སྡེ་འདབས་ཀྱི་སྐྲ་བཞར་ཁང་། — སྒྲུང་ཐུང་།

 

123
རྣོ་སྦྲེང་།



“ཐག་་་ཐག་་་་ཐག་་་་་་”
 “ལྷ་མོ་ཡག སྒོ་ཕྱེ་རོགས།”
“ཐག་་་ཐག་་་་ཐག་་་་་་”
 “ལྷ་མོ་ཡག སྒོ་ཕྱེ་རོགས།”
གསར་བུ་ཞིག་ཁོ་མོའི་སྒེའུ་ཁུང་འགྲམ་ནས་ནག་སྒོང་ངེར་འགྲེང་ནས་དེ་སྐད་སྨྲས།
ཁོ་མོས་ཅི་ཡང་མ་སྨྲས། གསར་བུ་དེར་སྡུག་ལ་སུན་པ་མེད་པར་ཡང་བསྐྱར་སྒེའུ་ཁུང་རྡུང་ཞོར་དུ་”ལྷ་མོ་ཡག སྒོ་ཕྱེ་རོགས་”ཞེས་སྨྲས།
“སུ་ཡིན། ”
“་ང་རང་ད་ཅི་ཉིན་གུང་ཁྱེད་ཀྱི་སྐྲ་བཞར་ཁང་ལ་ཡོང་བ་ཡིན། 
ཁྱེད་ཀྱིས་སྒོ་ཕྱེ་དང་སུ་ཡིན་ཤེས་སོང་བ་མིན་ནམ།”
“ང་རང་ཉལ་ཟིན། བྱ་བ་ཡོད་ན་སང་ཉིན་ཤོག”
“བྱ་བ་ལྷག་ཏུ་ཅི་ཞིག་ཡོད། ཁྱེད་ལ་ཁ་བརྡ་ཞིག་བྱེད་བསམ་པ་ཡིན།”
“ང་ལ་དོ་ནུབ་འདུག་རོགས་ཡོད།”
“རྫུན་མ་གཏམ། མྱུར་དུ་སྒོ་ཕྱེས་དང་།”
ཁོས་ཨུ་ཚུགས་ཅི་ལྟར་བྱས་ནའང་ཁོ་མོས་སྔར་བཞིན་སྒོ་མ་ཕྱེས། མཚམས་ཤིག་ལ་སྒེའུ་ཁུང་འགྲམ་གྱི་ནག་སྒོང་ངེར་ཡོད་པའི་གྲིབ་གཟུགས་དེ་ཡང་མི་སྣང་བར་གྱུར་སོང་། ཁོ་མོ་བློ་སེམས་བདེ་མོས་རྨི་ལམ་གྱི་ཞིང་ལ་འགྲོ་མགོ་བརྩམས་པའི་སྐད་ཅིག་མ་དེར་དྲ་མའི་ནང་ལ་སང་སྒྲ་དང་བཅས་རྡོ་ལོག་ཅིག་འཕངས་ཤིང་། གསར་བུ་རེ་ཟུང་དགོད་སྒྲ་དང་བཅས་བྲོས་སོང་། 
 དྲང་མོར་བཤད་ཚེ། ཁོ་མོ་ལ་མཚོན་ན་སྣང་ཚུལ་འདི་དག་ནི་རྒྱུན་འབྱམས་སུ་གྱུར་ཚར་བས། སུན་སྣང་དང་བཅས་དྲ་མ་ཆག་རོ་དག་ལ་གད་བདར་བྱས་ཚར་རྗེས་བློ་སེམས་བདེ་མོས་སླར་ཡང་ཉལ་མགོ་བརྩམས། མ་མཐའ་ཡང་དོ་ནུབ་ཁོ་མོའི་རྨི་ལམ་ལ་བར་ཆད་གཏོང་མཁན་མེད་པ་ཧ་ལམ་བརྒྱ་ཆའི་བརྒྱ་ཡིན།

