གངས་འདབས་ཀྱི་ན་གཞོན་འཁྱམ་པོ་ཞིག

ཐོག་མའི་བརྩེ་དུང་གི་བཞུར་རྒྱུན།— སྒྲུང་ཐུང་།

98989898

མི་རྐྱང་།                          

སློབ་གྲོགས་སུས་བཤད་ཀྱང་ང་ནི་མི་རྐྱང་ཤ་ཐང་ཞིག་རེད་ཟེར། དེ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ།སློབ་ཆེན་གྱི་དུས་སུ་ངས་ཡུན་རིང་ཞིག་ལ་མཛའ་མོ་མ་བཙལ་བས་ཡིན་ངེས། སློབ་ཆེན་དུ་མཛའ་གྲོགས་བསྒྲིགས་པ་ནི་གོམས་སྲོལ་ཞིག་ཏུ་ཆགས་འདུག་པས།  གལ་སྲིད་སློབ་གྲོགས་ཤིག་ཁེར་བཟའ་ཁེར་འཐུང་དང་ཁེར་འགྲོ་ཁེར་འདུག་བྱས་ནས་ཉིན་མཚན་དུས་དྲུག་འདའ་བ་མཐོང་ཚེ། དེ་ལ་དབང་མེད་དུ་མི་རྐྱང་ཞེས་པའི་མིང་ཡིག་ཐོབ་ངེས་ཤིང་ལ་ཡོག་ཀུན་ནས་མཚང་འདྲུ་དང་འཕྱ་དམོད་ཀྱང་བྱེད་ངེས་ཡིན།བར་སྐབས་ཤིག་ལ་ང་རང་ཏག་ཏག་འདི་ལྟ་བུའི་མི་རྐྱང་ཞིག་ཏུ་གྱུར་སོང་།

ང་རང་མི་རྐྱང་ཤ་ཐང་ཞིག་ལ་ངོས་འཛིན་མཁན་གྱི་ཐོག་མ་ནི་སློབ་གྲོགས་བསོད་བྷེ་ཡིན། ཁོས་བཤད་པ་ལྟར་ན་སློབ་མགོ་ཚུགས་ཐེངས་རེར་ངའི་གདོང་གི་རྣམ་འགྱུར་ལས་ཡོད་ཚད་ཤེས་ཡོང་ཟེར།གནས་ཚུལ་ཞིབ་ཕྲ་ངས་ཀྱང་གཏིང་འདྲི་མ་བྱས་པས་ཨུ་ཚུགས་མ་བྱེད་ཨང་།སློབ་མགོ་ཚུགས་དུས།ཕ་ཡུལ་གྱི་ནམ་ཟླའི་དབང་གིས་རོང་འབྲོག་ཏུ་ཕྱིན་པའི་རོང་ཕྲུག་འབྲོག་ཕྲུག་ཚོ་ཇེ་ནག་ལ་སོང་ཡོད།འོན་ཀྱང་པགས་སྐྱིའི་ཁ་དོག་ཁོ་ན་ལ་དེ་འདྲའི་སྤྲོ་སྣང་བྲལ་བས། སློབ་གྲོགས་ཚོས་རེམ་པར་གླེང་གཞི་ངའི་ཕྱོགས་སུ་བསྐོར་སོང་།

སློབ་གྲོགས་བསོད་བྷེས“ཅི་རེད།མི་རྐྱང་།སྔར་བཞིན་མི་རྐྱང་ཡིན་ནམ།”ཞེས་དྲིས་བྱུང་།ངས་ལན་ཅི་ཞིག་གདབ་དགོས་པའང་མ་ཤེས་པས་འཚབ་འཚུབ་ངང“ཨུན།……ཨ།”ཞེས་ཨ་ལན་ཙམ་ཞིག་བཏབ་པས་སློབ་གྲོགས་ཚོ་དགོད་སྒྲ་ཐག་གེར་བུད་སོང་།འདིའི་རྗེས་ཀྱི་བྱུང་བ་དག་ནི་ཁྱོད་ཚོས་ཀྱང་མཁྱེན་སྲིད་པས།ང་རང་ངོ་ཚར་མི་གཏོད་པར་ཞུ།ནམ་རྒྱུན་མི་རྐྱང་དང་འབྲེལ་བའི་ཁ་བརྡ་བྱེད་ཐེངས་རེར།ང་རང་མི་རྐྱང་ཡིན་པའི་གནས་ལུགས་རྡོག་རྡོག་ཅིག་ཁོ་ཚོའི་ཁ་ནང་ནས་ལུད་པ་བཞིན་དོར་ཡོང་།ཡིན་ནའང་།ངས་དེ་ལ་དོ་སྣང་སྤུ་ཙམ་ཡང་བྱས་མ་མྱོང་སྟེ། མ་གཞི་ནས་ང་རང་མི་རྐྱང་རྣལ་མ་ཞིག་ཡིན་པས་སོ།།

མི་རྐྱང་ཞིག་ལ་མཚོན་ན།ཆེས་གལ་ཆེ་བ་ནི་མཛའ་མོ་འཚོལ་རྒྱུ་དེ་ཡིན་མོད།ང་རང་དེ་ལས་ལྡོག་སྟེ།དཔེ་ཆ་ཀློག་པ་དང་སྙན་ངག་འབྲི་རྒྱུ་ནི་ངའི་ཉིན་གཅིག་གི་ལས་ཀ་ཡོད་ཚད་དུ་གྱུར་སོང་།དཔེ་ཆ་ཀློག་པ་དང་སྙན་ངག་འབྲི་རྒྱུ་གཉིས་དེ་ལྟར་ངའི་དུངས་ཞེན་གྱི་ཟབ་ས་རུ་ཟུག་པས།དོན་དག་འདིའི་ཆེད་དུ་ངས་སློབ་གྲོགས་མང་པོའི་སྐྱེས་སྐར་གྱི་དགའ་སྟོན་དང་ཟས་མགྲོན་མོད་པོ་ཞིག་ཀྱང་དང་དུ་མ་བླངས།ད་ལྟ་ཁོང་རྣམ་པའི་ཐུགས་ཁྲོས་ནས་གདོང་མདོག་དམར་ནག་ཏུ་གྱུར་ཡོད་ནའང་ཐང་།གང་ལྟར་མི་རྐྱང་གི་ཆོ་ལོ་འདི་བསྩལ་ནས་བཟུང་ངས་མང་པོ་ཞིག་ལ་ཕོག་ཐུག་བཟོས་མྱོང་། དེ་ནི་ང་རང་གླེན་པས་ཀྱང་མིན་ཏེ། གནད་ཀྱི་དོན་པོ་ད་དུང་ཁོག་གི་སྙིང་ཆུང་དམར་པོ་འདི་ལ་འདྲི་དགོས་པས་སོ། །

