ཤོག་སྒོར་སིལ་མ་གཅིག་དང་བདག་གི་མི་ཚེ།

234124སྒོ་ཡོན།

དེ་རིང་ནི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་སྟེ། ལྟོས་བཅས་ཀྱིས་གནམ་ངོ་ཤིན་ཏུ་དྭངས་ཤིང་མཁའ་དབུགས་ཀྱང་བསིལ་བའི་རྣམ་པ་ཤར་བས། ངའི་སེམས་པའང་གནམ་གཤིས་འདིའི་འགྲོ་ལུགས་བཞིན་བསམ་གཞིག་གཞན་མེད་པར་སྟོང་ལྷང་ལྷིང་གི་ཚོར་བས་ལུས་སེམས་གཉིས་ཀ་ཟིན་པས། འཆར་སྣང་དང་ལྷོད་ཡངས་ཤིག་གིས་སྡོད་ཁང་གི་སྒོར་བུད་པ་ཡིན།

དུས་རྒྱུན་བཞིན་ལམ་འགྲམ་གྱི་རྒྱ་མི་ཕོ་མོ་རྣམས་ཆ་དང་ཡ་བྱས་ནས་ཡར་འགྲོ་མར་འོང་གི་ལས་སུ་བྲེལ་གྱིན་འདུག་ཅིང་། ཁོ་ཚོས་རང་རང་གི་འདོད་འདུན་རེ་རེ་སེམས་སུ་ཉར་ནས་མི་ཚེ་དང་འཚོ་བ་ཞེས་པའི་གཏམ་རྒྱུད་སྣ་ཚོགས་འཇིག་རྟེན་འདིར་སྐྱེས་པར་གྲ་སྒྲིག་བྱེད་ཀྱི་ཡོད་པ་འདྲ་ལ། སྔར་མུས་བཞིན་རྒྱ་ཆེ་བའི་གྲོང་ཁྱེར་འདིས་ཀྱང་མི་མང་བོར་སོ་ཁམ་ཡིད་ཚིམ་པ་རེ་བྱ་རྩིས་དང་གཉིས་སུ་མ་མཆིས།

ང་རང་གྲོང་ཁྱེར་གྱི་ཁང་ཤག་ཆུང་ངུ་འདིར་བསྡད་དེ་ཟླ་ངོ་དགུ་ཙམ་འདས་ལ་ཉེ་བས། ད་ནི་དཔེ་ཆ་མང་བོ་མཐའ་འཁོར་དུ་སྤུངས་པའི་རང་གི་མལ་སྟན་དྲོན་མོ་འདི་དང་རང་གཉིས་བར་ལ་ཆགས་ཞེན་གྱི་དུངས་པ་ཞིག་ཀྱང་ཀུན་ནས་འཁྱིལ་ཞིང་།ད་དུང་ཟླ་ངོ་འགར་ཁེར་རྐྱང་གི་གནས་འདིར་འཚོ་དགོས་པ་ནི་སྨོས་སུ་མེད་ན། དོ་དགོང་ཟླ་གཞུག་མའི་ཁང་རིན་སྤྲད་དགོས་ཕྱིར། ཉིན་གོང་བསླེབས་པ་ན་ཉེ་འཁོར་དང་ཅུང་ཐག་མི་རིང་བའི་ས་དེའི་མི་དམངས་དངུལ་ཁང་ནང་ཤོག་སྒོར་འགའ་ལེན་དུ་ཕྱིན་པ་ཡིན།

