོ་དེའི་གམ་དུ་འཚང་བའི་རང་གི་བུ་མོ་གཉིས་དང་མག་པ་ལ་མིག་ཅེ་རེར་བལྟས་འདུག དེ་ནས་ཁོང་ཚབ་བི་ཚུབ་བིར་ཕྱིར་ཨ་མ་དང་ངེད་གཉིས་ཀྱི་གམ་དུ་ལོག་ཡོང་། ཁོང་གི་གདོང་མདོག་སྐྱ་བོར་གྱུར་ཞིང་མིག་མདངས་ཀྱང་ཉམས་འདུག་པ་འདྲ། ཁོང་གིས་ཨ་མ་ལགས་ལ“ངོ་མ་ཡ་མཚན་རེད། ཉ་སོག་འཚོང་མཁན་ཕ་གི་རྗོ་ལེ་སི་ཡིན་པ་འདྲ”ཅེས་སྐད་མགོ་དམའ་མོས་བཤད།

བདག་གི་ཨ་མ་ལགས་ཧ་ལས་ཏེ“ཅི་ཟེར། རྗོ་ལེ་སི”ཞེས་དེ་སྐད་དྲིས་པ་ལ་ཨ་ཕ་ན་རེ།
“ཅི་རེད། ངའི་ཕུ་བོ་ཟེར་བ་ཡིན། ཁོ་འཚམས་པོ་བདེ་མོར་ཨ་རི་ལ་སོང་ཡོད་འདུག་མི་གསལ་བས། ངས་ཕ་གི་ཁོ་རང་རེད་སྙམ་བྱུང”
བདག་གི་ཨ་མས་ཚམ་མེ་ཚོམ་མེར“ཁྱོད་འདི་ངོ་མ་སྨྱོས་འདུག ཁྱོས་ཁོ་མིན་པ་ཤེས་བཞིན་དུ། ད་དུང་སྨྱོ་བཤད་དེ་འདྲ་བྱེད་དོན་ཅི་ཡིན”ཞེས་ངག་དག་དིག་ཏུ་ལབ།
ཡིན་ན་ཡང་ཨ་ཕས“ཁི་ལ་རེ་སི་ (Clarisse) ལགས། ཁྱོད་ཀྱི་རྣར་མི་འགྲོ་ན་ཁྱོད་རང་སོང་ལ་ཅིག་ལྟོས་དང་། ཁྱོད་རང་ཉིད་ཀྱི་མིག་གིས་གསལ་བོར་མཐོང་ན་དགའ”ཞེས་ཨུ་ཚུགས་བྱས་བྱུང་བས། ཁོང་མོ་ཡར་ལངས་ནས་བུ་མོ་གཉིས་ཀྱི་གམ་དུ་ཕྱིན། ངས་ཀྱང་མི་དེ་ལ་ཞིབ་ཏུ་ལྟ་དུས། ཁོ་རང་མི་རྒན་འཁོགས་ལྭ་བ་རྙིང་རལ་དུ་གྱུར་ཞིང་གདོང་ཡོངས་གཉེར་མས་ཁེངས་འདུག་པ་ཞིག་རེད་ལ། ཁོས་རང་གི་ལས་ཀར་རྩེ་གཅིག་ཏུ་གཞོལ་བ་ལས་མིག་གིས་ཡར་མར་ལ་ལྟ་ཙམ་ཡང་མི་གནང་བར་མཆིས།
བདག་གི་ཨ་མ་ལགས་ཕྱིར་ལོག་ཡོང་། ཁོང་མོ་ཞེད་སྣང་གིས་འདར་སིག་རྒྱག་བཞིན་པ་ངས་དོ་སྣང་བྱུང་། ཁོང་མོ་ཚབ་བི་ཚུབ་བིར་སྐད་ཆ་ལབ་པ་ཧ་ཅང་མགྱོགས་ཏེ། “ངས་བལྟས་ན་ཕ་གི་ཁོ་རང་ཡིན་པ་ཐག་གིས་ཆོད། ཁྱོད་སོང་ནས་དེད་དཔོན་ལ་ཅིག་དྲིས་ན་ཅི་འདྲ། ཡིན་རུང་གཟབ་གཟབ་བྱོས། ང་ཚོ་ཡང་བསྐྱར་མི་ངན་ཁྲམ་པ་འདི་ལ་ཐུག་འཕྲད་མི་རུང”ཟེར་བས། བདག་གི་ཨ་ཕ་འཕྲལ་མར་ཕྱིན། ང་ཡང་ཁོང་གི་རྗེས་སུ་འབྲངས་ནས་སོང་། གློ་བུར་དུ་ངའི་སེམས་པ་འཇིགས་ཡེ་རེ་བ་ཞིག་བྱུང་།