ཁོ་མོ་རོང་མ་འབྲོག་གི་སྡེ་བ་འདི་ལ་ཡོང་ནས་ཟླ་བ་གསུམ་ལྷག་འགོར། ཟླ་ངོ་གསུམ་གྱི་རིང་ལ་ཁྲ་ཁྲ་རིག་རིག་གི་དོན་དག་མང་པོར་འཕྲད་ཅིང་། མཐོང་ཆུང་དང་འཕྱ་སྨྲོད། ཐུབ་ཚོད་དང་ཟུར་ཟ་སྣ་ཚོགས་ལ་གདོང་གཏད་ནས་འོངས།

མོ་ལོ་བཅོ་བརྒྱད་ལ་སོན་མ་ཐག་པའི་བུ་མོ་ཞིག་སྡེ་མཐའ་བརྒྱུད་ནས་ཡོང་དོན་ཅི་ཡིན་ནམ། ཁ་ཤས་ཀྱིས་བཤད་ན་ཁོ་མོ་ནི་ཨ་མས་བསྐྱུར་བའི་ཁྱིམ་ཚང་ཞིག་གི་བུས་ལྷག་ཡིན་ཞིང་། ཁུལ་ལག་རྩལ་སློབ་གྲྭ་ཞིག་ནས་ཐོན་པ་རེད་ཟེར།
ཡང་ཁ་ཅིག་གིས་ལབ་ན། ཁོ་མོ་ནི་ལོ་ངོ་གཅིག་གི་སྔོན་ལ་རྫོང་ཐོག་ན་ཡོད་པའི་གླ་མོ་ཞིག་ཡིན་ཞིང་། དེ་ནས་ཁ་མ་སོས་པས་འདིར་ཐོན་པ་རེད་ཟེར། གང་ལྟར་ཁོ་མོ་སྡེ་འདབས་འདི་ལ་ཐོན་པ་ནས་བཟུང་རྒན་དར་གཞོན་གསུམ་མང་པོ་ཞིག་གི་མིག་ལམ་ནས་རྒྱུན་ལྡན་ཞིག་ཏུ་མཐོང་ཐབས་བྲལ། རྒྱུ་མཚན་ནི་ཁོ་མོས་སྐྲ་ལོ་བྲེགས་ཏེ་རྒྱ་མོ་ཚོར་ལད་མོ་བྱས་ཡོད་པ་དང་། རྐང་ཐུང་གི་འོག་ལ་བརླ་ཤ་ཡི་མདོག་དང་འདྲ་བའི་ཤ་འབྱར་ཞིག་ལས་གོན་མེད་པས་ཡིན།

“ཁོ་མོ་གླ་མོ་མིན་ན་ངའི་རྣ་འབྱོག་མི་དགོས། ཁྱེད་རྫོང་ཐོག་ལ་སོང་ནས་སྐྲ་གཞར་ཁང་དག་གི་ནང་ལ་སོང་དང་ཤེས་ངེས་ཡིན། ཁོ་མོ་དང་འདྲ་བ་ཚོས་མཚན་མོར་སྒོ་ཁར་དཀར་དམར་ཁྲ་གསུམ་གྱི་གློག་བཀལ་ནས་སྐྲ་བཞར་ཁུལ་གྱིས་དོན་དངོས་སུ་སྨད་བཙོང་བྱེད་ཀྱིན་འདུག མི་རློམ་ན་གདུགས་དཀར་ཐོད་རྐྱང་ལ་ཕྲིས་དང་ཤེས། ངེད་གཉིས་ཀྱིས་སྐྲ་བཞར་ཁང་གི་ནང་ལ་སོང་ནས་སྐྱིད་པོ་བྱས་མྱོང་། ཧ་ཧ་ཧ་་་་་་” 
 གང་ལྟར་རྫོང་ཐོག་ལ་འགྲོ་འོང་ལྟོས་བཅོས་ཀྱིས་ཅུང་ཙམ་མང་བའི་ཁ་ལོ་བ་དབང་ཆེན་གྱི་ངག་ནས་ཐོན་པའི་བདེན་ཅོག་ཅོག་གི་སྐད་ཆ་རེ་རེ་དང་མནའ་ཚིག་རེ་རེ་ཡིས་སྡེ་མི་མང་པོ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ངེས།