དགའ་ཕྱོགས་གཉིས་པོ་འདིས་ང་རང་སྡུག་ལ་གཏད་པའང་ཉུང་་ཉུང་མིན་ཏེ།དཔེ་ཀློག་དང་སྙན་ངག་འབྲི་རྒྱུར་མགོ་གཡེངས་ནས་བཟུང་།སློབ་གྲོགས་ཚོ་ང་རང་མཐོང་ཚེ་བསྐོར་ནས་འགྲོ་ཞིང་།ང་དང་འབྲེལ་བའི་ཆ་མིན་ཡ་མིན་གྱི་གླེང་བརྗོད་དག་ཀྱང་བལྟས་བལྟས་རིག་རིག་ལ་ཇེ་མང་དུ་འགྲོ་བཞིན་འདུག ཡིན་པ་ནི་སློབ་གྲོགས་བསོད་བྷེས་གཏམ་རྙོག་གི་འདམ་ཆུ་གཏོར་བས་ཡིན་འདུག་སྟེ།དོན་གྱི་ངོ་བོ་ངོ་མ་རྗེས་ནས་སྒྲོལ་དཀར་ལྷ་མོས་ང་ལ་བཤད་བྱུང་།མཚན་མོ་ཞིག་ལ་སློབ་གྲོགས་བསོད་བྷེ་ཡིས་ཝུ་ཆང་འཐུང་ནས་ར་རོར་གྱུར་རྗེས།ཁ་ནས་བྱུང་རྒྱལ་དུ་སྨྲས་ཏེ་སྙན་ངག་འབྲི་མཁན་ཐམས་ཅད་ལ་རྩ་མི་ཚང་ཞིང་སྨྱོན་པ་རུ་འགྱུར་འགྲོ་ཚུལ་ཞིབ་ཏུ་བཤད་བྱུང་ཟེར།དོན་རྐྱེན་ཆུང་ཆུང་འདིས་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཏུ་སྡོད་ཀྱིན་པའི་ང་ལ་གནད་དོན་ཆེན་པོ་ཞིག་བསླངས་སོང་།ཡིན་ནའང་།ངས་སློབ་གྲོགས་བསོད་བྷེ་ལ་འདྲི་མི་ཕོད་དེ།ཁོའི་སྡུག་བསྔལ་ནི་ང་ཡི་སྐྱོ་བ་ཡང་ཡིན་པས་སོ།།

སློབ་གྲོགས་ཚོའི་གཡོལ་འགྲོ་དང་མིག་ལོག་ལས་ཐར་དུས་ནི་ད་ལོའི་ཟླ་དགུ་བ་ཡིན་ཏེ། སློབ་གྲྭར་ལོག་རྗེས་ངས་སློབ་གྲོགས་བསོད་བྷེ་ལ་“ཟས་འགྲོན”ཐེངས་ཤིག་བྱས་པས། ཡོད་ཚད་ལ་རྦད་དེ་འགྱུར་ལྡོག་བྱུང་སོང་། དེ་ལ“ཟས་འགྲོན”ཡང་འབོད་མི་ཆོག་སྟེ། ཕྱེ་ཐུག་དཀར་ཡོལ་གང་དང་ཅོང་རྡོག་སྐྱ་ཐོ་གཉིས།ཐ་མག་རྐང་གཅིག་བཅས་ལས་མེད་པའི་ཁར་ད་རུང་དེ་ནི“བསྐལ་འཕྲད”ཅིག་ཡིན་པས་སོ།། ཡིན་ནའང་། དེའི་ཕྱི་ཉིན་ནས་བཟུང་། སློབ་གྲོགས་ཚོས་ང་ལ་ཁ་བརྡ་མོང་པོ་བྱེད་ཅིང་ཉེ་སར་བཅར་ཅི་ཐུབ་བྱས་ཡོང་།སྐབས་དེར།ངའི་སེམས་ལ་སྒོར་མོ་ནི་དངོས་གནས་འཇིག་རྟེན་གྱི་ནོར་བུ་མཚར་བོ་ཞིག་རེད་སྙམ་བྱུང་།

སྒྲོལ་དཀར་ལྷ་མོ།

བུད་མེད་ཀྱི་ཐད་ནས་ང་ལ་ངོ་མ་ཆ་རྒྱུས་མེད་དེ།སུ་ཡི་སྐྲ་ལོ་རིང་ཚུལ་དང་སུ་ཡི་ངོ་གདོང་མཛེས་ཚུལ།སུ་ཡི་གཟུགས་གཞི་དྲང་ཚུལ།བུ་མོ་སུ་ཞིག་གིས་ཉིན་རེར་གོན་པ་ཐེངས་དུ་ལ་སྤོར་ཞིང་།བུ་མོ་སུ་ཞིག་གིས་ད་སྔའི་བར་དགའ་གྲོགས་ཅི་ཙམ་བསྒྲིགས་མྱོང་ཚུལ།ཐ་ན་ཁོ་མོ་ཚོའི་ཉིན་རེའི་ཟ་མ་ཅི་ཞིག་བཟའ་བར་ཡང་གཅིག་གཅིག་གཉིས་གཉིས་ཡིན་པའི་སློབ་གྲོགས་ཚོའི་ཁ་བརྡའི་ཁྲོད་ནས་ང་རང་རྒྱུན་པར་ཁ་གདངས་མིག་ཅེར་ཏེ་སྡོད་དགོས་བྱུང་།དེ་བས།སློབ་གྲོགས་ཚོས་ཇ་ཁ་ཆང་ཁའམ་འདུ་འཛོམས་ར་བ་ནས་བུད་མེད་སྐོར་གྱི་ལབ་གླེང་བགྱིས་ཚེ།ང་ནི་ཁ་རོག་གེར་སུ་ཞིག་གི་མིག་མདངས་ལ་གཡོལ་བའམ་སུ་ཞིག་གི་མིག་ཟུང་ལ་སྐྲག་པ་ལྟར་བསྒྲུབ་རྒྱུ་མེད་པའི་དོན་ཕྲན་ཚགས་དག་ལ“ཤི་འཐམ་རོ་འཐམ”བྱས་ནས་བསྡད་པ་ཡིན། མི་རྐྱང་གི་འཚོ་བ་ནི་ངོ་མ་ཤིན་ཏུ་ཁག་པོ་འདུག ལྷག་པར་དུ་སློབ་གྲོགས་ཚོའི་དམིགས་ཡུལ་ཡོད་མེད་གཉིས་ཀ་དང་རྩེ་དགོད་འདྲེས་མ་ལྟ་བུའི་ཟུར་ཟའི་ཚིག་མདའི་ཁྲོད་དུ། ང་ལ་ངོ་མ་ཚོར་སྣང་འདི་ལྟ་བུ་ཞིག་ཡང་ཡང་སྐྱེས་བྱུང་། ཡང་སྙིང་ག་རེ་བྱེད་དམ། ང་ཡི་དམར་ཆུང་སེམས་པ་ཟངས་མཐིལ་དུ་ལྷུང་བའི་ནས་འབྲུ་ལྟར་འགད་ལ་ཉེ། འགད་ལ་ཉེ།