ལམ་བར་ནས་སློབ་གྲྭའི་ར་སྐོར་བརྒྱུད་དེ་འགྲོ་དགོས་ལ། འདི་ནི་ང་རང་དུས་རྒྱུན་ཡར་འགྲོ་མར་འོང་བྱེད་གནས་ཀྱི་ལམ་བུ་གཅིག་པུའང་ཡིན་པས། སློབ་གྲྭའི་དཔེ་མཛོད་ཁང་གི་སྒོར་ཐོན་མ་ཐག སློབ་མ་མང་བོ་ཅི་ཞིག་ལ་འཚང་ཁ་ཤིག་ཤིག་བྱེད་ཀྱི་འདུག ངའི་སེམས་སུ་སློབ་གྲྭ་ནི་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་གྱི་བསྟི་གནས་དང་བསམ་སྤྱོད་དྲང་ལམ་ལ་གཞག་པའི་ལྡེ་མིག་ཏུ་བགྲང་གི་འདུག་ན། སློབ་མའི་བར་ལ་རྡུང་རྡེག་བྱེད་པ་ནི་དཔེ་མི་སྲིད་ལ། ལྷག་ཏུ་སློབ་གྲྭ་འདིར“སློབ་གསོའི་སློབ་གླིང”(教育学院)ཞེས་འབོད་པ་མ་ཡིན་ནམ། དེ་བས་གྲོང་ཁྱེར་གྱི་ལམ་འགྲམ་རྣམས་སུ་སྐབས་དང་སྐབས་སུ་སྣང་བའི་ནང་འཁོན་དེ་འདྲ་ནི་ཡིན་མི་དཔེ། ཡང་འདི་ནི་ཤེས་རིག་དང་རིག་གནས་ཀྱི་མཁའ་དབུགས་གཞུབ་ཀྱིན་པའི་ཁོར་ཡུག་ཅིག་ཡིན་ན། མ་རུངས་དང་མ་འགྲིག་གི་གནད་དོན་ནི་ཕལ་ཆེར་ཡིན་རྒྱུ་མ་རེད་ཀྱང་འདོད། དེ་མིན་ན་སློབ་མ་ཞིག་གི་དགའ་རོགས་ལ་ལྕགས་རྟས་བརྒྱབ་པ་ལྟ་བུའི་དོན་རྐྱེན་ཞིག་བུད་པ་ཨེ་ཡིན། ཡང་སྙིང་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་སྟེ་ཉེ་སར་བཏུད་པ་ན། མ་གཞི་སློབ་གླིང་འདི་ཀའི་རི་མོ་ཆེད་སློབ་ཀྱི་སློབ་མས་བྲིས་པའི་རི་མོ་བཤམས་སྟོན་གྱི་བྱ་འགུལ་ཆུང་ཆུང་ཞིག་སྐོང་བཞིན་པ་རེད་འདུག་པས། སྔར་རང་གིས་མི་དགོས་སར་སེམས་ཁྲལ་བྱས་པ་དག་འབྲས་མེད་དུ་གྱུར་ཏེ་སེམས་པ་ཅུང་ཟད་བདེ་ལ་བབས།

འདིར་ང་ལ་དགོས་པའི་དོན་ཞིག་ཡོད་མི་འདུག ང་ལ་དགོས་པ་ནི་རི་མོ་མ་རེད། ཡང་ན་ང་ནི་མ་གཞི་ནས་ལོ་རྒྱུས་ལྡན་པའི་མི་ཡུལ་གྱི་མཛེས་རིས་ཤིག་ཡིན་པས། ངས་ཤོག་སྟེང་དུ་ཡར་སྣོན་མར་ཕྲི་གང་མང་བྱས་ནས་གྲུབ་པའི་རྫུན་མའི་རི་མོ་འདི་རིགས་ལ་དོ་སྣང་བྱ་དགོས་དོན་ག་རེ་ཡོད།གལ་ཏེ་མདུན་གྱི་རི་མོ་མཁན་འདི་དག་སི་ཕེན(Spain)གྱི་སེལ་ཝེ་རྡོར་ཏེ་ལི(salvador dali,1904-1989)རེ་རེ་ཡིན་ཞིང་། ཁོ་ཚོའི་གཡས་གཡོན་དུ་བཤམས་པའི་རི་མོ་འདི་དག་ཀྱང«ནང་འཁྲུག་གི་སྔ་ལྟས»(Premonition of Civil War)དང«རྟག་བརྟན་གྱི་དྲན་ཤེས»(Persistenceof Memory)རེ་རེ་ཡིན་པའི་དབང་དུ་བཏང་ཡང་། ང་ཡི་ཚེ་སྲོག་དང་རྨི་ལམ།འཇིག་རྟེན་ཐམས་ཅད་ང་རང་ཉིད་ཀྱིས་བྲིས་པའི་རྣམ་པར་མི་མཚུངས་པའི་སྐྱ་ཚོན་གང་ལས་གཞན་ཞིག་ཡིན་མི་ཐུབ།