མི་མང་ས་ནས་གསར་བུ་དག་གིས་ཀྱང་ཁོ་མོ་ལ་མཐོང་ཆུང་གི་ཉམས་ཀྱིས་ཁ་རྩེ་བ་དང་ཟུར་ཟ་བྱེད་པ་སོགས་བྱེད་ཀྱིན་ཡོད་ན་ཡང་། ཁོ་མོར་སྡེ་བའི་ཞི་མོ་རྣམས་དང་མི་མཚུངས་པའི་ཤ་ཁ་དྭངས་མོ་ཞིག་དང་དྲི་མ་ཞིམ་པོ་ཞིག་ཡོད་པས། ཨེབ་འགྲིག་ས་ནས་གསར་བུ་ཁ་ཤས་ཀྱིས་དགོང་གཅིག་གི་ཉལ་རོགས་ཨེ་ཉན་བསམ་ནས་ཞུ་བ་བྱེད་པ་དང་། བརླ་ཡི་མདོག་དང་འདྲ་བའི་བརླ་ཡི་ཐད་ཚོད་ཀྱི་ཤ་འབྱར་དེའི་སྟེང་ལ་ཧད་ནས་མིག་མི་ལོན་པའི་དུས་ཀྱང་བགྲང་ལས་འདས།

ས་སྡེ་མཐའ་བརྒྱུད་ནས་འགྲོ་དུས། དཔུང་གཤིབ་རོགས་ན་མེད་ན་ལོས་དཀའ་སྟེ། སྡེ་ཆེན་གྲོང་ནས་བཅུ་དྲུག་ལང་ཚོ་དར་ལ་བབས་པའི་བུ་མོ་ཞིག་གིས་ཁེར་འདུག་གི་འཚོ་བ་རོལ་རྒྱུ་ཟེར་ན། དེ་ནི་སྤྱང་ཚོགས་ཀྱི་དབུས་ནས་ཤ་རློན་ཞིག་རང་སོར་འཇོག་རྒྱུ་ཟེར་བ་དང་འདྲ་བས། མཚན་མོ་ཞིག་ལ་ཁོ་མོ་སྐྲ་བཞར་ཁང་ལ་ཡོང་མཁན་དག་གི་ཁྲོད་ཀྱི་འབྲུག་བྷ་རུ་འབོད་པའི་སྟག་ཤར་ཞིག་ལ་ཁ་འཕྲད་པར་གྱུར། ཁོ་ནི་ཁུལ་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཞིག་སྟེ། བྱ་བ་ལག་ལ་མ་ཡོང་བས་ཉིན་རྒྱུན་སྡེ་བའི་གསར་བུ་རྣམས་དང་མཉམ་དུ་ཁོ་མོའི་སྐྲ་བཞར་ཁང་གི་ནང་ལ་ཡོང་མཁན་གྲས་ཀྱི་གཅིག་ཡིན།