དེད་དཔོན་ནི་མི་གཟུགས་པོ་རིང་ཞིང་རིད་ལ་སྐྲ་ལོ་དང་སྨྲ་ར་སེར་བསང་ངེ་བ་ཞིག་རེད། ཁོང་གིས་མཚོ་ཐོག་སྐྱེལ་འདྲེན་གྱི་ལས་དོན་གལ་ཆེན་ཞིག་སྒྲུབ་བཞིན་ཡོད་པ་ལྟར། ཁོ་ཟམ་འགྲམ་ནས་ཕར་འགྲོ་ཚུར་འགྲོ་བྱེད་པའི་ཚུགས་ཀ་དེ་ནི། ཁོང་གིས་རྒྱ་གར་བའི་ (Indian) སྦྲག་སྐྱེལ་གྲུ་གཟིངས་ཤིག་ལ་བཀོད་འདོམས་གཏོང་བ་དང་གཉིས་སུ་མི་འདུག
བདག་གི་ཨ་ཕས་ཆེ་ཚུགས་ཤིག་བཏོད་ནས་དེད་དཔོན་ལ་གླེང་མོལ་བྱེད་ཞོར། རྗེར་སེ་གླིང་ཕྲན་ནི་ཚོང་ཟོང་སྐྱེལ་འདྲེན་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་ལུགས་ཀྱིས། འདི་གར་ཐོན་རྫས་ཅི་དང་ཅི་ཡོད་ཚུལ། མི་གྲངས་ཅི་ཙམ་ཟིན་ལུགས། ཡུལ་སྲོལ་གོམས་གཤིས་དང་ས་གཤིས་ཇི་འདྲ་ཡིན་ཚུལ་སོགས་དེད་དཔོན་གྱི་ལས་དོན་དང་འབྲེལ་མིན་གྱི་དྲི་ཚིག་སྣ་ཚོགས་ཤིག་ཁ་སྣོན་གྱི་ཚུལ་དུ་བཏོན་པར་མ་ཟད། ད་དུང“དེད་དཔོན་ཁྱེད་ལ་ཉ་སོག་འཚོང་མཁན་རྒད་པོ་དགོད་བྲོ་བ་ཞིག་ཀྱང་འདུག ཁྱེད་ཀྱིས་ཁོང་གི་གནས་ཚུལ་འདྲ་ཤེས་སམ”ཞེས་དེ་སྐད་དྲིས། དེད་དཔོན་ལ་མཚོན་ན། གླེང་གཞི་འདི་དག་ནི་ངོ་མ་ཡིད་ཐང་ཆད་པ་ཞིག་ཡིན་པས། ཁོང་འཚིག་པ་ཟོས་ནས་ན་རེ“ཁོ་ཧྥ་རན་སིའི་སྤྲང་འཁྱམས་རྒན་འཁོགས་ཤིག་རེད། ན་ནིང་ངས་ཁོ་ཨ་རི་ནས་ངོ་ཤེས་ནས་ཕྱིར་རང་རྒྱལ་དུ་ཁྲིད་ཡོང་བ་ཡིན། བཤད་པ་ལྟར་ན། ཁོ་ལ་གྲོང་ཁྱེར་ཧ་ཝེ་རེ་ན་གཉེན་ཉེ་འགའ་ཡོད་ཀྱང་། ཁོས་ཁོང་ཚོར་བུ་ལོན་མང་པོ་ཆད་པས། ཁོང་ཚོ་ཡོད་སར་བཏུད་མི་འདོད་ཟེར། ཁོའི་མིང་ལ་རྗོ་ལེ་སི་ཟེར། རྗོ་ལེ་སི.རྡར་མན་ཆེ་ (Jules Darmanche) འམ་ (Darvanche) རྡར་ཝན་ཆེ་ཞེས་ཀྱང་འབོད། གང་ལྟར་རུས་མིང་དེ་དང་ཆ་འདྲ་བ་ཞིག་རེད། སྔོན་ཆད་ཨ་རི་ན་ཡོད་དུས་ཁོ་རང་མི་རྒྱུ་ཆེན་ཞིག་ཡིན་ཚོད་འདུག་ཀྱང་། ཁྱོད་ཀྱིས་ལྟོས་དང་། ད་ལྟ་ཁོ་ཚད་འདི་འདྲ་ཞིག་ལ་ལྷུང་འདུག”
