རྩོམ་རིག་སྐོར་གྱི་དཔེ་ཀློག་ཟིན་ཐོ་བསྟར་མ།

སྒྲེན་པོ།

༡ ཁན་ཐི་དང་རྩོམ་རིག

ཁན་ཐི(康德)མཆོག་གི་མཛེས་རྟོག་རིག་པའི་མ་ལག་གི་ལྟེ་ཐག་ནི་བདེན་དགེ་མཛེས་གསུམ་བར་གྱི་འབྲེལ་བ་ཞིབ་བརྗོད་བྱ་རྒྱུ་དེ་ཡིན། ཁོང་གིས་སྒྱུ་རྩལ་རྩོམ་རིག་གི་ངོ་བོ་རྗེན་པ་རང་དབང་རང་མོས་ཀྱི་རོལ་རྩེད་ཅིག་ལ་བལྟས་འདུག་མོད། ལྟ་བ་འདི་ནི་མང་མང་གིས་བསྙད་ཀྱིན་པའི་ནང་དོན་མཚོན་རྒྱུ་དང་ཡིད་ལ་ཅི་ཡང་མི་བྱེད་པ་ལྟ་བུ་ཞིག་ལ་གཏན་ནས་མ་བཞེད་པར། ཕྱི་དོན་གྱི་སྟོབས་ཤུགས་དང་འཕྲལ་རྐྱེན་སོགས་ཀྱིས་མ་བཅིངས་བའི་རང་བྱུང་ལྷུག་བབ་ཀྱི་བདེ་སྣང་ཁྱད་པར་བ་ཞིག་ལ་འདོད་ཀྱིན་ཡོད། དེ་བས་ཁན་ཐི་ལགས་ནས་བཞེད་ཀྱིན་པའི་རོལ་རྩེད་སྨྲ་བ་ནི་དོན་གྱིས་རང་དབང་སྨྲ་བ་དང་འདྲ་བོ་ཡོད།
ཁོང་གིས་བསྟན་དོན། སྙན་ངག་པས་ཀུན་རྟོག་འགྱུ་ཤུགས་དང་བསམ་བློའི་འཕྲུལ་བཀོལ་ནས་མིའི་རིགས་ལ་སྐྱོ་སངས་ཀྱི་བདེ་ཚོར་ཞིག་བསྐྲུན་ཡོད་ནའང་། མིའི་རིགས་ཀྱི་གནས་ལུགས་རྟོགས་འདོད་ཀྱི་བློ་ཧམ་པ་ཚ་བོ་དེས་སྙན་རྩོམ་གྱི་ནང་དུ་སྙན་ངག་པའི་དམིགས་བྱ་ལས་ལོག་པའི་བསྟན་དོན་མང་པོ་ཞིག་གུད་དུ་འཇོག་གིན་ཡོད་ལ། དེ་ལྟར་ཁོ་ཚོའི་སྣང་ངོར་སྙན་ངག་པའི་བགྱི་བ་རྣལ་མ་ནི་ཁོ་ཚོའི་ཤེས་འདོད་ཀྱི་བློ་གསལ་སྟོན་བྱ་རྒྱུར་བལྟས་འདུག འདི་ནི་འཁྲུལ་བ་ཡིན། སྒྱུ་རྩལ་བརྩམས་ཆོས་ཡག་པོ་ཞིག་ཡིན་ན་ཚོར་ཤེས་དང་དཔྱོད་ཤེས་གཉིས་ལས་གཅིག་ཀྱང་ཆད་མི་རུང་བར་མ་ཟད། དེ་གཉིས་ཕན་ཚུན་ཚོད་འཛིན་དང་མཐུན་སྦྱོར་ལས་ང་ཚོ་མིའི་རིགས་ལ་སྣང་ལ་མ་ངེས་ཤིང་སོས་དལ་བག་ཕེབས་ཀྱི་ཁམས་འཛད་མེད་ཅིག་བསྐྲུན་ཡོད། གལ་ཏེ་དེ་གཉིས་མཉམ་འདྲེས་ཀྱི་སྲུབས་ཀ་ནས་ཤེས་པ་འགག་ཅིང་སྣང་བ་འཕྱོ་བར་བྱེད་པའི་རང་བྱུང་ལྷུག་བབ་ཀྱི་ཆ་ཞིག་བྱུང་མི་ངེས་པའི་དབང་དུ་བཏང་བ་ཡིན་ན། མཛེས་རྟོག་གིས་རྣམ་པར་བརྒྱན་པའི་སྒྱུ་རྩལ་བརྩམས་ཆོས་ཞེས་པ་གང་ནས་ཡོང་དགོས། འབྱུང་སའི་ཁུངས་མེད་དོ།