ཁོ་མོའི་སྐྲ་བཞར་ཁང་གི་ཚོང་ལས་ནི་སྐྲ་བཞར་རྒྱུ་ཁོ་ན་མིན་པར་ནང་ན་དུ་ཆང་དང་ཟས་རིགས་སྣ་ཚོགས་ཡང་བཙོང་བཞིན་ཡོད་པས། མཚན་མོ་རེ་རེ་སྡེ་བའི་ནང་གི་གསར་བུ་ཚོ་ཁོ་མོའི་སྐྲ་བཞར་ཁང་དུ་གཅིག་རྗེས་གཉིས་མཐུད་ཀྱིས་འཛོམས་ཏེ་དུ་ཆང་ཉོ་བའམ་ཟས་རིགས་རེ་ཉོས་ནས་དུས་ཚོད་བསྐྱལ་བར་བྱེད། དཀར་དམར་ཁྲ་ཆིལ་ལེར་ཡོད་པའི་གློག་སྒྲོན་འོག་ཏུ། རྣ་ལམ་ལ་བྱང་ཡོད་ཀྱང་ནང་དོན་མི་གོ་བའི་རྒྱ་གླུ་རེ་རེའི་དབྱངས་རྟའི་ངོགས་ནས་ཁང་མིག་དུ་སྨུག་གིས་ཁེངས་པར་བྱས་ཏེ་བཟི་བོ་རེ་གཉིས་ཀྱིས་རྡུང་རེས་རྒྱག་པའི་སྣང་ཚུལ་ཡང་རྒྱུན་པར་ཡོད་མྱོང་།

སྐྲ་བཞར་ཁང་ལ་མཚོན་ན་མཚན་མོ་དེ་ཡང་ནམ་རྒྱུན་དང་འདྲ་བའི་མཚན་མོ་ཞིག་ཡིན་མོད། ནམ་གུང་གི་ཆུ་ཚོད་གཅིག་ཡོལ་ཏེ་སྐྲ་བཞར་ཁང་གི་སྒོ་གཏན་ལ་ཡོད་དུས། དབང་ཕྱུག་ཙུའུ་ཐུང་དུ་འབོད་པའི་སྟག་ཤར་དེ་དང་ཁོ་མོ་གཉིས་ཀྱི་བར་ལ་ཁ་རྩོད་ཐུང་ཐུང་ཞིག་ཤོར། ཁོ་གཉིས་ཀྱི་རྩོད་དོན་ནི་གཞན་ཅི་ཡང་མ་ཡིན་པར་ཁུལ་ཐོག་གི་སུམ་མདོ་ན་ཡོད་པའི་རྟ་རྒན་རྡོ་བཟོས་མ་དེའི་ཁ་ནང་ན་སོ་ཡོད་མེད་རེད། བཤད་རེས་བྱས་ནས་དབང་ཕྱུག་ཙུའུ་ཐུང་གིས་ཁོ་མོར་ཅུང་མ་ཐུབ་པས། ངོ་ཚ་དང་བཅས་སྐྲ་བཞར་ཁང་ནང་གི་གསར་བུ་ཡོད་ཚད་ཀྱི་མདུན་ནས་“ཁྱེད་གླ་མོ་ཞིག་གིས་ཅི་ཤེས་”ཞེས་གསེག་བཤད་བྱས་པ་ན། ཁོ་མོས་ཀྱང་ཞེ་སྡང་ཁོག་ལ་མ་ཆུད་པར། “ང་གླ་མོ་ཡིན་མིན་ངའི་སེམས་ན་ཡོད་མོད། ཁྱེད་རྟ་རྐུན་ཞིག་རེད་ཅེས་སྡེ་བའི་མི་ཚང་མས་བཤད་ཀྱིན་འདུག་”ཅེས་བཤད་པ་ན། གསར་བུ་ཚང་མ་ལྷུག་ལྷུག་བགད།