སེམས་པ་འདི་མེ་རླབས་ཀྱི་ཚག་སྒྲ་ལ་འཐིམ་གྱིན་པའི་དུས་དེར། ངས་ཏག་ཏག་ནག་ཆུའི་སྐོར་བྲོ་ཡི་འགྱུར་ཁུགས་ལ་གཡེང་བཞིན་པའི་ཁོ་མོ་མཐོང་བྱུང་། དེ་ནི་ནམ་མཁས་མཚམས་སྤྲིན་གྱི་འཛུམ་བག་ཁུར་བའི་ས་སྲོད་ཅིག་སྟེ།ང་ཁེར་མོ་ཕྱི་རོལ་ལ་འཆམ་འཆམ་དུ་ཕྱིན་ནས་ཕྱིར་སློབ་གྲྭའི་ནུབ་སྒོར་འབྱོར་དུས།ཡིད་ཀྱི་དྭངས་མ་འཕྲོག་པའི་དབྱངས་རྟ་སྙན་མོ་ཞིག་རྣ་བའི་དབང་བོར་གཟས་ནས་གྲགས་ཡོང་། སྙན་འཇེབས་ལྡན་པའི་དབྱངས་རྟ་དེས་ངའི་གོམ་པའི་འདེགས་འཇོག་ལ་རང་དབང་ཅི་ཡང་མ་བྱིན།ང་དེ་ལྟར་གོམ་སྟབས་ཡང་མོས་སྐོར་བྲོའི་ར་བར་ཐོན་ཞིང་།ལག་གདང་སྦྲེལ་བའི་ན་གཞོན་ཕོ་མོ་ཚོའི་མཉེན་འགུགས་ལྡན་པའི་ལུས་པོའི་གཡོ་འགུལ་གྱི་ཁྲོད་དུ།ཁོ་མོ་ནི་རྣ་རྒྱན་སིལ་སིལ་གཡོ་ཞིང་རྐང་འགྲོས་འཁྱུག་འཁྱུག་བསྒྱུར་བཞིན་མི་ཚོགས་ཀྱི་གསེབ་ན་བྲོ་གར་ལ་རོལ་གྱིན་འདུག ཁོ་མོའི་མིང་ལ་སྒྲོལ་དཀར་ལྷ་མོར་འབོད་ཅིང་། ད་ལོ་སློབ་གླིང་འདི་གའི་གེ་སར་སློབ་གླིང་གི་ལོ་རིམ་དང་པོའི་སློབ་མ་ཡིན་འདུག སྟེས་དབང་གི་བསྐལ་འཕྲད་ཅིག་གིས་ངའི་ལུས་སེམས་ཀྱི་རི་བོའི་རྩེ་ལ་མེ་ཏོག་སྟོང་ལྡན་གྱི་འདབ་བརྒྱ་ལྷུག་པོར་གྲོལ་བའི་བགོ་སྐལ་ཅིག་ཀྱང་དུས་དེ་ནས་བཟུང་སྐྱེས་ཤིང་། གཉིད་ཆགས་ཟས་བརྗེད་ཀྱི་ལོ་ཟླ་རིང་མོ་ཞིག་ཀྱང་དུས་དེ་ནས་ངའི་བརྩེ་བའི་རུམ་ཁོང་དུ་ཁོ་མོ་བཞིན་ཟུག་ཡོང་བ་རེད།