བདག་གི་ཨ་ཕ་ངོ་ཚ་ནས་རེ་ཞིག་ངོ་མདངས་སྐྱ་བོར་གྱུར་ཅིང་། ངག་ལྐུག་ནས་མིག་འོད་ཀྱང་ཉམས་པར་གྱུར། ཁོང་གིས་སྐད་ཆ་ཐན་ཐུན་གྱིས“ཨོ་ཨོ། རེད་རེད། དེ་ལ་ཡ་མཚར་རྒྱུ་ཅི་ཡང་མེད། ཐུགས་རྗེ་ཆེ། དེད་དཔོན་ལགས”ཞེས་དེ་ལྟར་ལབ་མ་ཐག། ལམ་སང་ཁ་ཕྱིར་འཁོར་ནས་བུད་སོང་། ངང་ཚུལ་དེ་ལ་དེད་དཔོན་ཡ་མཚར་ནས་ཁོའི་རྒྱབ་གཟུགས་སུ་ཅེ་རེར་བལྟས། སེམས་ཁྲལ་གྱིས་མནར་བཞིན་ཁོ་ཕྱིར་ཨ་མའི་གམ་དུ་ཐོན་དུས། ཨ་མ་ལགས་ཀྱིས་ཁོ་ལ“མར་ཙོག་དང་། གཞན་གྱིས་རིག་ནས་ཤེས་རྒྱུ་རེད”ཟེར།

ཁོང་རྐུབ་སྟེགས་སྟེང་མར་ཙོག་པུར་བསྡད་ནས་ངག་དག་དིག་གིས“ཁོ་་་ཁོ་རེད། ཁོ་རང་་་རེད་འདུག”ཟེར། དེ་ནས་ཡང་ཁོས“ད་ང་ཚོས་ཅི་བྱེད”ཅེས་དེ་སྐད་དྲིས་པར། ཨ་མས་འཕྲལ་དུ“ང་ཚོས་བྱིས་པ་ཚོ་ཚུར་ཁྲིད་ཡོང་དགོས། དོན་དག་འདི་རྗོ་སི་ཧྥེས་ཤེས་ཟིན་པས། ཁོ་མངགས་ནས་ཁོ་ཚོ་ཁྲིད་ཡོང་བས་ཆོག། ང་ཚོས་ངེས་པར་དུ་དོན་དག་འདི་མག་པ་ལ་གསང་དགོས། ཁོར་གཏན་ནས་ཤེས་སུ་འཇུག་མི་རུང”ཟེར།
བདག་གི་ཨ་ཕ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་བ་འདྲ། ཁོས་ལྡབ་བི་ལྡིབ་བིར“ཀྱེ་མ། འདི་ནི་ཇི་འདྲའི་བཟློག་ཏུ་མེད་པའི་ཆག་སྒོ་ཞིག་རེད་ཨང”ཞེས་སྨྲེ་སྔགས་རྣ་ལ་གཙེར་བ་ཞིག་བཏོན་པ་ན། བདག་གི་ཨ་མ་ལགས་གློ་བུར་ཁྲོས་ཏེ“རྐུན་པོ་འདི་བཅོས་སུ་མེད་པས། ནམ་ཞིག་ང་ཚོར་སླར་ཡང་ཆག་སྒོ་ཆེན་པོ་ཞིག་སློང་རྒྱུ་ཡིན་པ་ངས་སྔོན་ནས་ཤེས་ཡོད། རྡ་ཝེ་རན་ཆེ་ཚང་གི་རྒྱུད་པ་ཞིག་ལ་རེ་ལྟོས་བཅོལ་ག་ལ་རུང”ཞེས་སྐད་ཅོར་བརྒྱབ་བྱུང་།