༢ ཀི་ཐི་དང་རྩོམ་རིག

རྩོམ་རིག་སྒྱུ་རྩལ་དང་དངོས་ཡོད་འཚོ་བའི་བར་གྱི་འབྲེལ་བའི་ཐད་ཀི་ཐིས(歌德)འདི་འདྲ་ཞིག་བཞེད་ཡོད་དེ།
སྒྱུ་རྩལ་བ་དང་རང་བྱུང་ཁམས་བར་འབྲེལ་བ་ཉིས་བརྩེགས་གྲུབ་ཡོད། སྒྱུ་རྩལ་བ་ནི་རང་བྱུང་ཁམས་ལ་མངའ་སྒྱུར་མཁན་ཡིན་ལ་དེའི་བྲན་ཁོལ་ཡང་ཡིན། སྒྱུ་རྩལ་བ་རང་བྱུང་ཁམས་ཀྱི་བྲན་ཁོལ་ཡིན་དོན་ནི། ཁོས་དངོས་ཡོད་འཚོ་བའི་སྒང་གི་རྒྱུ་ཆར་བསལ་བསེད་འདོར་ལེན་ཡོད་པའི་སྒོ་ནས་བེད་སྤྱད་དེ་གསར་རྩོམ་བྱེད་ཀྱིན་ཡོད་ཅིང་། ཐབས་དེ་མ་བརྒྱུད་པ་ཡིན་ན་མིའི་རིགས་ཀྱིས་ཁོའི་བརྩམས་ཆོས་ཀྱི་དགོངས་པ་རྟོགས་ཐབས་བྲལ། དེ་ནང་བཞིན་སྒྱུ་རྩལ་བ་རང་བྱུང་ཁམས་ལ་མངའ་སྒྱུར་མཁན་ཡིན་དོན་ནི། ཁོས་དངོས་ཡོད་འཚོ་བའི་སྒང་གི་རྒྱུ་ཆར་རང་གི་ཕུགས་འདུན་དང་འཚམ་པོ་ཡོང་ཆེད་ལས་སྣོན་མང་པོ་བྱེད་ཀྱིན་ཡོད།

དེ་བས། སྒྱུ་རྩལ་རྩོམ་རིག་ཚང་མས་དངོས་ཡོད་ཀྱི་དོན་བྱ་བྱེ་བྲག་པ་ནས་རྐང་བཙུགས་ཏེ། གཅིག་ནས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་རུང་བསྟུན་བྱ་དགོས་པ་དང་། ཡང་ཕྱོགས་གཅིག་ཏུ་ན་རང་བྱུང་ཁམས་ཀྱི་མ་བཅོས་པའི་དངོས་པོའི་གནས་ཚོད་དང་གཤིས་ལུགས་ལས་རིང་དུ་འཕགས་ནས། རང་བྱུང་ཁམས་གཉིས་པ་ཞིག་བཞེངས་སྐྲུན་བྱེད་ཀྱིན་ཡོད། ཀི་ཐི་མཆོག་གིས་མི་རིགས་བླ་སྲོག་གི་བྱེད་པོ་ལྟ་བུའི་རྩོམ་པ་པོ་འཁྲུངས་བར་ཆ་རྐྱེན་གང་དག་ཚང་དགོས་ཞེ་ན། མི་རིགས་ལོ་རྒྱུས་ཁྲོད་བྱུང་བའི་རླབས་ཆེན་གྱི་སྲིད་འགྱུར་དང་དོན་རྐྱེན་ཅི་རིགས་རྩོམ་པོའི་ལུས་སེམས་གཉིས་ཀྱིས་དངོས་སུ་མྱངས་ཏེ། ཁོས་རང་གི་རིགས་མཐུན་སྤུན་ཟླའི་བསམ་སྦྱོར་ཁྲོད་གཞན་དང་མི་འདྲ་བའི་ཆ་དེ་གནད་དུ་བཟུང་ཐོག ཁོ་ཚོའི་འདུ་ཤེས་དང་བླ་སྲོག་གི་གཏིང་ཟབ་སར་ལག་སྙོབ་བྱས་ནས། རང་རྟོགས་སྒོས་འདས་སོང་དང་ད་ལྟའི་གནས་སྟངས་ཀྱི་ཆ་གང་ལའང་གདུང་སེམས་མཉམ་སྐྱེད་དང་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གྱི་གོང་བུའི་འདུ་ཤེས་ཤིག་སྤྱི་ཚོགས་ལོ་རྒྱུས་འཕེལ་རིམ་ཁྲོད་ཡོད་ངེས་པར་འཚོལ་དཔྱོད་དང་ཡིད་ཆེས་ཡོད་དགོས་པར་མ་ཟད། ཁོས་ད་དུང་སྔོན་རབས་པས་བསྒྲུབས་ཟིན་པ་དང་བསྒྲུབ་འཕྲོར་ལུས་པའི་དོན་བྱ་ཇི་སྙེད་ཅིག་གི་རྒྱུ་ཆ་མང་པོ་བསྡུ་སྒྲིག་བྱས་ཏེ། རིག་གནས་དང་སྤྱི་ཚོགས་མདུན་སྐྱོད་ཀྱི་མཐོ་ས་ནས་འགྲེང་ཞིང་། རང་ཉིད་མི་རིགས་དེའི་ཤ་རུས་བྲལ་དུ་མེད་པའི་ཆར་གཏོགས་པའི་གདོས་བཅས་ཀྱི་ཕུང་བོ་ཞིག་ཡིན་པར་ཡིད་ཆེས་ཡོད་དགོས་པ་ལས་གཞན། མི་རིགས་དེའི་ཁོངས་མི་སོ་སོའི་བསམ་པའི་འཁྱེར་སོ་དང་རིན་ཐང་ལྟ་ཚུལ། དགེ་སྡིག་བཟང་ངན། ཡག་བཙོག་སོགས་རང་ཉིད་དང་ཀུན་ནས་ཆ་མཚུངས་བར་བལྟས་ནས། བརྩམས་ཆོས་ཁྲོད་བསྟན་བྱ་དེ་དག་ལྷག་ལུས་མེད་པར་རྩལ་དུ་འདོན་ཐུབ་ན། གཞི་ནས་མི་རིགས་ཀྱི་རླབས་ཆེན་རྩོམ་པ་པོ་ཞིག་འབྱུང་ངེས་སོ།