དབྱར་མགོ་མའི་རྩི་ཤིང་གི་པྲ་ཆིལ་གྱི་མགོ་བོས་ས་གཞིའི་ཕྱི་ཤུན་བརྟོལ་ནས་འཇིག་རྟེན་དུ་ལྟད་མོར་ལྷགས་དུས། སློབ་གླིང་གི་ལི་ཤིའི་ཚལ་དུ་གསར་དུ་འབུས་ཀྱིན་པའི་ལྗོན་ཤིང་སྣ་ཚོགས་ཀྱི་ལྗང་མྱུག་ཁྲི་འབུམ་ངའི་བཞུར་གྱིན་པའི་བརྩེ་བའི་སྨུག་ཀློང་གི་ཁྲོད་ན་གར་དུ་རྩེན་ཞིང་། རོལ་དབྱངས་ཟ་ཟིའི་འགྱུར་ཁུགས་ལ་བསྟུན་ཤས་ཆེ་བའི་ངའི་སེམས་པ་དེའང་སྔ་མོ་ཞིག་ནས་མེ་ཏོག་ཅིག་གི་སྐྱེས་རིམ་ལ་ཤོར་ནས་ཡུན་རིང་འགོར། དེ་ནི་དེ་ལྟར་མཛེས་སྡུག་གི་བཟི་བག་ལ་གཡེངས་བཞིན་པའི་ས་སྲོད་ཅིག་གིས་ང་ལ་བསྐྱུར་བའི་དྲན་ཤིང་དང་བརྗེད་ཐོ་རེད་ལ། འདས་སོང་གི་དྲན་པ་གཙང་མ་ཞིག་གིས་ངའི་ལུས་སེམས་ལ་བྱི་དོར་བྱེད་འགོ་བརྩམས་པའི་ལམ་བུ་དཀྱོགས་རིམ་ལྡན་པ་ཞིག་ཡིན་པའང་ངས་ཤེས་ཡོད། ཡིན་ནའང་། ཉིན་རྒྱུན་གྱི་དྲན་པའི་ཕྱི་ནང་དུ་ཁ་བ་དཀར་པོ་ཞིག་གི་ཚུལ་གྱིས་ངའི་སེམས་པར་བྱབས་ཁྲུས་བྱེད་ཀྱིན་པའི་སྒྲོལ་དཀར་ལྷ་མོ་ནི་དེ་ལྟར་ངའི་གློ་སྙིང་མཆིན་གསུམ་ལ་སྐྱོམ་འདར་ཡང་ཡང་རྒྱག་ཏུ་འཇུག་པའི་རྡོ་ཁ་ལེབ་དེ་རུ་འཁྲུལ་སོང་། དེ་ནི་དབྱར་ཟླ་མགོ་མར་འབོད་པའི་དུས་ཚིགས་འདིས་ང་ལ་མཚམས་ཚིགས་མེད་པའི་བསིལ་རླུང་གི་མངར་ཁར་ལྕིབས་ཏེ་བཏེགས་ཡོང་བའི་ལེགས་སྐྱེས་ཕོན་ཆེ་བ་ཞིག་ཡིན་སྲིད་ལ། མི་ལོ་ཉི་ཤུའི་ཐེམ་སྐས་རིང་མོར་ངེས་པར་འཕྲད་འོས་ལ་འཕྲད་སྲིད་པའི་ལམ་བུའི་སྐྱ་ཐིག་དེའང་ཡིན་སྲིད།

མི་ཚོགས་ཀྱི་རླབས་རྒྱུན་ཁྲོད་ན་ཕྱེ་ལེབ་ཅིག་ལ་ཆ་བཞག་ཆོག་པའི་སྒྲོལ་དཀར་ལྷ་མོས་འཇོ་སྒེག་གི་ཉམས་འགྱུར་སྟོང་ལྡན་གྱི་ཁྲོད་ན། དེ་ལྟར་གཞན་དང་མི་མཚུངས་པའི་ལུས་ཀྱི་གར་སྟབས་ངོམ་གྱིན་པ་ནི་དབྱར་གྱི་སྐྱེས་སྟོབས་འབར་གྱིན་པའི་དུས་ཚིགས་ཁྱད་པར་ཅན་འདིར་ང་ལ་སྔོན་ཆད་ནས་ངོ་ཤེས་པའི་གྲོགས་པོ་རྙིང་བ་ཞིག་རྙེད་པ་དང་ཀུན་ནས་མཚུངས་ཤིང་། ལུས་ཀྱི་ཕྱི་ནང་ཀུན་ལ་འཐིམ་གྱིན་པའི་དྲོད་ལམ་ལམ་གྱི་བརྩེ་བ་དྲོན་མོ་དེ་སྙན་ངག་པའི་སྐད་ཆ་དག་གིས་དུས་གཏན་དུ་ཞིབ་འབྲི་བྱེད་ཐབས་བྲལ། མཚན་མོ་དེར། ཚེ་སྲོག་གི་གཏིང་ཟབ་ས་ཞིག་ནས་ངའི་སེམས་ལ་གཡོ་འགུལ་ཐེབས་སུ་བཅུག་པའི་མཛེས་ལྗོངས་སྣུམ་པོ་དེས། འཇིག་རྟེན་འདིའི་ཡིད་འོང་གི་དོན་དག་མང་པོ་ཞིག་ལ་གསར་དུ་ངེས་ཤེས་འདྲོངས་སུ་བཅུག་ཅིང་། རང་གི་སེམས་པ་གོར་མོའི་དཀྱིལ་དུའང་ཅི་ཞིག་ལ་སྨོན་པའི་འདུན་པ་འགོག་མེད་ཅིག་ཀྱང་གློ་བུར་གློ་བུར་ལ་འཁྲུངས་སུ་བཅུག

སྐོར་བྲོའི་འདུ་ཚོགས་དང་བྲལ་ནས་མལ་ཁང་དུ་འགྲོ་དུས། སྨུག་པ་སྲབ་མོ་ཞིག་གིས་དུས་རྒྱུན་ཁེབས་ཁེབས་ལ་ཡོད་པའི་སྨུག་ཀློང་གི་གྲོང་ཚོ་འདི་ནས་དཀར་གསལ་གྱི་ཟླ་བ་མག་མོག་ཅིག་ཡང་བསྐྱར་ངའི་མིག་ཟུང་སྒོ་ཁར་ལྷུང་བའི་སྐལ་བ་ཐོབ་ཅིང་། ངའི་སེམས་ཀྱི་གཏིང་རོལ་ཅིག་ན་གདུ་བཞིན་པའི་བརྩེ་བ་ལྷོག་ལྷོག་དེའང་དེ་ལྟར་མི་ལོ་ཉི་ཤུའི་ཕྲེང་རིམ་བརྟོལ་ནས་སེམས་པའི་རྒྱབ་ལྗོངས་ངོས་སུ་གསལ་ཞིང་དག་པའི་རི་མོ་ལྟ་ན་སྡུག་པ་ཞིག་བྲིས་སོང་།