ཁོས་ངོ་ཚ་གཏིང་ནས་ཉོས་པས་མདུན་ན་ཡོད་པའི་ཆང་དམ་སྟོང་བ་ཞིག་བླངས་ཏེ་ཁོ་མོར་རྒྱག་རྩིས་བྱེད་པའི་བར་གླགས་དེར། ཏན་ཏན་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་སྟེ་ཁོ་མོའི་སེམས་ནས་ཁ་རོག་གེར་དུངས་པ་ཤོར་མྱོང་བའི་འབྲུག་བྷ་ཡར་ལངས་ནས་བར་བཤོལ་བ་ན། དབང་ཕྱུག་ཙུའུ་ཐང་གིས་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པར་“ཁྱེད་ཀྱིས་ང་ལ་བར་ཅིའི་ཕྱིར་བཤོལ་བ་ཡིན་”ཞེས་ཤེལ་དམ་སྟོང་བ་དེས་འབྲུག་བྷའི་མགོ་ལ་གཞུས། མཚན་མོ་དེར། ཁོ་མོའི་ཆེད་དུ་འབྲུག་བྷའི་མགོ་ནས་ཁྲག་བཞུར། མཚན་མོ་དེ་ནས་བཟུང་། ཁོ་མོ་རང་ཉིད་ཀྱི་ཆེད་དུ་ཁྲག་བཞུར་བའི་འབྲུག་བྷའི་དགའ་རོགས་སུ་གྱུར། མཚན་མོ་དེ་ནས་བཟུང་། འབྲུག་བྷ་ཁོ་མོ་དང་སྐྲ་བཞར་ཁང་གི་བྲག་རི་ལྟ་བུའི་རྒྱབ་རྟེན་དུ་གྱུར།

གཞོན་པའི་སྣང་བ་དང་ངར་ཤུགས། བརྩེ་སེམས་ཀྱིས་གྲུབ་པའི་འཇིག་རྟེན་ཆུང་ཆུང་ཞིག་ནས། ཤེས་མེད་ཚོར་མེད་ཀྱིས་སྙིང་ལ་རྗེ་བའི་ཁོ་མོའི་གདོང་བ་དཀར་པོ་སྟེང་ལ་ནག་ཐིག་ཐ་ཐོར་བབས་ཤིང་། ཟས་ལ་རོལ་སྐབས་སྐྱུག་ལོག་པ། སྒྱིད་ཞབས་ལ་གཟེར་རྒྱག་པ་སོགས་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་སྣ་ཚོགས་ཀྱིས། ཆུང་ཆུང་གི་ཁོ་མོས་ཆུང་ཆུང་གི་རྣམ་ཤེས་ཤིག་མི་ཡུལ་ལ་གདན་འདྲེན་རྒྱུ་ཡིན་པའི་བརྡ་རྟགས་གསལ་བོར་བསྟན།
“འབྲུག་བྷ། ད་ཅི་བྱེད།”
“ ཁྱེད་མ་འཚབ་དང་ངས་ཁྱིམ་མི་ལ་གྲོས་ཁ་བྱས་རྗེས་ཁྱེད་རང་གཉེན་སློང་ངེས་ཡིན།”
“ངོ་མ་ཡིན་ནམ། ཁྱེད་ཚང་གི་ཕ་མ་གཉིས་འཐད་སྲིད་དམ།”
“གང་ལྟར་ངས་ཨ་ཕ་ལ་གཉེན་སློང་དུ་འཇུག་ངེས་ཡིན།”
………

བྱ་བཞག་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་སྲིད་པ་ཞིག་ག་ལ་ཡིན་ཏེ། འབྲུག་བྷའི་གནས་ཚུལ་དེ་རང་གི་དྲིན་ཆེན་ཕ་ལ་བཤད་པ་ན། ཁོ་རང་ཁོང་ཁྲོ་བཟོད་བརླག་མེད་པ་ཞིག་སྐྱེས་ནས། 
“ངས་ད་བར་དུ་སྡེ་མྱི་ཁར་མ་འཛེམ་པར་ཁྱེད་སློབ་གྲྭར་བསྐྱལ་བའི་མཇུག་འབྲས་འདི་ཡིན་ནམ། ཁྱེད་ཀྱིས་རང་སྡེ་ལྷ་ཡུལ་འདྲ་འདྲའི་ནང་གི་བུ་མོ་ལྷ་མོ་འདྲ་འདྲ་བཞག་ནས། སྐྲ་བཞར་མཁན་གྱི་སྨད་འཚོང་མ་ཞིག་ལ་གཉེན་སྒྲིག་རྒྱུ་ཟེར་བ་ཅི་ཡིན་”ཞེས་ཁོར་གཅར་ལ་ཁད་ཅིག་བྱས་ཤིང་། རང་བཟའ་ཟླ་གཉིས་ཀྱིས་ཐག་གཅོད་ཐབས་བྲལ་བའི་དོན་དག་དེ་ཡང་ཨ་མཆོད་ཚང་ལ་ཞུས་པ་ན། ཨ་མཆོད་ཚང་གི་ཧ་ཅང་གཟབ་ནན་གྱི་མོ་རྡེའུ་ལས་“བུ་མོ་ཁྱེད་ཚང་ལ་ཡོང་ན་ཁ་ལས་རླུང་རྟར་གནོད་སྲིད་”ཅེས་བསྟན་པས། འབྲུག་བྷའི་ཕ་ལོ་ཡིས་ཁོ་གཉིས་ཁ་ཁར་གཏོང་བའི་སེམས་ཐག་བཅད།