ཀི་ཐི་མཆོག་གི་བཞེད་དགོངས་འདི་ཀོ་འགྲིག་མིན་ཅི་ཡིན་རུང་། འདིས་ང་ཚོར་བརྡ་རྟགས་གལ་ཆེན་གཉིས་འདོན་སྤྲོད་བྱས་འདུག་པ་ནི། གཅིག རྩོམ་པ་པོ་གང་མི་རིགས་དེའི་ལོ་རྒྱུས་དང་རིག་གནས། སྲིད་འགྱུར་གལ་ཆེན་བཅས་ལ་ཆ་རྒྱུས་ཐོགས་རྡུག་མེད་པ་ཡོད་རྒྱུ། གཉིས། རིག་གནས་དང་འཚོ་གནས་སྐྱེལ་སྟངས། འཚོ་སྡོད་ཀྱི་ཁོར་ཡུག་བཅས་ཀྱིས་བསྐྲུན་པའི་ཁོངས་མིར་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ལྟ་བུའི་ཆ་རྒྱུས་ཟབ་གསལ་ཡོད་རྒྱུ་དེ་གཉིས་སོ།

འོ་ན་གོང་གི་བརྡ་རྟགས་སྣ་གཉིས་པོ་འདི་ཁ་ཕྱིར་འཁོར་ནས་རང་ཅག་རྩོམ་པ་པོ་དག་ལ་སྦྱར་ན། ཚད་གཞིར་ལོན་མཁན་ཅི་ཙམ་ཡོད། བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་དང་སྲིད་འགྱུར། ལོ་རྒྱུས་ཀྱི་དོན་རྐྱེན། ཁྱད་དོན་བོད་མིའི་བཟང་ཆ་དང་སྐྱོན་ཆ། བོད་མིའི་བསམ་བློའི་འཁྱེར་སྟངས། བོད་མིའི་རིན་ཐང་གཅོད་ཕྱོགས་སོགས་ལ་རང་བློ་ནང་བཞིན་ངོས་ཟིན་ཡང་དག་འདྲོངས་ནུས་པའི་རྩོམ་པ་པོ་དུ་ཡོད་དམ།

