«རང་རིག་རང་གསལ»གྱི་བསྔོ་སྨོན།

«རང་རིག་རང་གསལ»གྱི་བསྔོ་སྨོན།

 

«རང་རིག་རང་གསལ»གྱི་བསྔོ་སྨོན།

༢༠༡༣ལོར«རིག་རྩལ་རྒྱང་སྐྱོད»སྒོར་ཕུད་པ་ནས་ད་ལྟའི་བར།  ངས་འབེལ་རྩོམ་དང་ཐོར་རྩོམ་རང་བཞིན་གྱི་རྩོམ་ཡིག་བཞི་བཅུར་ཉེ་བ་བྲིས་ཤིང་། བརྗོད་དོན་མི་མཚུངས་པའི་ཁ་ནང་ལྟའི་རྩོམ་ཡིག་རྣམས་ལས།  དུས་འདིར་ཅུང་འོས་འཚམས་ཡིན་པའི་རིགས་འགའ་ཕྱོགས་སྒྲིག་གི་མཚན་དོན་ལ«རང་རིག་རང་གསལ»ཞེས་གསོལ་ཡོད། དེ་ནི་ད་ལྟ་ཁྱེད་ཀྱི་ཕྱག་ཏུ་ཐོགས་པའི་དེབ་ཆུང་འདི་ཉིད་དོ།།

བོད་ཡིག་གི་གནས་བབ་ཤིན་ཏུ་སྐྱོ་བའི“དུས་ངན་སྙིགས་མའི”སྒང་ལ།  ང་རང་དངུལ་ལོར་གྱི་སྲུང་མར་མ་གྱུར་པར།  སྔར་བཞིན་བོད་ཡིག་རེ་གཉིས“ཇེ་མང”གཏོང་མཁན་གྱི་ལུས་བླངས་པ་ནི།  ངའི་ཚེ་ཐོག་འདིའི“གཟི་བརྗིད”ཡིན་པ་མ་ཟད།  “བོད”ཅེས་པའི་སྣང་ཡུལ་གྱི་ཚོ་པ་འདིར་ཕུལ་བའི་ལག་ལེན་དངོས་ཀྱི་སྦྱོར་བ་སྟེ། ང་ལ་བྱ་གཞག་འདི་བས་ལྷག་པའི་ལག་ལེན་མི་འདུག་ལ།  འདི་བས་དཀའ་བའི་ལས་ཤིག་ཡོད་ཚུལ་ཡང་མཐོང་མ་སོང་།

ངས་བྲིས་ཟིན་པའི་ཡི་གེར་ཕྱི་མིག་ལྟ་ཐེངས་རེར།  མདུན་གྱི་རྩིས་འཕྲུལ་ལ་མཛུབ་རྩེ་རེག་མི་ཕོད་པར་འགྱུར་ཞིང་།  ཡང་རང་གི་སེམས་ལས་ཆད་པའི་དབྱངས་གསལ་གྱི་གཅེས་ཕྲུག་ཚོ་དྲན་ཚེ།  རང་དབང་མེད་པར་མནོ་བསམ་གྱི་རྒྱལ་ཁབ་ཏུ་ཕྱིན།  ང་ནི་དེར་རྟོག་དཔྱོད་ཀྱི་མཚོན་ཆ་ཐོགས་པའི་ཡུལ་བྱོལ་བ་སྟེ།  ཕྱི་ནང་གི་གླིང་ཀ་སྣ་ཚོགས་བློ་ཡིས་བླངས་ནས་རང་གཞན་གྱི་སྲུབས་ལྭ་སྤྲུག་བརྡབས་བཏང་བས།  རྟག་ཆད་གང་གིས་མ་གཡོགས་པའི་རང་ཉིད་གཅེར་བུ་མཐོང་ན་བསམས། གང་གི་སླད།  བློ་གྲོས་རབ་འབྲིང་ཐ་གསུམ་གྱིས་བཀླག་པའི«རང་རིག་རང་གསལ»བཙའ་བའི་སྟ་གོན་ལ་ཞུགས་པ་ཡིན།