སྔོན་ཆད་མི་རྐྱང་ལ་འདུག་པར་གོམས་པའི་ང་རང་དུས་ད་ལྟ་མཚན་མོ་རེ་རེར་ཡང་ཅི་ཞིག་ལ་དྲན་པ་ལྷུང་ཞིང་མིག་ཟུང་འཆོར་བའི་བཟོ་ལྟ་དག་རྒྱུན་དུ་ཤོར་ཅིང་། ཅི་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་བའི་ལུས་ངག་གི་རྣམ་འགྱུར་དག་གིས་རྟག་ཏུ་ང་ལ་ཅི་ཞིག་གི་དྲན་པ་སློང་བ་དང་འདྲ་བར། མི་ལོ་ཉི་ཤུའི་བརྩེ་སེམས་ཀྱི་ཕོ་བྲང་ཀློང་དུ་འཁྲུག་ཆ་དོད་པའི་དྲན་ཤིང་རྫོགས་མེད་ཅིག་ཚོད་ཚོད་ལ་བསླངས་ཡོང་ཞིང་། སྒྲོལ་དཀར་ལྷ་མོའི་དགོད་སྒྲ་ནས་གོམ་སྒྲ། ལུས་ཀྱི་རྣམ་འགྱུར་རེ་རེ་ནས་སེམས་ཀྱི་འགྱུར་བག་རེ་རེ་ངའི་ཡིད་སེམས་ཀྱི་མཁའ་དབྱིངས་སུ་བར་མེད་དུ་རྩེན་པའི་དུས་ཚིགས་མཚར་བོ་ཞིག་ངའི་འཇིག་རྟེན་དུ་ག་ལེར་བསླེབས་བྱུང་། དེ་ནི་ཆུང་དུས་ཀྱི་བག་ཆགས་ཁྲོད་ལ་སིམ་པའི་བརྗེད་ཐབས་བྲལ་བའི་བརྩེ་བ་སྣུམ་པོ་ཞིག་གི་ངོ་གདོང་གི་སེང་རས་ཡུན་གྱིས་ཕྱིས་པ་དང་འདྲ་ལ། མུན་ནག་གི་གྲོང་ཚོ་རི་བོས་བསྐོར་བ་ཞིག་ལ་གསེར་གྱི་ཉི་མ་གཞོན་ནུའི་ཉི་ཟེར་གྱི་འཛུམ་མདངས་ལྷོད་གྱི་ལེར་འཕྲོས་འོངས་པ་དང་ཡང་ཀུན་ནས་མཚུངས།

                               མཚན་མོ་དེར། 

“ཁྱོད་བདེ་མོ།ངའི་མིང་ལ་ནམ་མཁའི་བུ་ལོ་ཟེར།”

“ཁྱོད་བདེ་མོ།ངའི་མིང་ལ་སྒྲོལ་དཀར་ལྷ་མོ་ཟེར།”

དེ་ནི་བརྩེ་བ་ཁྲི་ཕྲག་གི་སྨོན་འདུན་ཁུར་བའི་བྱ་མ་རྟའི་གོམ་པ་དང་པོ་སྟེ། རྒྱུས་མེད་ཀྱི་གོམ་པ་ལྕི་མོ་ཞིག་སེམས་ཀྱི་རྩལ་ཤུགས་ཀྱིས་བཀྱགས་ནས་ཁོ་མོའི་ཕྱོགས་སུ་བཏང་བའི་སྐད་ཆ་ཐོག་མའང་ཡིན། གྲོང་ཁྱེར་ལན་གྲུའི་ལྗན་ལྗིན་གྱི་མཁའ་དབུགས་ཁྲོད་ན་ང་ལ་བརྗེད་དུ་མེད་པའི་དྭངས་གཙང་གི་ཁ་དོག་ཅིག་ཡོད་པ་ནི་ཁོ་མོ་ཡིན། དུས་ཆད་དེ་ནི་དེ་ལྟར་ངའི་དྲན་འཛིན་གྱི་རྫ་རིའི་ཁོང་དུ་ཆུ་ཕྲན་ཞིག་གི་ཚུལ་གྱིས་ཤག་ཤག་བཞུར་ཅིང་། མི་འགྱང་བའི་དུས་ཤིག་ན། སློབ་གླིང་འདི་གའི་ཕྱི་ནང་བར་གསུམ་དུ་མཚར་སྡུག་ལྡན་པའི་གཏམ་རྒྱུད་སྣ་ཚོགས་འབྱུང་ངེས་པར་ཡིད་ཆེས་ཀྱིས་ཀུན་ནས་བརྟས། ཆེས་ཐོག་མའི་ལབ་གླེང་དེ་ཆེས་ཐོག་མའི་སེམས་སྒྲའི་འཁོར་ཕྱོགས་ཤིག་དང་འདྲ་བར། སྒྲོལ་དཀར་ལྷ་མོ་དང་ངེད་གཉིས་ཀྱིས་མཚན་མོ་དེར་འཇིག་རྟེན་གྱི་བརྩེ་བའི་འོ་མ་ཡང་ཡང་བཞོས་པ་ཡིན།

མཚན་མོ་དེར།  བརྩེ་དུང་གི་སྐྱེད་ཚལ་དུ་བསྔགས་པའི་སློབ་གླིང་གི་ལི་ཤིའི་ཚལ་དུ་མེ་ཏོག་སྟོང་ལྡན་གྱི་དྲི་བསུང་བར་མེད་དུ་འཐུལ་ཞིང་། གློག་སྒྲོན་གྱི་འོག་ཏུ་ཕོ་མོ་གཞོན་ནུ་ཆ་རེ་ཆ་རེ་བྱས་ཏེ་མཛའ་གཏམ་གྱི་ཀློང་དུ་འཐིམ་ཡོད་པ་ནི་མཚན་ཀློང་གི་བུང་བའི་ཚོགས་དང་གཉིས་སུ་མེད། མཚན་མོ་དེར། སྒྲོལ་དཀར་ལྷ་མོས་སྟོད་ཐུང་ཁམ་སེར་ཞིག་དང་གླང་རྫིའི་དོར་མ་སྐྱ་བོ་ཞིག་གྱོན་འདུག་ཅིང་། དམར་སྨུག་གི་མདངས་དང་ལྡན་པའི་སྐྲ་ལོའི་ཚོགས་རྦབ་ཆུ་ཞིག་དང་འདྲ་བར་ཁོ་མོའི་ལྟག་གོང་དང་འགྲམ་པའི་གཡས་གཡོན་དུ་ལྷོད་འཁྱུག་གེར་དཔྱངས་འདུག སྒྲོལ་དཀར་ལྷ་མོ་དང་ངེད་གཉིས་དཀྱོགས་ལམ་མང་པོའི་སློབ་གྲྭའི་ནུབ་སྒོ་བརྟོལ་ཏེ་ཕྱི་རོལ་དུ་ནུབ་འཚལ་འཐུང་དུ་ཆས་པ་ཡིན། མཚན་མོ་དེར། ནུབ་འཚལ་འཐུང་སའི་ཅོག་ཙེའི་སྟེང་དུ་ངེད་གཉིས་ཀྱིས་མང་པོ་ཞིག་དལ་ལྷོད་ལྷོད་དུ་གླེང་ཞིང་། མང་པོ་ཞིག་དགོད་སྒྲ་དང་ལབ་གླེང་གི་ཁྲོད་དུ་ཤོར་བས། ཟ་ཁང་གི་ཞབས་ཞུ་བས་བརྡ་གཏོང་རག་བར་དུ་ངེད་གཉིས་ཁ་བརྡའི་ནང་དུ་མགོ་འཁོར་འདུག ནུབ་འཚལ་འཐུང་རྗེས། ངེད་གཉིས་སྲང་ཤུར་མང་པོའི་ཀྱག་ཀྱོག་གི་སྲང་ལམ་བརྟོལ་ནས་སློབ་གྲྭའི་ནུབ་སྒོ་བརྒྱུད་དེ་ཕྱིར་ལོག་པ་ཡིན།  སློབ་གྲྭའི་ནུབ་སྒོའི་གཡོན་ཕྱོགས་སུ་ལྡིང་ཁང་ཆུང་བ་ཞིག་ཡོད་པ་དེ་རུ་དུས་རྒྱུན་ན་གཞོན་ཕོ་མོ་དག་གཅིག་འབྱར་གཉིས་འཁྱུད་ཀྱིས་བརྩེ་བའི་གཏམ་གླེང་བྱེད་ཀྱིན་ཧ་ཧ་ཧོ་ཧོའི་དགོད་སྒྲ་སྒྲོག་ནས་ཡོད་པ་ཡིན།