ངས་རང་གིས་རང་ལ་དེ་ལྟར་ལབ་རྗེས། མུ་མཐུད་དེ་མདུན་ཕྱོགས་ཀྱི་སྤྱི་སྤྱོད་རླངས་འཁོར་ཡོད་སར་འགྲོ་གྲབས་བྱས་མོད། རི་མོ་འབྲི་མཁན་དག་གིས་ང་ལ་སྙམ་འཇོག་པ་མི་འདུག་ཚོད་རེད། ཁོ་ཚོས་ང་ཡང་རི་མོར་འབྲི་ཆོག་པའི་མི་ཡུལ་གྱི་བྱ་དངོས་སྙིང་རྗེ་བོ་ཞིག་ཡིན་པར་ཆ་འཇོག་ཡོད་མི་འདུག་ལ། ང་ཡང་མིའི་རིགས་ཀྱི་འཚོ་བའི་རོ་བཅུད་གང་ཞིག་ལ་བརྫུས་ཏེ། ཁོ་ཚོ་རེ་རེའི་རླབས་ཆེ་བའི་བརྩམས་ཆོས་ཤིག་ཏུ་བཅོས་ཆོག་པའི་ཡིད་ཆེས་ཁྱོན་ནས་བྱེད་ཀྱི་མེད་པ་འདྲ།

ད་འདི་དག་སྐྱུར་ཞོག ང་རང་ད་ལྟ་དངུལ་ལེན་དུ་འགྲོ་དགོས། ངས་དོ་དགོང་ཤོག་སྒོར་བཀོལ་ནས་ཁང་རིན་སྟེར་དགོས། ངས་ཁང་གླ་སྤྲད་ནས་འཚོ་བ་རོལ་དགོས།ངས་འཚོ་བ་རོལ་ནས་སྙན་ངག་འབྲི་དགོས། ངས……

སློབ་གྲྭའི་སྒོ་ཆེན་གྱི་སྣེ་མོར་བུད་པ་ན། དཀར་ལ་རྙིང་མདོག་ལྡན་པའི་སྤྱི་འཁོར་ཨང་རྟགས“༢༠༩”ཅན་གྱིས་ང་ལ་མིག་ཟུང་ཅེར་ནས་ལྟ་ཡི་འདུག ཁོས་ཁ་གདངས་ནས་ངའི་གློ་ཁུག་ནང་གི་ཤོག་སྒོར་རྡོག་གཅིག་འཕེན་མིན་ལ་མཐེ་བོང་སྒྲེང་བ་འདྲ།ཁོས་སྲིད་གཞུང་གི་རླངས་འཁོར་སྤུས་ལེགས་ཚོའི་ཁ་གདངས་ལུགས་ལྟར། སུས་ཀྱང་མི་མཐོང་བའི་སྒོ་ནས་ཁ་ཡ་མཚན་གདངས་པ་དེ་འདྲ་མི་ནུས་ཀྱང་། གདོང་ལ་འཛུམ་ཞིག་བཅོས་ནས་ལྟ་ཚུལ་ལ་དཔག་ན། མི་རིང་བའི་དུས་སུ་ཁོ་ཡང་སྲིད་གཞུང་གི་རླངས་འཁོར་སྤུས་ལེགས་དེ་དག་གི་རིགས་སུ་ལོས་གཏོགས་འདོད།

ཨོ། འདི་ནི་རྒྱུན་ལྡན་ཞིག་རེད། འདི་ནི་ཧང་སང་དགོས་པའི་དོན་དག་གསར་བ་ཞིག་མིན་ཚོད་རེད། གྲོང་ཁྱེར་ནང་གི་སྤྱི་འཁོར་དང་གླ་འཁོར། རྐང་སུམ་དང་ལྕགས་རྟ་ཀུན་ཀྱིས་ཁ་གདངས་ནས་ཤོག་སྒོར་འགའི་ཆེད་དུ་འཁོར་ལོ་འགྲུལ་གྱི་འདུག་ལ། དེ་དག་གི་གཡས་དང་གཡོན། མདུན་དང་རྒྱབ། ཕྱི་དང་ནང་དུ་ཡོད་པའི་ཅ་དངོས་གཞན་མཐའ་དག་གིས་ཀྱང་། སྔར་ལྟར་ཁ་གདངས་ནས་ཤོག་སྒོར་གྱི་ཆེད་དུ་གཞན་ལ་གང་འདོད་ཀྱིས་ཕྱག་རྒྱ་བྱེད་ཀྱི་ཡོད་པ་མ་ཡིན་ནམ།