མང་པོ་ཞིག་མ་འགོར་བར་འབྲུག་བྷ་ཁོ་ཚོའི་སྡེ་བ་དང་ཐག་ཅུང་རིང་བའི་འབྲོག་ཁུལ་ཞིག་ལ་དགེ་རྒན་གླས་མ་བྱེད་དུ་བུད་སོང་། མང་པོ་ཞིག་མ་འགོར་བར་ཁོ་མོས་ཀྱང་ཁུལ་ཐོག་གི་སྨན་ཁང་ལ་སོང་སྟེ་མངལ་ན་ཡོད་པའི་ཚེ་སྲོག་ཆུང་ཆུང་དེ་ཕྱི་རུ་དེད་པར་མ་ཟད། སྨན་པས་མངགས་བཀོད་བཞིན་རང་ཉིད་ཀྱི་ལུས་ཕུང་ལ་སྲུང་སྐྱོབ་བྱེད་ཆེད་ཞབས་ལ་ལྕགས་ཀྱི་ཨ་ལོང་ཞིག་ཀྱང་བཞག

དེ་ནས་བཟུང་། སྡེ་མི་རྣམས་ཀྱི་མིག་ལམ་ནས་རྒྱུན་ལྡན་མིན་པའི་ཁོ་མོས་དུ་བ་འཐེན་མགོ་བརྩམས་ཤིང་རང་ཉིད་དང་སྐྲ་བཞར་ཁང་ལ་སླར་ཡང་རྒྱབ་རྟེན་ཞིག་བཙལ། 
 ཁོ་ནི་སྡེ་བའི་ནང་གི་ལད་པོ་ཞེས་པའི་ཆོ་ལོ་འཁུར་མཁན་ཞིག་ཡིན་ཞིང་། ཁ་ཡ་ན་ཟླ་དག་གིས་གང་འདོད་དུ་གདོང་ལ་ལྟ་མི་ཕོད་པའི་གསར་བུ་བཙན་པོ་ཞིག་ཀྱང་ཡིན། ཡིན་ནའང་། མང་པོ་ཞིག་མ་འགོར་བར་ལད་པོ་ཟླ་གཅིག་གི་སྔོན་ལ་སྡེ་བའི་ནང་གི་ལུག་ཁྱུ་ཞིག་བོར་བ་ལ་འབྲེལ་བ་འདུག་ཅེས་སྤྱི་བདེ་མི་སྣ་འགའ་ཡོང་ནས་ཁྲིད་དེ་བུད་སོང་། 
 དེ་ལྟར་འབྲུག་བྷས་ཕ་མས་བཀའ་བཀོད་མ་ཐེག་པར་ཁོ་མོ་དང་འཐོར་ཞིང་། ལད་པོ་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་ཏེ་ཁོ་མོ་དང་གྱེས་པས། རྒྱབ་རྟོན་གྱི་བྲག་རི་མེད་པའི་མཚན་མོ་རེ་རེ་ཁོ་མོ་སོས་དལ་བག་ཕེབས་ཀྱིས་གཉིད་པའི་གོ་སྐབས་ཤིག་གཏན་ནས་ཡོད་མ་མྱོང་ལ། སྒོ་ལ་རྡོག་ཐོས་གཞུ་བ་དང་། དྲ་མ་གཅོག་པ། སྡང་སྡིགས་བྱེད་པ་སོགས་ཀྱིས། སྡེ་མི་རྣམས་ལ་མཚོན་ན་ཆེས་ལྷིང་འཇགས་ཡིན་པའི་མཚན་མོ་རེ་རེ་ཁོ་མོས་ཧ་ཅང་ལྷིང་འཇགས་མ་ཡིན་པའི་ངང་བསྐྱལ་བཞིན་ཡོད། གང་ལྟར་ད་ཐེངས་དྲ་མའི་ནང་ལ་རྡོ་འཕངས་པ་ཡང་ཁོ་མོ་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་ཞིག་རེད།