༣ ཞི་ལེ་དང་རྩོམ་རིག

ཞི་ལེ(希勒)མཆོག་གིས་སྙན་ངག་ལ་ཆེ་ཕྱོགས་ནས་རིགས་གཉིས་སུ་ཕྱེས་ཡོད་དེ། བབ་ཆགས་པའི་སྙན་ངག་དང་སྐྱོ་ཤས་ཆེ་བའི་སྙན་ངག་གཉིས་རེད། དེ་གཉིས་ཀྱི་སྐོར་ལ་ཁོང་གིས་བཞེད་དོན། བབ་ཆགས་སྙན་ངག་ནི་དོན་གྱིས་རང་བྱུང་ཁམས་ལ་ལད་ཟློས་བྱས་པ་ལས་བྱུང་བ་ཡིན། བབ་ཆགས་སྙན་ངག་འབྲི་དུས་ཀྱི་སྙན་ངག་པ་ནི་རང་བྱུང་ཁམས་དང་མ་བཅོས་གདོད་མའམ་ཡང་ན་འཆམ་མཐུན་བབ་ཆགས་ཀྱི་འབྲེལ་བ་གྲུབ་ཡོད། སྐྱོ་སྣང་སྙན་ངག་ནི་ཕུགས་བསམ་མངོན་མཚོན་བྱེད་འདོད་ཀྱི་བློས་གྲུབ་པ་ཡིན། སྙན་ངག་འདིའི་རིགས་འབྲི་སྐབས་ཀྱི་སྙན་ངག་པ་ལ་རང་བྱུང་ཁམས་ཆེན་མོ་རྨང་ནས་ཤོར་ཚར་ཡོད་ཅིང་། དེ་ནི་མྱི་དར་མ་ཞིག་གིས་རང་གི་བྱིས་བློ་གཙང་མ་ཤོར་ཚར་བར་ཞེ་འགྱོད་དང་དེར་ཞེ་འཁྲེང་ནས་སྐྱོ་དུབ་ཀྱིས་མནར་སྟངས་དང་འདྲ།
ཁོས་བཞེད་དོན། སྙན་ངག་པ་ནི་རང་བྱུང་ཁམས་ལ་སྙེག་མཁན་དང་ཡང་ན་རང་བྱུང་གི་ངོ་བོར་དུས་དང་རྣམ་པ་ཀུན་ཏུ་དབྱེར་མེད་སིམ་ནས་ཡོད་མཁན་ཞིག་ཡིན་དགོས་ཟེར། རང་བྱུང་གི་ངོར་གནས་མཁན་གྱིས་བབ་ཆགས་སྙན་ངག་འབྲི་ངེས་ཤིང་། རང་བྱུང་ཁམས་ལ་སྙེག་མཁན་གྱིས་སྐྱོ་སྣང་སྙན་ངག་འབྲི་ངེས།
མྱི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ནི་མི་གཤིས་དང་འབྲེལ་བ་དམ་ཟབ་ཡོད། ནང་སེམས་ཀྱི་ཆགས་སྡང་དང་དཔྱོད་ཤེས་གཉིས་འཆམ་གནས་མཐུན་སྦྱོར་ཡག་པོ་ཡོང་སྐབས་ཀྱི་མྱི་ནི་མ་གཞི་ནས་སྙན་ངག་པའི་རྟུལ་ཞུགས་ལྷུར་ལེན་མཁན་ཡིན་པ་མ་ཟད། ཁོ་ནི་རང་བྱུང་མའི་ལྷུམས་ན་ཅི་འདོད་རྩེན་པའི་བྱིས་པ་སྣབས་ལུག་དེའོ།
སྙན་ངག་གིས་མཚོན་བྱའི་ཡུལ་ལ་གནས་པའི་དུས་སྟོང་གི་ཆ་ཀུན་གཏོར་ནས་བྱ་དངོས་རང་མཚན་པ་ཞིག་བློ་བཟོ་བྱས་ཆོག་པ་ལས་གཞན། ད་དུང་མཚོན་ཐབས་ཀྱི་ངོས་ནས་མཚོན་བྱའི་བྱ་དངོས་ཀྱི་རྣམ་པ་དང་ངོ་བོ་ཚད་མེད་དུ་བསྲིངས་ཆོག