ད་ཅི་སློབ་གྲྭའི་ར་སྐོར་ནང་ཡོད་པའི་མི་ཡུལ་གྱི་རི་མོ་བ་ཁོ་ཚོ་གནས་འདིར་ཡོད་ན་དགའ་བ་ལ། ཁོ་ཚོས་ང་རང་ཆེས་སུན་པའི་མདུན་གྱི་ཁ་གདང་མཁན་དང་ཁ་གདང་དུ་འཇུག་མཁན། ཁ་གདངས་པར་མཚམས་གཞག་ཏུ་མི་འཇུག་མཁན་སོགས་རེ་རེ་བཞིན་རི་མོར་ཕབ་སྟེ། ལོ་རྒྱུས་གསར་བ་ཞིག་ལ་རེ་འབོད་བརྒྱབ་ན་ཅི་འདྲའི་ཡག ཁོ་ཚོས་སུས་ཀྱང་བྲིས་མ་མྱོང་ལ་འབྲི་ཡང་མི་སྲིད་པའི་ལམ་འགྲམ་དུ་ཁེར་བུར་འགྲོ་བའི་རིགས་ང་འདྲ་རི་མོར་མི་འགོད་ཀྱང་། སུས་ཀྱང་མཐོང་ལུགས་གཞན་ཞིག་གིས་མཐོང་དུ་ཡོད་པའི་ཁ་གདང་ལུགས་འདི་ཉིད་རི་མོར་མི་འབྲི་དོན་ཅི། ཁོ་ཚོས་རླབས་ཆེ་བའི་ཁ་གདང་ཕྱོགས་འདི་ཆེད་དུ་རི་མོར་བཞེངས་ཏེ། མིའི་རིགས་ཀྱི་མ་འོངས་པར་ངོ་མཚར་བའི་གཏམ་རྒྱུད་ཅིག་ངོ་སྤྲད་ན་ཅིས་མ་ཆོགའདང་རེ་བརྒྱབ་ན། ངས་ཀྱང་འདི་དག་བཞིན་ཁ་གདངས་པའི་ལམ་ལུགས་ལ་སློབ་སྦྱོང་ལེགས་པོ་བྱས་ན། ནམ་ཞིག་རི་མོ་བ་དེ་དག་གི་ཤོག་དཀར་ངོས་ཀྱི་རི་མོ་གཙང་མ་ཞིག་ཏུ་འགྱུར་ཏ་རེ།

ངས་རང་གི་གློ་ཁུག་ཡར་བསློགས་མར་བསློགས་འགའ་བྱས་པ་ན། བཅུ་ཤོག་གཅིག་དང་གཅིག་ཤོག་གཉིས་ཡོད་པ་མཐོང་བས། སྤྱི་འཁོར་ནང་འཛུལ་ནས་གཅིག་ཤོག་དེ་འཁོར་གྱི་ཁ་ནང་དུ་བླུགས་པ་ཡིན། དེ་ནས་ཡར་མར་གྱི་འདུག་སྟེགས་ལ་ཐེངས་ཤིག་བལྟས་པ་ན། དེར་ཡོད་ཀྱི་མགྲོན་པོ་མང་ཤོས་ཀྱིས་སྔ་ས་ནས་རང་རང་ལ་འདུག་སྟེགས་རེ་རེ་བདག་ཏུ་བཟུང་འདུག་ལ། ཁོ་ཚོ་ཅུང་ཟད་ལྷོད་བབས་ཀྱིས་རང་ལ་འཐོབ་དགོས་པའི་དངོས་པོ་ཞིག་ཐོབ་ཟིན་འདོད་དེ་སྐྱིད་ཉམས་ཕྲན་བུ་མངོན་འདུག དེ་བཞིན་ཁོ་ཚོས་འདུག་སྟེགས་ལ་བཅངས་པའི་བརྩོན་པ་དང་། སྤྱི་མཐུན་གྱི་འདུག་སྟེགས་ལ་ཧབ་ཐོབ་རྒྱག་པའི་རྣམ་པ་རེ་རེ་བཞིན་མིག་ལ་མངོན་པ་ན། ང་ལ་ཧབ་ཐོབ་རྒྱག་འདོད་དང་སྐྱིད་སྡོད་བྱེད་བསམ་གྱི་འགྲན་རྩོད་གང་ཡང་མེད་པར་ཡར་ལངས་ནས་འགྲོ་རྒྱུ་བྱས་པ་ཡིན་མོད། འགྲན་རྩོད་ཀྱི་བསམ་བློའི་སྟོབས་ཤུགས་མེད་པའི་ལམ་ལུགས་འདི་འདྲ་ནི་ང་དང་ངའི་མི་རིགས་ཀྱི་གཤིས་ཀ་ཐུན་མིན་ཡིན་ཡང་འདྲ་སྟེ། ངའི་མི་རིགས་ལ་མ་གཞི་ནས་འདི་འདྲའི་གཤིས་ཀ་མངའ་བས། ད་གཟོད་མིའི་རིགས་ཀྱི་འདུག་སྟེགས་གསར་བ་གང་ཡང་མ་ཐེམས་པ་ཡིན་ས་རེད།