མཚན་མོ་དེར། ལན་གྲུའི་བར་སྣང་གི་སྨུག་པ་སྲབ་མོ་དེའང་གར་སོང་ཆ་མེད་དུ་གྱུར་འདུག་ལ། དཀར་གསལ་ཟླ་བའི་ཞལ་ཁེབས་ཀྱང་ཁྱོན་ནས་བཀྱགས་འདུག་པ་དེ་ནི་སྒྲོལ་དཀར་ལྷ་མོ་དང་ངེད་གཉིས་ལ་ཆེད་དུ་གོ་སྐབས་སྟེར་བ་དང་ཡོངས་སུ་མཚུངས། མཚན་མོ་དེར། ཟླ་བའི་འོད་ཟེར་དང་སློབ་གླིང་གི་གློག་སྒྲོན་འོག་ཏུ་ངེད་གཉིས་ཀྱིས་འཇིག་རྟེན་གྱི་བརྩེ་བའི་གླེང་མོལ་དག་ཞེ་སེམས་གཉིས་མེད་ཀྱིས་ཕན་ཚུན་ལ་གླེང་བ་ཡིན།  བལྟས་བལྟས་རིག་རིག་ལ་དུས་ཚོད་བཅུ་དང་ཕྱེད་ཀ་བརྒལ་འདུག་ལ། ཕྱིར་མལ་ཁང་དུ་འགྲོ་བའི་དུས་ཚོད་ཀྱང་ཐོན་ལ་ཉེ་བས། བྲེལ་འཚུབ་ཀྱི་ངང་དུ་བཏབ་པའི་བྲེལ་འཚུབ་ཀྱི་དུས་ཆད་དེ་དེ་ལྟར་མཇུག་མི་བསྡུ་ཐབས་མེད་བྱུང་།

ངའི་སྙན་ངག་དང་ཁོ་མོའི་བརྩེ་བ།

དྲང་མོར་བཤད་ན་ཁྱོད་ཀྱི་རྣ་བར་ཡང་འགྲོ་མི་སྲིད་དེ།  སྒྲོལ་དཀར་ལྷ་མོ་ལྟ་བུའི་མཛེས་ལྡན་གྱི་བུ་མོ་ཞིག་ངའི་མཛའ་གྲོགས་སུ་གྱུར་སོང་བ་ནི་སློབ་གྲོགས་བསོད་བྷེའི་སྐད་ཆས་བཤད་ན། “མི་རྐྱང་། ངོ་མ་ལས་བསོད་ཡག་པོ་འདུག གེ་སར་སློབ་གླིང་གི་སེང་ལྕམ་འབྲུག་མོ་འདྲ་བོ་ཁྱོད་ཀྱི་ལག་ཏུ་ཆུད་འགྲོ་བ་དྲན་པའི་དགུ་ལའང་མ་ཤར། ད་མི་རྐྱང་ཚོགས་པའི་གྲལ་ནས་འབུད་ཐུབ་སོང་བ་རེད།”ང་ལ་མཚོན་ན་མི་རྐྱང་གི་གྲལ་མཐའ་ནས་འབུད་ཐུབ་མིན་དེ་ནི་གནད་དོན་གཙོ་བོ་ཞིག་མ་ཡིན་པར་སེམས་ཀྱི་བརྩེ་བ་བརྗོད་སའི་མཛའ་གྲོགས་ཤིག་རྙེད་སོང་བ་ནི་ཆེས་དགའ་འོས་པའི་དོན་དག་ཅིག་ཏུ་སེམས་ཡོད།