བབ་ཆགས་སྙན་ངག་ནི་ཕྱི་རོལ་དངོས་ཁམས་དང་འབྲེལ་ཆེ་ཁར། དེ་ནི་སྣང་བརྙན་ཕལ་བ་ཞིག་གི་མངོན་སྟངས་ཙམ་ཡིན་པས། དེས་རྙོག་ཟིང་དང་འཆོལ་བའི་སེམས་རྣམ་མི་བསྐྲུན་པར། སྤྲོ་དགའ་དང་དྭངས་གཙང་། ཞི་བདེ་བཅས་ལ་གཞོལ་བའི་འཇགས་རྣམ་གྱི་སེམས་ཁམས་བསྐྲུན། དེ་འདྲ་བསྐྲུན་དོན་ཡང་སྙན་ངག་པ་དང་རང་བྱུང་ཁམས་བར་ཐད་སོར་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་གྲུབ་དོན་ལ་ཐུག་ཡོད། འོན་ཀྱང་སྐྱོ་སྣང་སྙན་ངག་ནི་ཡིད་ཅན་པ་རང་གི་ནང་སེམས་ཀྱི་ཞེ་བློ་མངོན་འདོད་དང་འབྲེལ་ཆེ་ཁར། འབྲི་དུས་ཀུན་རྟོག་འགྱུ་ཤུགས་ལ་དཔྱོད་ཤེས་ཀྱིས་རམ་བསྐྱོར་དང་། བསམ་བློའི་མངོན་སྟངས་ལ་དགའ་སྐྱོ་དང་ཆགས་སྡང་གིས་ཉིང་མཚམས་སྦྱར་ཡོད་ཅིང་། དེས་གཟབ་ནན་དང་བྲེལ་ཟིང་། ཉེན་ཚབས་བཅས་བསྣོལ་མར་བསྡེབས་པ་ལས་གྲུབ་པའི་སེམས་ཁམས་ཀྱི་འགུལ་རྣམ་ཞིག་བསྐྲུན་ཡོད། བསྐྲུན་དོན་ཡང་སྙན་ངག་པ་དང་རང་བྱུང་ཁམས་བར་ཁ་གཏད་གཞལ་རེས་ཀྱི་འབྲེལ་བ་གྲུབ་པ་ལ་རག་ལས་ཡོད།
ཞི་ལེ་མཆོག་གིས་བབ་ཆགས་སྙན་ངག་དང་སྐྱོ་སྣང་སྙན་ངག་གཉིས་རྩོམ་པ་པོ་གཅིག་གི་མི་གཞིའི་སྟེང་ནས་མཐུན་འཇུག་ལེགས་པོ་ཡོང་བ་བྱ་རྒྱུ་ནི་མི་གཤིས་འཕེལ་ཕྱོགས་ལྡོག་མེད་དུ་བསྙད།
སྙན་ངག་འབྲི་སྟངས་མི་འདྲ་བ་འདི་གཉིས་ནི་མི་གཤིས་མི་འདྲ་བ་གཉིས་ཀྱིས་བསྐྲུན་ལ། དེས་སྒྱུ་རྩལ་རྩོམ་རིག་གི་སྡེར་རྩོམ་རིག་གི་གྲུབ་མཐའ་ཡན་གར་བ་གཉིས་ཁ་གཏད་དུ་ལངས་བར་བྱས་ཡོད། སྔ་མས་རོལ་རྩེད་སྨྲ་བའི་ལུགས་བསྐྲུན་ལ། ཕྱི་མས་བླ་མེད་སྨྲ་བ་བསྐྲུན། སྔ་མས་སྙན་ངག་ནི་སྐྱོ་དུབ་སེལ་སྤྱད་ཀྱི་རོལ་རྩེད་ཅིག་ལ་བལྟ་བ་དང་། ཕྱི་མས་སྙན་ངག་ནི་མི་ཆོས་ཀུན་སྤྱོད་མཐོ་རུ་འདེགས་བྱེད་ཀྱི་ལག་ཆ་ཞིག་ལ་བཞེད།

ཞི་ལེ་མཆོག་གིས་རང་གཤིས་སྣ་མི་འདྲ་བ་གཉིས་ལས་བསྐྲུན་པའི་སྙན་ངག་རིགས་འདི་གཉིས་བསྐྲུན་མཁན་སྙན་ངག་པའི་གཤིས་ཀ་ནི་མིའི་རང་གཤིས་འཕེལ་ཕྱོགས་དང་ལྡོག་ཟླར་ལངས་ཡོད་པ་མ་ཟད། དེས་མི་གཤིས་ཐོར་གྱར་ཡ་བྲལ་དང་གས་ཁ་ཅན་གྱི་མི་གཞི་བསྐྲུན་པས་ན། མི་གཤིས་རིགས་འདི་གཉིས་ཀ་མཐུན་འཇུག་ལེགས་པོ་ཡོང་བར་འབད་དེ། མི་གཤིས་བཅིངས་བ་ལས་གྲོལ་བར་བྱ་རྒྱུ་ནི་སྙན་ངག་པའི་གཟུར་མེད་ཀྱི་འགན་འཁྲི་ཡིན་པར་སེམས།