འབབ་ཚིགས་གཉིས་པར་ཐོན་སོང་། སྒོའི་རྒྱབ་ཕྱོགས་ནས་ནང་གི་ལམ་འགྲོ་བ་དག་མར་འབབ་བཞིན་འདུག་ལ། སྒོའི་མདུན་ཕྱོགས་ནས་ཕྱི་ཡི་ལམ་འགྲོ་བ་དག་གསར་དུ་ནང་ལ་འཛུལ་ནས་འོང་། འདི་ནི་མི་རྣམས་ཀྱི་མི་ཚེའི་འཁོར་བགྲོད་ཀྱི་གསོན་དཔེ་ཤིག་ལས་མ་འདས་ཏེ། འགའ་ཞིག་གསར་དུ་ཡར་སྐྱེ་བཞིན་ཡོད་ལ། ཡང་འགའ་ཞིག་རྒས་ཏེ་མར་འཆི་བཞིན་པ་དང་ཤིན་ཏུ་མཚུངས།

བལྟས་ཚོད་ལ་སློབ་མ་ཞིག་ལོས་ཡིན་འདོད་པའི་ན་གཞོན་ཕོ་མོ་གཉིས་ནང་དུ་འཛུལ་བྱུང་། སྐྱེས་མ་དེས་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་ལག་གི་གཅིག་ཤོག་ཅིག་འཁོར་གྱི་ཁ་ནང་ལ་བླུགས་རྗེས་རྒྱབ་ཀྱི་འདུག་སྟེགས་སྟེང་བསྡད་སོང་། དེའི་རྗེས་སྐྱེས་པ་དེས་ཀྱང་རང་གི་དངུལ་ཁུག་གི་ཁ་ཕྱེ་སོང་བས། མིག་གི་མཐོང་ཡུལ་དུ་བརྒྱ་ཤོག་དམར་བོ་འགའ་དང་དངུལ་བྱང་འགའ་ཞིག་བཅུག་འདུག་པས། ཁོ་ནི་ཤོག་དངུལ་གྱིས་ཕུ་འདེད་བྱས་དང་བྱེད་པའི་ང་རང་ལྟ་བུའི་དབུལ་བོ་ཞིག་རེད་མི་འདུག འོན་ཀྱང་།ཁོས་རང་གི་དངུལ་ཁུག་དང་སྔར་འདུག་སྟེགས་སྟེང་བསྡད་པའི་སྐྱེས་མ་དེའི་དངུལ་ཁུག་གཉིས་ཀ་ཕྱི་སློག་ནང་སློག་ཅིག་བྱས་ཀྱང་། དངུལ་སིལ་མ་ཞིག་མཐོང་ཡུལ་དུ་མི་འདུག་པས། ཤོག་སྒོར་གཅིག་གི་ཚབ་ལ་བཅུ་ཤོག་དང་བརྒྱ་ཤོག་ནི་སྟེར་མ་འདོད་པས། ཅི་བྱེད་འདི་བྱེད་མེད་པར“ཨ་ཨ། དངུལ་སིལ་མ་མི་འདུག”ཅེས་ངོ་ཚའི་ཉམས་ཤིག་གིས་སླར་ཡང་དངུལ་ཁུག་སློག་པའི་རྣམ་པ་བསྟན།