ཉིན་དེ་ནས་བཟུང་། ངའི་བརྩེ་བའི་འཇིག་རྟེན་དུ་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་མང་པོ་ཞིག་ཀྱང་འབྱུང་མགོ་བརྩམས་ལ། དྲན་པའི་གསེབ་དུ་འཚངས་པའི་སྙན་ངག་གི་ཕྲ་ཕུང་དེ་དག་ཀྱང་ཆད་མེད་དུ་བཞུར་ཡོང་། སྙན་ངག་དང་རྩོམ་རིག་ལས་དགའ་བ་མེད་པའི་ཁོ་བོར་མཚོན་ན།འཇིག་རྟེན་གྱི་རྒྱུ་ནོར་ལས་ཀྱང་ལྷག་པའི་རིན་པོ་ཆེ་རྩ་ཆེན་ཞིག་ཡོད་པ་ནི་ཁོ་མོའི་བརྩེ་བ་དང་དགའ་བ་ཐོབ་ཡོད་པ་དེ་ཡིན་ཞིང་། ཁོ་མོ་ནི་གནམ་སྔོན་པོས་ང་ལ་གནང་བའི་ནོར་བུ་ཞིག་ཏུའང་འདོད་ཡོད། ཁོ་མོ་ཡོད་པས། ང་རང་ཁེར་རྐྱང་གི་སྣང་བས་སྤྱང་ལྟོགས་བཞིན་ཟོས་མི་འགྲོ་ཞིང་། ཁོ་མོ་ཡོད་པས། ང་རང་ཁྱིམ་གཞིས་མེད་པའི་འཁྱམས་པོ་ཞིག་ལྟར་འཚོ་མ་དགོས་ལ། ཉིན་རྒྱུན་མི་རྐྱང་ཐུག་པ་འཐུང་ནས་ཉིན་མཚན་ཡང་བསྐྱལ་མི་དགོས་པར་འོ་ཇ་མངར་མོ་དང་མཐེབ་ཐུག་ཞིམ་པོ་དག་སེམས་ཀྱིས་མྱོང་གིན་རང་གི་གོམས་ལོབས་སུ་ཡོད་པའི་ལས་ཀ་དག་ག་ལེར་བསྒྲུབ་ཆོག་ལ། ཁོམ་པ་བྱུང་དུས་མི་ཡུལ་འདིའི་སྐྱིད་ལ་སྡུག་པའི་མྱོང་བ་དག་ཀྱང་ཁ་སྒོ་ཆུང་ཆུང་གཉིས་ནས་གཏན་དུ་གླེང་མོལ་བྱས་ཆོག་པ་མ་ཡིན་ནམ།

སྒྲོལ་དཀར་ལྷ་མོར་འཕྲད་ནས་བཟུང་ངའི་བརྩེ་བའི་འཇིག་རྟེན་ཡོམ་ཡོམ་དུ་བསྒུལ་བྱུང་བ་དང་འདྲ་བར།སྔ་ཕྱིར་ཁོ་མོ་དང་འབྲེལ་བའི་སྙན་ངག་ལེགས་པོ་ཇི་སྙེད་ཅིག་བདེ་བླགས་ངང་གསར་རྩོམ་བྱེད་ཐུབ་པ་བྱུང་། ཁོ་བོའི་སྙན་ངག《ལས་འཕྲོའི་མདུད་པ》དང་《བརྩེ་དུང་ལྟ་བུའི་ལོ་ཟླ་དེ ལོ་ཟླ་ལྟ་བུའི་རི་མོ་དེ》《ང་རང་ཟམ་ཁར་འགྲེང་དུས》དང་《ཆུང་མ》སོགས་སྔ་གཞུག་ཏུ་འབྲི་ཐུབ་པ་བྱུང་ཞིང་། སྐབས་དེའི་སྙན་ངག་དེ་དག་གི་ཁྲོད་ཀྱི་ཚིག་དུམ་རེ་འགས་ནི་ད་དུང་ཡང་ང་ལ་བརྗེད་ཐབས་བྲལ་བའི་ཕྱིར་དྲན་རིང་མོ་ཞིག་བསླངས་ཡོང་ལ།དར་ཅིག་ལ་སློབ་གླིང་གི་ལི་ཤིའི་ཚལ་ནས་དཔེ་མཛོད་ཁང་དང་། སློབ་རའི་ཤར་སྒོ་ནས་ནུབ་སྒོའི་བར་གྱི་འགྲུལ་སྐྱོད་དེ་དག་དྲན་དུ་བཅུག་ཡོང་ཞིང་།སྒྲོལ་དཀར་ལྷ་མོ་དང་ངེད་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཕྱིན་མྱོང་སའི་གནས་མལ་དག་ནི་བརྙན་ཡོལ་ངོས་སུ་འཆར་བའི་གཟུགས་བརྙན་ཇི་བཞིན་དྲན་ཡོང་།  དཔེར་ན། “ཁ་བ་དཀར་པོ  དངུལ་དཀར་གྱི་མུ་ཏིག་བཞིན་ས་ངོས་སུ་འཕྱོ་དུས འཐོར་གྱིན་པའི་འདབ་མ་རེ་རེ་ཐོག་མའི་དྭངས་གཙང་གི་ཁོ་མོ་དང་འདྲ་བྱུང ཁོ་མོའི་སེམས་ཁར་བླུགས་པའི་སྙིང་གཏམ་གྱི་བུམ་ཆུ་དེ་དང་འདྲ་བྱུང”ཞེས་པས་དགུན་ཟླ་དེའི་ཆེས་ཐོག་མའི་ཐུག་འཕྲད་ཀྱི་ཉིན་ཞག་དག་དྲན་དུ་བཅུག་ལ། དངུལ་དཀར་གྱི་ཁ་བ་དཀར་པོས་ས་གཞི་བརྒྱན་པའི་བར་གསེང་དུ། སྒྲོལ་དཀར་ལྷ་མོས་རྐང་ལྷམ་ཟུང་གིས་དཀར་སོབ་སོབ་ཀྱི་ཁ་བའི་འདབ་མར་འཆག་འཆག་བྱེད་པའི་ངང་ཚུལ་དག་དྲན་དུ་བཅུག་ཡོང་ཞིང་།ང་ལ་གཅེས་སྟེགས་དང་བཅས་པྲ་ཚགས་བཅོ་བའི་བཟོ་ལྟ་དག་ཀྱང་ག་ལེར་དྲན་ཡོང་། གཞན་ད་རུང“ང་ཡི་རྨི་ལམ་འདྲ་བའི་གཡུ་སྲས་སྒྲོལ་མ བརྩེ་བ་ལ་ཁ་དན་འཇོག་པ་ནི་ཆེས་ཐབས་རྡུགས་ཀྱི་ལས་ཀ་ཞིག་སྟེ སྙིང་ཁོང་ན་གསེར་གྱི་གཡར་དམ་དང་དངུལ་གྱི་རུས་པ་ཡོད་ན བདེན་པའི་མེ་ལོང་ནང་དུ་སྐྱིད་པའི་འཇིག་རྟེན་བསྙལ་ཆོག་པ་མ་ཡིན་ནམ”དང་“ང་རང་ཟམ་ཁར་འགྲེང་དུས བརྩེ་དུང་གི་མིག་ཀོང་ན་འཐོར་གྱིན་པའི་མིག་ཆུ་རྡོག་པོ་དེ མིག་ཆུ་རྡོག་པོ་དེ  ཟམ་འོག་ཏུ་འགྲུལ་སྐྱོད་ལ་རེམ་གྱིན་པའི མི་ཚོགས་ཀྱི་ཕྲག་གོང་བརྒྱུད་ནས་འགྲིལ་ཅིང ངའི་སྙིང་ཉེ་མའི་སེམས་ཁོང་དུ་དལ་བུར་བཞུར མངར་ལ་ཞིམ་པའི་ཚོར་བ་དེ   སྐྱུར་ལ་ཁ་བའི་དྲན་ཤིང་དེས མིག་ཟུང་ཆ་གཅིག་གློ་བུར་མཆི་མས་བརླན སེམས་པ་ཆ་གཅིག་གློ་བུར་ལྗིད་ལ་དཔྱངས”སོགས་ཀྱིས་ང་ལ་མིག་ཆུའི་སྔ་རོལ་གྱི་བརྩེ་བ་དེ་ནི་དྲན་ཤིང་ཞིག་གི་ཕྱི་ནང་ཡིན་པ་རྟོགས་སུ་བཅུག་ཅིང་།སུ་ཞིག་ལ་ལུས་ངག་ཡིད་གསུམ་གྱི་མཆོད་པ་ཕུལ་མྱོང་བའི་དགའ་བ་དེའང་ཡིན་པ་ཚོར་དུ་བཅུག་པར་མ་ཟད། རྒྱ་གར་གྱི་དུངས་བརྗོད་གློག་བརྙན་ཞིག་གི་འཁྲབ་ཚིག་ནང་དུ་“སེམས་ལ་བརྩེ་བ་ཡོད་ན་དེ་ནི་ལྷ་ཡུལ་ཡིན་ཞིང་། སེམས་སུ་བརྩེ་བ་མེད་ན་དེ་ནི་དམྱལ་ཁམས་སོ།།”ཞེས་པའི་བརྗོད་དོན་ལའང་ངེས་ཤེས་ཟབ་མོ་ཞིག་འདྲོངས་སུ་བཅུག་གོ།