༤ ཧྭ་ཙི་ཧྭ་སི་དང་རྩོམ་རིག

ཡ་ལི་ཧྲི་ཏུའོ་ཏི(亚里士多德)ཡི་རྗེས་ནས་བཟུང་ནུབ་གླིང་གི་རྩོམ་རིག་གཞུང་ལུགས་སྨྲ་བ་ཚོས་སྒྱུ་རྩལ་རྩོམ་རིག་གི་ངོ་བོ་རྗེན་པ་ལད་ཟློས་ཁོ་ནར་བཞེད་མོད། འོན་ཀྱང་འཆར་ཡན་རིང་ལུགས་ཀྱི་སྙན་ངག་སྨྲ་བའི་ཅོད་པན་ཧྭ་ཙི་ཧྭ་སི(华兹华斯)ཡིས་རང་གི་གསར་རྩོམ་གྱི་མྱོང་སྣང་རྣལ་མར་གཞི་བཅོལ་ནས་ལད་ཟློས་སྨྲ་བའི་སྒྲོམ་གཞི་གཏོར་ཏེ། སྙན་ངག་གི་ངོ་བོ་ནི་རང་བྱུང་ཁམས་ལ་ལད་ཟློས་བྱེད་པ་ནས་ཆགས་སྡང་རུས་སུ་ཐོན་པའི་ཚོར་སྣང་ལ་བསྒྱུར་བ་རེད། སྙན་ངག་ནི་དོན་དམ་ཅི་ཞིག་ཡིན་པའི་ཐད་ཁོང་གིས་བཞེད་དོན། སྙན་ངག་ནི་ཚོར་གདུང་ཤུགས་དྲག་ལས་བསྐྱེད་པའི་རང་བྱུང་གི་སེམས་རྣམ་ཞིག་ཡིན་ལ། ཤེས་བྱ་ཀུན་གྱི་སྐྱེད་ཡུམ་འཁྲུལ་མེད་ཀྱང་ཡིན་པས། དེ་ནི་མིའི་རིགས་ཀྱི་སེམས་ཁམས་ནང་བཞིན་གཏན་ནས་འཇིག་མི་སྲིད་པ་ཞིག་ཡིན། ངས་བསམ་བློ་ཅི་ཙམ་བཏང་རུང་ཡ་ལི་ཧྲི་ཏུའོ་ཏི་ཡིས་སྙན་ངག་ལ་བཀོད་པའི་སྡོམ་ཚིག་དེ་ནི་རྨ་མེད་ཅིག་ཏུ་འདོད་དེ། ཁོང་གིས་སྒྱུ་རྩལ་བརྩམས་ཆོས་ཡོད་དོ་ཅོག་གི་ཁྲོད་མཚན་ཉིད་རིག་པས་ཀུན་ནས་བཅིངས་བ་ནི་སྙན་ངག་གོ་ཞེས་བཤད་མྱོང་ཡོད། སྙན་ངག་འབྲི་བའི་དམིགས་ཡུལ་ནི་བདེན་པ་འཚོལ་རྒྱུ་དེ་ཡིན་ལ། སྙན་ངག་གིས་འཚོལ་གྱིན་པའི་བདེན་པ་ནི་བྱ་དངོས་བྱེ་བྲག་པ་ཞིག་དང་དོན་བྱ་ཕྱོགས་རེ་བའི་བདེན་པ་ལྟ་བུ་མ་ཡིན་པར། བྱ་དངོས་ཧྲིལ་བོ་དང་ཡུལ་དུས་ངེས་མེད་ལ་ཁྱབ་པའི་ཡོངས་ཁྱབ་ཀྱི་བདེན་པ་དེ་ཡིན། སྙན་ངག་གི་བླར་གྱུར་བའི་བདེན་པ་ནི་ཕྱི་རོལ་གྱི་བདེན་པའི་དཔང་བོ་དཔུང་བསྒྲིགས་ནས་འགྲུབ་རྒྱུ་ཞིག་གཞར་ནས་མ་ཡིན་པར། མ་བཅོས་པའི་ཚོར་གདུང་མི་སེམས་ཀྱི་གཤིན་ཐང་དུ་སིམ་ནས་རང་དགར་གྲུབ་པས། དེ་ལྟ་བུའི་བདེན་པ་ནི་སྙན་ངག་རང་སྟེང་གི་རྒྱབ་དཔུང་བསྙོན་མེད་དེ་ཡིན།