དུས་དེར་ངས་མཐའ་འཁོར་གྱི་རྒྱ་མི་རེ་རེའི་ངོ་གདོང་ལ་ཞིབ་ཏུ་བལྟས་པ་ན།དེ་དག་གིས་དངུལ་སིལ་མ་མེད་པའི་མི་འདིར་དོ་སྣང་གང་ཡང་མི་བྱེད་པར། རང་རང་གིས་དངུལ་སིལ་མ་སྤྲད་རྗེས་གདོང་ལ་གཉེར་རིས་བསྡུས་ཏེ་ཅི་ཞིག་ལ་བསམ་གཞིག་བྱེད་བཞིན་རང་གི་ལྐུབ་སྟེགས་སུ་བརྟན་པོར་བསྡད་འདུག

འདི་ནི་སྤྱི་ཚོགས་ཀྱི་བསམ་སྤྱོད་ཡར་ཐོན་ཅན་དུ་སོང་བའི་རྟགས་ཁྱད་པར་བ་ཡིན་ཡང་སྲིད་དེ། རང་རང་གི་འགན་དང་འཁུར་རྫོགས་རྗེས་གཞན་ལ་ཅི་བྱུང་ཡང་དོ་སྣང་སྤུ་ཙམ་མི་བྱེད་ལ། འདི་ནི་མི་སྒེར་ལམ་ལུགས་ཀྱི་གཡོན་མཐའི་བདག་མཚན་ཆེན་མོ་མངོན་དུ་དོད་པ་སྟེ། རང་ཉིད་ལམ་ལྷོངས་བྱུང་ན་གཞན་དག་གང་དུ་སོང་ཡང་ཁ་ཡ་བྱ་དགོས་དོན་མེད་པའི་ལུགས་བཟང་ཞིག་ཀྱང་ཡིན་ས་རེད། ལུགས་འདི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་རྒྱལ་དམངས་ཡོངས་ལ་ཡོད་པ་ཡིན་ནམ།ཡང་ན་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་དམངས་ལ་ཡོད་པའི་ལམ་ལུགས་དམིགས་བསལ་བ་ཞིག་ཡིན། འདི་ནི་ངས«འཛམ་གླིང་ལོ་རྒྱུས་ཆེན་མོ»བཀླགས་རྗེས་སུ་ལྷག་ཡོད་པའི་གནད་དོན་ཞིག་ཀྱང་རེད། གང་ལྟར། དངུལ་ཁུག་ནང་ལ་དངུལ་མང་ཙམ་ཡོད་ཀྱང་། ད་དུང་ཤོག་དངུལ་སིལ་མའི་དཀའ་ངལ་འབྱུང་བའི་སྐྱེས་པ་འདི་ལ་ཁོ་ཚོའི་སྤུན་ཟླ་སུས་ཀྱང་རོགས་རམ་བྱ་འཆར་མི་འདུག

སྐབས་ཐོག་འདིར། ངས་རང་གི་ཤོག་དངུལ་གྱི་སྲབ་མཐུག་ལ་འདང་ཞིག་བརྒྱབ་ན། ཤོག་དངུལ་གྱི་གྲངས་ཀ་ནི་གཅིག་ལས་བསོགས་ཏེ་འོང་བ་དང་། གཅིག་དང་གཉིས་མ་བརྩིས་ན་བརྒྱ་དང་སྟོང་ཡང་འཐོབ་ཏུ་མེད་པའི་གཏན་ཚིགས་སུས་མི་ཤེས་ཀྱང་།དངུལ་བྱང་ནང་དུ་ཡང་ཁང་གླར་སྤྲོད་རྒྱུར་འདང་ཙམ་ཡིན་པའི་ཆ་ནས་གཞན་ལ་གཏོང་ཕོད་བྱེད་པ་ནི་རང་གིས་རང་ཉིད་བརླག་པའི་གོ་རིམ་ཞིག་ཡིན་ཡང་ཐང་མོད། ད་ནི་མིག་གིས་བལྟས་བལྟས་རིག་རིག་ལ་མདུན་གྱི་མི་འདིར་ཁ་ཡ་མི་བྱེད་དོན་མི་འདུག་སྙམ་སྟེ། ངས་རང་གི་གློ་ཁུག་ནང་གི་གཅིག་ཤོག་དེ་ཁོ་ལ་འཛུམ་གྱིས་སྤྲད་པ་ཡིན།