སྡེ་འདབས་ཀྱི་སྐྲ་གཞར་ཁང་གི་ནང་ལ་ཉི་ཐིག་ཕྲ་མོ་ཞིག་འཕྲོས་ཤིང་། གཡས་གཡོན་གྱི་ཚོང་ཁང་དག་གིས་སྒོ་རིམ་བཞིན་ཕྱེ་མགོ་བརྩམས་པས། ཁོ་མོས་ཀྱང་ནང་ལ་གད་བདར་གཙང་མ་ཞིག་བྱས་རྗེས། རྡུང་ལེན་པ་རྡོ་རེད་ལགས་ཀྱི་ང་དང་ངའི་སེམས་པ་ཞེས་པའི་སྒྲ་ཐག་དེ་བསྐོར་ཞིང་། ཕྱི་རུ་བུད་ནས་མཁའ་དབུགས་གཙང་མ་རྔུབ་ཞོར་གཞུང་ལམ་གྱི་ཕྱོགས་སུ་བལྟས་ནས་བསྡད། ཅང་མ་འགོར་བར་འཕྲུལ་རྟ་ཞོན་མཁན་གྱི་གསར་བུ་ཞིག་གིས་ཁ་ངོ་ཐམས་ཅད་བཏུམ་ནས་ཁོ་མོའི་སྐྲ་བཞར་ཁང་གི་སྒོ་ནས་དན་སེར་བསྡད། ཁོས་ཁོ་མོ་ལ་བལྟ་ཙམ་ཡང་མི་བྱེད་པར་ནང་ལ་འཛུལ།
“ཨ་རོ། ཞི་མོ་ནང་ལ་ཤོག་དང་།
ཁྱེད་ཀྱི་དྲ་མ་བཅག་ཡོད་པ་ཅི་རེད།”
“ཅང་མ་རེད། སྐྲ་བཀྲུ་རྒྱུ་ཡིན་ནམ།”
“ ཨོ་ལེ།”
ཁོ་མོས་ཧ་ཅང་བྱང་ཆ་ཡོད་པའི་ངང་ཡུན་རིང་ལ་བཀྲུས་མེད་པའི་གཟེངས་ཞིང་རིང་ལ་རྫོབ་དྲི་འཐུལ་བའི་ཁོའི་སྐྲ་བཀྲུ་མགོ་བརྩམས།
“སྐྲ་བཞར་རྒྱུ་ཨེ་ཡིན།”
“བཞར་རྒྱུ་མིན། སྟག་ཤར་ཞིག་གིས་སྐྲ་ཐུང་ཐུང་བཞག་ན་ཚུགས་ཀ་མེད་ཀ”
ཁོ་མོས་ཅི་ཡང་མ་སྨྲས།
“ཨ་རོ། ངས་ཁྱེད་ཀྱི་བརླ་ཤའི་སྟེང་ལ་ཅིག་རེག་ན་ཆོག་གམ། ”
“ཁྱེད་ཀྱིས་གླེན་བཤད་མ་གནང་།”
“བུ་མོ་ལོ་ལོ། ངས་ཁྱེད་ལ་ཞུ་བ་བྱེད། ཐེངས་གཅིག་རེག་ཏུ་བཅུག་ན་སྒོར་ལྔ་བཅུ་སྟེར།”
“གསར་བུ། ཁྱེད་ཀྱིས་དགོད་སྤྱད་མ་བཤད།”
“དེས་ན་ཤ་གཟན་གཅིག་སྟེར། དཀར་བོ་དགེ་བ། ”
“འདི་སྐྲ་གཞར་ཁང་ཡིན་པ་ལས་སྨད་འཚོང་ཁང་མ་རེད།”
“ཨ་ཙི། རང་གིས་རང་ཉིད་ཅིག་ཡིན་མ་བསམ་”ཞེས་ཁོང་ཁྲོ་དང་བཅས་སྒོར་རྡོག་ལྔ་མདུན་ཅོག་སྟེང་ལ་གཡུགས་ཤིང་ཁ་ངོ་བཏུམ་སྟེ་སུས་ཀྱང་ངོས་མི་ཟིན་པ་ལྟ་བུ་ཞིག་བྱས་རྗེས་འཕྲུལ་རྟར་ཞོན་ནས་ཤར་སེར་བུད་སོང་།