ཕ་ཡུལ་གྱི་དྲན་པ།

ཕ་ཡུལ་དུ་ཡོང་བ་ནས། ངའི་དྲན་པའི་དབུས་སུ་མུ་ཏིག་གི་ཆུ་རྒྱུན་གཙང་པོ་བཞིན་འཁོལ་ལ།ཁོ་མོ་དྲན་པའི་གདུང་བ་དག་ཀྱང་གནས་འདི་རུ་ཁེར་རྐྱང་ངང་ལུས། ཡིན་ནའང་ཁོ་མོའི་ཆད་མ་མྱོང་བའི་ཁ་པར་གྱི་སིང་སྒྲས་རྒྱུན་དུ་ང་ལ་འཚུབ་ཆ་དང་བདེ་སྣང་སྣ་ཚོགས་དུས་གཅིག་ཏུ་བསྐྱལ་ཡོང་ཞིང་། ངས་རང་ཉིད་ལ་ཁོ་མོ་ལས་ལྷག་པའི་ནོར་བུ་ཞིག་མེད་པའང་ཚོར། དེའི་ཕྱིར། མཚན་མོ་རེ་རེར་ཞི་འཇགས་ཀྱི་དུས་མཚམས་ཤིག་ཏུ་ངས་ཉིན་ཐོ་ལྟ་བུའི་ཡི་གེ་འདི་དག་གློག་ཀླད་ཀྱི་ངོས་སུ་འབྲི་འགོ་བརྩམས་ཤིང་། རྒྱུན་པར་ཙོང་ཁའི་བཞུར་རྒྱུན་དང་འགྲོགས་པའི་ངའི་སེམས་པ་ནམ་ཡང་ཙོང་ཁ་རུ་ལུས་ཡོད་པའི་རྟགས་མཚན་ཞིག་ཏུའང་གྲུབ་འདུག་པས། ང་ལ་འདི་ལས་ལྷག་པའི་དགའ་བ་དང་སྤྲོ་སྣང་། འདི་ལས་བླ་བའི་འདོད་འདུན་གཞན་ཅི་ཞིག་ཡོད་ཨང་བསམས་བྱུང་། དེ་རིང་ཞོགས་པར་ཡོང་བའི་ཁ་པར་གྱི་ལན་དུ་ངས་ཁོ་མོར་འདི་ལྟར་བརྗོད་པ་ཡིན་ཏེ། “གཡུ་སྲས་སྒྲོལ་མ ངའི་མི་ཚེ་གཅིག་གི་ལས་འཕྲོར་འཇུས་པའི་སྐྱ་ཡ་མངོན་ཆུང་མ ངའི་མི་ཚེ་གཅིག་གི་དུང་སེམས་ཀྱི་རྒུན་ཆང་བསྙོར་བའི་སྙིང་ཉེ་མ ང་ཚོས་གོམ་པ་མཉམ་སྤོས་ཀྱི་ཤུལ་རྗེས་གསལ་ཞིང་འཚེར་བར་སྨོན ང་ཚོས་ལག་གདང་སྦྲེལ་ཤུལ་གྱི་ལམ་བུ་སྲ་ཞིང་བརྟན་པར་སྨོན”ཞེས་སྨོན་འདུན་ཞུས་ཚར་དུས།  སྒེའུ་ཁུང་བརྒྱུད་ནས་འཕྲོས་ཡོང་བའི་ཕ་ཡུལ་གྱི་ཉི་འོད་སེར་པོས་ང་ལ་བཀྲ་ཤིས་པའི་ཁ་བཏགས་འཐེན་གྱིན་བདེ་འཚམས་ཞུ་བཞིན་འདུག་པས། ང་ཡང་མྱུར་མོར་ཡར་ལངས་ནས་ཉིན་མོ་གཞན་ཞིག་གི་ཀློང་དུ་ཞུགས་པ་ཡིན་ནོ།།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

གངས་འདབས་ཀྱི་ན་གཞོན་འཁྱམ་པོ་ཞིག

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།