“ཁྱོད་ཀྱིས་ང་ལ་དངུལ་བརྗེ་རོགས་བྱ་བ་ཡིན་ནམ”ཁོས་ཅི་ཞིག་ལ་ཐེ་ཚོམ་གྱི་རྣམ་པ་འཆང་བཞིན་ང་ལ་བཤད་བྱུང་།

“མིན། ཁྱོད་ལ་དངུལ་སིལ་མ་མེད་པ་མ་ཡིན་ནམ། འདི་ཁྱོད་ཀྱིས་སྤྱི་འཁོར་གླ་བྱོས།”

“ཨེ། དེས་ན། ངོ་མ་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།”

བལྟས་ཚོད་ལ་ཁོ་ཧ་ཅང་དགའ་སོང་། དེ་ནི་སྤྱི་འཁོར་གྱི་གླ་ཆ་སྐབས་ཐོག་ཏུ་སྟེར་ཐུབ་པས་ཡིན་ནམ།ཡང་ན། གྲོང་ཁྱེར་གྱི་མི་ཚོགས་འདི་འདྲའི་མང་བོའི་ནང་ཕ་མ་དང་གཉེན་གྲོགས་གང་ཡང་མིན་པ་ཞིག་གིས་སྙིང་ཉེ་བས་རང་ལ་རོགས་བྱས་པས་ལོས་ཡིན། དེ་ལྟ་མིན་ན། དམངས་ཀྱི་བདག་པོར་འབོད་པའི་སྲིད་གཞུང་གིས་ཀྱང“འདི་སྤྱི་འཁོར་ནང་འགྲོ་བྱེད་བྱོས”ཟེར་ནས་ཤོག་སྒོར་གཅིག་ཙམ་བྱིན་པ་མེད་ས་ནས། གཞན་གྱི་རྔུལ་ཆུས་བཙལ་ཏེ་འོང་བའི་སྒོར་མོ་ཞིག་ཐོབ་ཏུ་ཡོད་དམ།

ང་ཡང་ཧ་ཅང་དགའ་སོང་། མི་ནི་མ་གཞི་ནས་རོགས་རམ་མཁོ་བའི་སྲོག་ཆགས་ཀྱི་རིགས་ཡིན་པས། རང་ལ་ཤོག་དངུལ་གྱི་དཀའ་ངལ་འཕྲད་ཀྱིན་པའི་ཉིན་འདི་དག་གི་རིང་ལ། འདི་ཙམ་གྱིས་གཞན་ལ་དགའ་བ་ཕྲན་བུ་སྟེར་ཐུབ་པའང་རང་གི་སེམས་རྩ་བདེ་ལ་འཁོར་བྱད་ཅིག་ཅི་ལ་མིན་ཏེ། མེས་པོ་ཞིག་གིས་གསུངས་པ་བཞིན“དགའ་བ་ཐམས་ཅད་དགེ་བ”ཡིན་པས་ན། ངས་མི་ལུགས་ཀྱི་དགེ་བ་ལེགས་པོ་ཞིག་འདི་ལྟར་བསྐྱེད་ཐུབ་སོང་། ཕྱིར་འདང་རེ་བརྒྱབ་ན། ཉིན་ཞག་འདི་ཚོར་རང་ཉིད་ཀྱི་སེམས་རྩ་དྲོ་བའི་ལས་སྒྲུབ་པ་ཤིན་ཏུ་ཉུང་སྟབས། འདི་ནི་ང་ལ་མི་ཆོས་དང་ལྷ་ཆོས་ཞེས་པའི་མི་ཡུལ་གྱི་ཁྲིམས་རིགས་བཙན་པོ་གང་གིས་ཀྱང་བསྐུལ་བ་མིན་པར། རང་ཉིད་མིའི་ཚུལ་དུ་འགྲེང་སྟེ་སེམས་སུ་ནག་ནོག་གཞན་གང་ཡང་མེད་པས་སྲོག་ལྡན་གྱི་མི་ཞིག་ལ་རོགས་བྱེད་ཐབས་ཡག་ཤོས་དེ་ཡིན།