ཁོ་མོས་འཕྲུལ་རྟའི་སྒྲ་ལ་ཉན་ནས་ཡུན་རིང་བསྡད།
ཁོ་མོས་དུ་བ་རྐང་གཅིག་ལ་མེ་སྦྲོན།
ཁོ་མོས་སྒེའུ་ཁུང་ཆག་རོ་ལས་ནང་དུ་འཕོས་ཡོད་པའི་ཉི་ཐིག་ལ་བལྟས།
ཡུད་ཙམ་ལ་བསྡད་རྗེས་ཁོ་མོས་ཅ་ལག་ཐམས་ཅད་ལ་བསྡུ་གསོག་རྒྱབ་ཅིང་། ནམ་རྒྱུན་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་སྡེ་འདབས་ཀྱི་གཞུང་ལམ་བརྒྱུད་ནས་ཁུལ་ཐོག་ལ་རྒྱུགས་པའི་འགྲིམ་འགྲུལ་རླངས་འཁོར་ལ་སྒུག་ནས་བསྡད།

ཁོ་མོ་འཇམ་ཐང་ཐིང་ངམ་ཁེར་ཧྲེང་ཧྲེང་གིས་འོང་བ་ཇི་བཞིན། 
ཁོ་མོ་འཇམ་ཐང་ཐིང་ངམ་ཁེར་ཧྲེང་ཧྲེང་གིས་བཞུད་ཟིན།

དེ་ལྟར་ཁོ་མོ་བཞུད་ནས་ཟླ་ཕྱེད་ལྷག་འགོར་ནའང་། ཁོ་མོའི་སྐྲ་བཞར་ཁང་གི་སྒོ་བྱང་ད་རུང་སྔར་བཞིན་བཀལ་ཡོད་ལ། ཁོ་མོ་མ་བཞུད་པའི་ཡར་སྔོན་གྱི་མཚན་མོ་དེར་ཆགས་རྒན་སུ་ཞིག་གིས་རྡོ་འཕངས་ཤུལ་གྱི་དྲ་མ་ཆག་རོ་དེ་ཡང་ད་རུང་བརྗེ་སྤོར་བྱས་མི་འདུག

2015 ལོའི་ཟླ1ཚེས 3 ནམ་གུང་བྲིས།
2015ལོའི་ཟླ་11པའི་ཚེས་8 ནམ་གུང་བཟོ་བཅོས་ཕྲན་ཙམ་བྱས།

qrcode_for_gh_24a680a08df5_430(1)

 

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།