སྙན་ངག་པའི་སྐྱེས་ཐོབ་ཀྱི་ཤེས་པའི་སྐོར་ལ་ཁོང་གིས་བཞེད་དོན། སྙན་ངག་པ་མི་གཤིས་ཀྱི་ཆ་ལ་ངེས་པར་ངོས་ཟིན་ཟབ་མོ་ཡོད་དགོས་པ་ལས་གཞན། རང་གི་དཀྱེལ་ཆེ་བའི་སེམས་རྒྱ་དང་གཞོམ་གཞིག་བྲལ་བའི་ནང་སེམས་ཀྱི་གསོན་སྟོབས་ལ་བརྟེན་ནས། མིའི་རིགས་ཀྱི་བསམ་བློ་དང་ཆགས་སྡང་ལ་ངར་བླུད་དེ། མི་སེམས་ཀྱི་སྣང་བ་ཏུར་ཏུར་བོ་སྤྲིན་བཞིན་འཕྱོ་རུ་འཇུག་དགོས་པ་མ་ཟད། ཀུན་རྟོག་གི་ཀློང་ན་རྒྱུ་བའི་འཆར་ཡན་གྱི་ཚོར་འདུ་སྐྱེན་པོ་ཞིག་དང་། སྤྲོ་བས་ཀུན་ནས་དྲངས་བའི་གསར་རྩོམ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཞིག་མཁོ་ངེས་ཡིན་ཟེར།

སྙན་ངག་པའི་འགན་འཁྲི་ནི་བཤད་ཟིན་པའི་དོན་བྱ་གང་རུང་བསྐྱར་བཤད་རྗེས་ཟློས་བྱ་རྒྱུ་ལྟ་བུ་མ་ཡིན་པར། འབྱུང་ངེས་པ་དང་མ་འོངས་མངོན་གྲུབ་ཀྱི་དོན་བྱ་ཇི་སྙེད་རྟོག་སྣང་གིས་བཞེངས་རྒྱུ་དེ་ཡིན། ལོ་རྒྱུས་སྨྲ་བ་དང་སྙན་ངག་པ་གཉིས་ཀྱི་རྩ་བའི་མི་འདྲ་ས་ནི། སྔ་མས་བྱུང་ཟིན་པའི་དོན་བྱ་གང་རུང་ཞིག་ཞིབ་བརྗོད་བྱེད་ཀྱིན་ཡོད་ལ། ཕྱི་མས་འབྱུང་ངེས་པའི་དོན་བྱ་ཅི་རིགས་ཚོར་བའི་གདང་ལ་བརྒྱུ་ངེས་ཡིན། དེ་བས། སྙན་ངག་གསར་རྩོམ་ནི་ལོ་རྒྱུས་རིག་པ་ལས་ཀྱང་མཚན་ཉིད་རིག་པས་བར་མེད་དུ་བརྒྱན་ཡོད་པས། སྙན་ངག་པས་སྙན་ངག་གསར་རྩོམ་ལ་ཅིས་ཀྱང་གཟབ་ནན་དང་བབ་བརླིང་གི་འདུ་ཤེས་འཛིན་དགོས། རྒྱུ་མཚན། སྙན་ངག་གི་བརྗོད་བྱར་གྱུར་བའི་དོན་བྱར་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པ་དང་། ལོ་རྒྱུས་ཀྱིས་དོན་བྱ་དམིགས་བསལ་བ་དང་བྱེ་བྲག་པ་ཞིག་ཆེད་དམིགས་སྒོས་ཞིབ་འབྲི་བྱེད་ཀྱིན་ཡོད་པས་སོ་ཟེར།
རླབས་ཆེན་གྱི་སྙན་ངག་པས་སྙན་ངག་གི་ངོ་བོ་དང་དམིགས་ཡུལ་ལ་གཞིག་ནས། རང་ཉིད་ཀྱི་ཁོང་ནས་བརྡོལ་བའི་ཆགས་སྡང་གི་སེམས་རིས་ཇི་བཞིན་མཚོན་ཐུབ་པའི་བརྗོད་བྱ་ཞིག་འཚོལ་ངེས་པ་ལྟར། སྙན་ངག་པ་ཧྭ་ཙི་ཧྭ་སི་ཡིས་ནར་མའི་འཚོ་བ་དང་ཞིང་གྲོང་གི་འཚོ་བ་ཁོའི་སྙན་ངག་གི་མཚོན་ཡུལ་དུ་བདམས། བསམ་སྦྱོར་འདི་ཀོ་དུས་རབས་བཅུ་དགུ་བའི་རྩོམ་འབྱུང་ལོ་རྒྱུས་དང་ནུབ་གླིུང་སྤྱི་ཚོགས་དང་སྦྱར་ན། དེ་ནི་ཐོད་བརྒལ་ཆེན་པོ་ཞིག་ག་ནས་མིན། སྙན་ངག་པས་གནའ་གཞུང་རིང་ལུགས་ཀྱི་གཏན་སྲོལ་མང་པོ་གཏོར་ནས། སྙན་ངག་གི་ཁ་གཏོད་ཡུལ་སྐུ་དྲག་གིས་མཚོན་པའི་ཕོ་བྲང་ནས་དམངས་དཀྱུས་མས་མཚོན་པའི་དམངས་ཁྲོད་དུ་བསྒྱུར་བ་མ་ཟད། སྙན་ངག་གི་ཁ་གཏོད་ཡུལ་རང་བྱུང་ཁམས་ནས་ཕྱིར་མིའི་དཀྱུས་མའི་འཚོ་སྟངས་ཀྱི་ཆར་འཕོས་སུ་བཅུག་པ་རེད།