བདག་གི་ཨ་ཕས་རྣམ་ཀུན་ཨ་མས་ཁོང་ལ་རྣ་སྡུག་བྱེད་དུས་སུ་གོམས་པ་ལྟར། ལག་པས་མགོ་ལ་བྱིལ་བྱིལ་གཏོང་གིན་ཁ་རོག་གེར་བསྡད། དེ་མུར་ཨ་མ་ལགས་ན་རེ“ཁྱོས་རྗོ་སི་ཧྥེ་ལ་སྒོར་མོ་འགའ་བྱིན་ནས་ཉ་སོག་ཟོས་པའི་རིན་པ་སྤྲོད་དུ་ཆུགས་དང་། ཐབས་རྒྱ་ཇུས་སྟོང་གིས་སྤྲང་རྒན་ཕ་གིས་མི་ཤེས་པར་བྱེད་དགོས། ཁོས་མ་ཤེས་རྒྱུ་ན་ཇི་འདྲ་སྐྱིད་པ་ལ་ཨང་། ངེད་གཉིས་ཕར་ཕྱོགས་སུ་འགྲོ། ཁོ་ང་ཚོའི་རྩིབ་ལ་བཏུད་དུ་འཇུག་མི་རུང”
ཁོང་གཉི་གས་ང་ལ་ཧྥ་སྒོར་ལྔ་བྱིན་རྗེས་ཕར་ཕྱོགས་སུ་བཤོལ་བར་བུད་སོང་། བདག་གི་སྲིང་མོ་གཉི་གས་ཨ་ཕར་སྒུག་བཞིན་ཅུང་ཡ་མཚན་སྐྱེས། ངས་ཁོང་ཚོར་ཨ་མ་ལགས་ལ་གློ་བུར་དུ་མཚོ་དུག་ཕོག་ནས་མགོ་ཡུ་འཁོར་གྱི་འདུག་ཅེས་རྫུན་ལབ་བཞིན། ཉ་སོག་འཚོང་མཁན་ལ“སྐུ་ཞབས། ང་ཚོས་ཁྱེད་ལ་སྒོར་ག་ཚོད་ཆད་དམ”ཞེས་དྲིས་པ་དང་ཆབས་གཅིག། ངའི་སེམས་ལ་ཁོང་ནི་བདག་གི་ཨ་ཞང་མིན་ནམ་སྙམ་དུ་དགོད་རྒྱུ་ཞིག་བྱུང་། ཁོང་གིས“སྒོར་གཉིས་དང་སྐར་ལྔ་བཅུ་རེད”ཟེར།
ངས་ཁོར་ཧྥ་སྒོར་ལྔ་བྱིན་པ་དང་ཁོང་གིས་ང་ལ་ལྷག་འཕྲོ་ཕྱིར་སློག་དུས། ངས་ཁོང་གི་ལག་མགོར་བལྟས། དེ་ནི་གཉེར་མས་ཁེངས་ཤིང་སྙིང་རྗེ་ཡུལ་དུ་གྱུར་བའི་ཉ་བ་ཞིག་གི་ལག་པ་རང་རེད། དེ་ནས་ངས་ཁོང་གི་གདོང་ལ་བལྟས། དེ་ཡང་རྒས་གཉེར་གྱིས་ལྟེམས་ཤིང་སྐྱོ་སྡུག་གི་མདངས་ཤིག་ཤར་འདུག དེའི་རྗེས་སུ་ངས་རང་ཉིད་ལ“ཀྱེ་མ། འདི་ནི་བདག་གི་ཨ་ཞང་སྟེ། ཨ་ཕའི་ཕུ་བོ་དང་བདག་གི་ཨ་ཞང་རེད་ཨང”ཞེས་ཁེར་ལབ་བྱས།
ངས་ཁོང་ལ་བཀའ་དྲིན་ཆེ་ཟེར་ཞོར་སྐར་ལྔ་བཅུ་བརྔན་པར་སྤྲད་པ་ཡིན། ཁོང་གིས་ང་ལ“བུ་ཆུང་། གནམ་བདག་གིས་ཁྱོད་ལ་མགོན་སྐྱབས་གནང་བར་སྨོན”ཞེས་ཟེར་ལ། སྐད་གདངས་དེ་ནི་སྤྲང་བོར་གནང་སྦྱིན་ཐོབ་སྐབས་སུ་འབྱིན་པའི་གདངས་དང་གཉིས་སུ་མེད་པས། ངས་ཁོང་ཨ་རི་ན་ཡོད་དུས་ཀྱང་སློང་མོ་ཇི་ཙམ་བརྒྱབ་ཡོད་ཨང་སྙམ་དུ་བསམ་གཞིག་གི་རྒྱ་རུ་ཚུད་པར་གྱུར།