ད་ལྟ་བསམས་ན་སྐབས་རེར་དངུལ་སྒོར་བརྒྱ་སྟོང་གིས་རང་གཞན་གྱི་སེམས་པ་བདེ་བར་བསྐྱོད་མི་ནུས་ལ། ལན་རེར་གཅིག་སྒོར་འདི་ཙམ་གྱིས་ཀྱང་རང་དང་གཞན་གྱི་ཡིད་ལ་འཇགས་པར་དཀའ་བའི་བདེ་ཚོར་འབྱིན་པར་འགྱུར། འདི་ནི་རྟེན་འབྲེལ་ལམ་ལྟོས་བཅས་ཀྱིས་བཞག་པའི་སྲིད་ཁམས་འདི་ཡི་གནས་ལུགས་བཤད་དུ་རི་བ་ཞིག་རེད་ལ། འདི་ནི་རང་སེམས་དག་དང་མ་དག་གི་ས་མཚམས་ནས་དཔལ་ཡོན་སྤྱི་ཚོགས་ཀྱི་ཞིང་ས་བཙལ་བའི་མཐའ་བསྡོམས་ཀྱང་ཡིན་པ་འདྲ།

འབབ་ཚིགས་བཞི་བར་འཐོན་ལ་ཉེ། ངས་ཡང་བསྐྱར་སྔར་གྱི་སློབ་གླིང་གི་རི་མོ་བ་དག་ཡིད་ལ་དྲན་ཡོང་ཞིང་། ཁོ་ཚོའི་བླ་ན་མེད་པའི་རི་མོ་གང་ཞིག་གི་ཁྲོད།ངའི་དེ་རིང་གི་ཤོག་དངུལ་གཅིག་འདིའི་རིན་དོད་ལ་གླེང་སློང་བྱ་སྲིད་དམ་ཡང་སྙམ་བྱུང་།

“ས་གནས×××ལ་ཐོན་སོང་། མར་དབབ་པའི་སྐུ་མགྲོན་ཚོ་རྒྱབ་ཀྱི་འབུད་སྒོ་ནས་མར་འབབ་རོགས”འདི་ནི་སྤྱི་སྤྱོད་རླངས་འཁོར་གྱི་སྐད་ཆ་རེད།

ང་རྒྱབ་སྒོ་ནས་མར་བབས་ཏེ་རང་གིས་རོགས་བྱས་པའི་མི་དེར་ཕྱིར་ལྟ་ཐེངས་གཅིག་བྱས་པ་ན། ངས་ཁོ་ལ་དོན་དག་ཅིག་གསལ་བཤད་བྱ་རྒྱུ་བརྗེད་སོང་འདུག དེ་ནི“ང་བོད་ཅིག་ཡིན”ཞེས་པ་ཙམ་མོ། །

23.11.2011ལ་བྲིས།
28.11.2011ལ་བཅོས།
17.10.2012ལ་མཐའ་བཅོས་བརྒྱབ།

 

བསྟོད།0

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%好评

  • 好评:(0%)
  • 中评:(0%)
  • 差评:(0%)
  1. ཁྱུང་ཡོན།
    ཁྱུང་ཡོན།སྤེལ་དུས་ནི།  

    ཆེ་ས་ནས་བལྟས་ན་འུ་ཚོ་ལ་ཐོབ་ཐང་རྩོད་པའི་འདུ་ཤེས་ཕྲ་སོང་བའམ། ཉོས་ཟིན་ན་སྤྱོད་མ་ཐུབ་པ་ཡིན་སྲིད་མོད། སྤྱིར་མི་རེ་རེའི་ཀུན་སྤྱོད་ཀྱི་སྟེང་ནས་གླེང་ན་དེ་ནི་ཅིས་ཀྱང་བསྒྲུབ་དགོས་པའི་དོན་ཆུང་ཕན་ཆེན་ཞིག་ལོས་ཡིན། འོན་ཀྱང་གལ་སྲིད་རྒྱ་མི་དེ་མཛེས་ལ་ཡིད་དུ་འོང་བ། ནུ་མ་དང་སྟུ་ཕོང་འབུར་དུ་ཐོན་པའི་ཆགས་ལྡན་གྱི་མཛེས་མ་ཞིག་ཡིན་ན་ནི། གནས་ཚུལ་གཞན་ཞིག་གོ

དཔྱད་མཆན་སྤེལ།