ནར་མའི་འཚོ་བ་སྙན་ངག་གི་བརྗོད་བྱར་བཟུང་བ་ཡིན་ན། སྙན་ངག་གི་བརྗོད་བྱ་དེ་ཇི་བཞིན་མཚོན་ཐུབ་པའི་སྙན་ངག་གི་སྐད་ཆའི་སྒྲིག་གཞི་གསར་བ་ཞིག་ངེས་པར་མཁོ་ཆེ་བས། སྙན་ངག་པས་སྙན་ངག་གི་སྐད་ཆ་གསར་སྒྱུར་ཐད་བཞེད་དོན། དཀྱུས་མའི་འཚོ་བ་མཚོན་པ་ལ་དམངས་བྱིངས་ཀྱིས་དངོས་སུ་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་ཀྱིན་པའི་སྐད་ཆ་སྤྱོད་དགོས་ཟེར། བསམ་ཕྱོགས་འདིས་ཀྱང་སྐབས་དེའི་སྐུ་དྲག་རིག་གནས་ལྟེ་བ་ཡིན་པའི་བསྟན་བཅོས་ཀྱི་བརྡ་སྐད་ལ་རྒོལ་བ་བྱས་ཏེ། སྙན་ངག་གི་བབ་ཆགས་རང་བྱུང་སྐད་ཆ་བྱུང་བར་ཕན་རླབས་རྒྱ་ཆེན་བཏོན་ཡོད།

ཁོང་གིས་བཞེད་དོན། མི་རིགས་སོ་སོའི་ཆེས་ཐོག་མའི་སྙན་ངག་པས་གསར་རྩོམ་སྐབས་བཀོལ་གྱིན་པ་ནི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་ནར་མའི་སྐད་ཆ་ཡིན་ལ། ཁོའི་སྐད་ཆར་བབ་བརླིང་དཔེ་འཇོག་གི་ཆ་ངེས་ཅན་ལྡན། དུས་སྐབས་དེར་སྤྱོད་ཀྱིན་པའི་སྐད་ཆ་ནི་ཉིན་རྒྱུན་འཚོ་བའི་སྐད་ཆ་དང་མཚུངས་རྟགས་གྲུབ་ཡོད་པ་མ་ཟད། སྐད་ཆ་རང་ཡན་པ་དུ་མ་ངེས་མེད་དུ་ཐོན་བྱུང་བ་ནི་སྙན་ངག་པས་སྐབས་འཕྲལ་གྱི་དངོས་དོན་ཞིབ་འབྲི་བྱེད་སྐབས་ཡིད་རབ་ཏུ་གཡོས་པ་ལས་བསྐྱེད། འོན་ཀྱང་དུས་ཕྱིས་སྙན་ངག་པ་དང་ནམ་རྒྱུན་འཚོ་བའི་སྐད་ཆ་གཉིས་སོ་སོར་གྱེས་པ་རེད། གྱེས་དོན་ཡང་སྙན་ངག་རིག་པ་དར་ནས་སྡེབ་སྦྱོར་རིག་པ་གྲུབ་པ་དང་ཐད་ཀར་འབྲེལ་ཡོད། སྡེབ་སྦྱོར་རིག་པས་སྙན་ངག་འཚོ་བའི་ཁྲོད་རྒྱ་ཁྱབ་ཀྱིས་དར་བར་བཀག་འགོག་བྱས་ཡོད་པ་མ་ཟད། སྙན་ངག་པར་རང་གི་སེམས་དོན་ཇི་བཞིན་མཚོན་ཐུབ་པའི་ཐ་སྙད་ཀྱིས་ཕོངས་སུ་བཅུག་ནས། སྨྲ་བསམ་བརྗོད་འདས་ཟེར་བའི་རང་གི་མཐོང་ལམ་རང་གིས་ཆ་ཚང་སྒྲིབ་བྱེད་ཀྱི་སེང་རས་ཤིག་ཀྱང་དུས་གཏན་དུ་གཡོགས་ཡོད་ཟེར།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།