བདག་གི་ཨ་ཅེ་གཉིས་མིག་ཧྲིག་གེར་ངའི་གཏོང་ཕོད་ལ་ཧ་ལས་ཤིང་འདུག

ང་ཕྱིར་ཡོང་ནས་ལྷག་མའི་ཧྥ་སྒོར་གཉིས་ཨ་ཕར་སྤྲོད་དུས། བདག་གི་ཨ་མ་ཡིད་མ་ཆེས་པར“སྒོར་མོ་གསུམ་ཤོར་སོང་ངམ། དེ་དཔེ་མི་སྲིད”ཅེས་དེ་སྐད་དྲིས་པར། ངས་ཚམ་ཚོམ་མེད་པར“སྐར་ལྔ་བཅུ་ཁོང་ལ་བརྔན་པར་སྤྲད་པ་ཡིན”ཞེས་ལན་བཏབ། བདག་གི་ཨ་མ་སྔར་བས་ཀྱང་ཧ་ལས་ཏེ་ང་ལ་མིག་ཟུང་ཕུར་ཚུགས་སུ་ལྟ་བཞིན“ཁྱོས་མི་དེ་ལ་སྐར་ལྔ་བཅུ་སྤྲད་ནས། ཁྱོས་སྨྱོས་པ་ཡིན་ནམ། མི་ངན་འཁྱམས་པོ་དེ་་་”ཞེས་གཤེ་གཤེ་གཏོང་བཞིན་པའི་སྒང་ལ་གློ་བུར་དུ་བཤད་མཚམས་ཆད་སོང་། ཡིན་རྒྱུ་ནི་ཨ་ཕས་ཁོང་མོར་མག་པ་བསྟན་ནས་མིག་བརྡ་ཞིག་བཏང་བས་རེད་ལ། དེ་མུར་ང་ཚོ་ཚང་མ་དལ་ཅག་གེར་གྱུར།
ང་ཚོའི་མདུན་ཕྱོགས་ཀྱི་ཐག་རིང་ནམ་མཁའི་མཐོངས་སུ། དམར་མདོག་གི་གྲིབ་གཟུགས་ཤིག་མཚོ་ངོགས་ནས་ཁད་ཁད་ཀྱིས་འཕྱུར་འོང་གིན་པ་དེ་ནི་གླིང་ཕྲན་རྗེར་སེ་རེད།
ང་ཚོའི་མཐའ་འཁོར་དུ་རླབས་རྒྱུན་དྲག་ཏུ་འཕྱོ་ཞིང་འཕྱུར་བ་དང་ཆབས་ཅིག ངའི་སེམས་ལ་ཡང་བསྐྱར་ཨ་ཞང་རྗོ་ལེ་སི་དང་འཕྲད་འདོད་འགོག་མེད་སྐྱེས་འོང་ལ། ཁོང་གི་གམ་དུ་སོང་ནས་ཁོང་ལ་སེམས་གསོ་བྱེད་པ་དང་སེམས་གཏམ་རེ་བརྗོད་སྙིང་འདོད་བྱུང་། ཡིན་ན་ཡང་། ད་ལྟ་ཁོ་རང་མཐོང་ཡུལ་ན་མི་འདུག ཕལ་ཆེར་ཉ་ཕྱིས་ཉོ་མཁན་གཅིག་ཀྱང་མ་བྱུང་བས། ཁོང་གར་སོང་ཆ་མེད་དུ་གྱུར་བའམ། གཅིག་བྱས་ན་ལས་དབང་ངན་པའི་ཁོང་གྲུ་རྟིང་གི་བཙོག་དྲི་ཁ་བའི་རང་མལ་དུ་ཕྱིར་ལོག་ཕྱིན་པ་ཡིན་ཡང་སྲིད”ཅེས་དེ་སྐད་བརྗོད་བྱུང་།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།