དེབ་འདིའི་མ་ཕྱི་བཅོས་ཞུ་བྱེད་པའི་ཉིན་འདི་གར།  ཡང་བསྐྱར་དེབ་གཟུགས་སུ་འཆོས་པར་སོམ་ཉི་ཟ་དགོས་བྱུང་སྟེ། ད་ལྟའི་རང་གི་བསམ་གཞིག་ལ་བརྒྱུས་པའི་གཟུགས་མེད་ཀྱི“ཐོན་སྐྱེད”གང་མང་འདིར་དགོད་མ་ཐུབ་པར་ལྷག་ཚེ།  ཁྱེའུ་ཆུང་འདི་ཉིད་ཕྱི་རོལ་དུ་གཏང་བར་སྙིང་ཁམས་ག་ལ་བདེ་མོད།  ཡི་གེ་འབྲི་བ་ནི་མི་ཚེའི་ཀློང་ལ་འཐིམ་པའི་འཚོ་བའི་ཆ་ཤས་ཙམ་ལ་གྲུབ་ཀྱི་ཡོད་གཤིས། ངའི་ཚེ་སྲོག་ཕྱོགས་གཞན་མ་ཡལ་བ་དེ་སྲིད།  ཡི་གེ་འབྲི་བའི“ལས་བྱ”ཡང་བོར་མི་སྲིད་ཚོད་འདྲ་བས།  དེང་གི“ཚོར་དཔྱོད”ཀྱི་ཆད་ལྷག་རྣམས་ཀྱང་རིམ་གྱིས་ཁ་བསྐང་ནུས་པའི་རེ་བ་ལས་ཅི།

མཐར།  ངའི་ཡི་གེའི་འཚོ་བར་ཉེ་བའི་ཀློག་པ་བོ་སྤྱི་དང་།  བྱེ་བྲག་བརྩེ་བའི་མངའ་ཐང་ཡངས་པའི་ཕུ་བོ་དང་ནང་གྲོགས།   སྙིང་ཉེ་མ་བཅས་ལ་བཀའ་དྲིན་ཞུའོ། །

༢༠༡༤.༡༢.༢༧ཉིན།

2 thoughts on “«རང་རིག་རང་གསལ»གྱི་བསྔོ་སྨོན།

  1. ཨ་བུ་གངས་རླུང་།

    རེད་དེ་ཉི་མ་ཁ་སང་དེ་རིང་ཞིག་ལ་ཁྱེད་ཀྱིས་ཡིག་འབྲུའི་གཅེས་ཕྲུག་དེ་དག་རྒྱང་དུ་བསྐྱུར་ནས་ས་གནས་ག་གེ་མོ་ཞིག་ན་དངུལ་ལོར་གཉེར་གི་འདུག་ཟེར། ཡང་གཅིག་བྱས་ན་ཁྱེད་རང་ས་གནས་དེ་གའི་འབྱོར་ལྡན་ཞིག་གི་ཁོལ་བོར་གྱུར་འདུག་ཀྱང་ཟེར། གང་ལྟར་རང་རིག་རང་གསལ་སྒོར་བུད་པ་ནས་བཟུང་། ང་རང་ཀློག་རྒྱུར་དགའ་བའི་སྒོ་ཡོན་གྱི་བྲིས་རྩོམ་ཇེ་ཉུང་རེད། གལ་ཏེ་སྒོ་ཡོན་སྔར་བཞིན། ཚོར་འདུ་སྔར་བཞིན། རྨི་ལམ་སྔར་བཞིན་ཡོད་ཚེ་ཁྱེད་རང་ཕྱིར་ཡིག་འབྲིའི་འཇིག་རྟེན་དུ་འོང་བའི་རེ་བ་བཟུང་ཡོད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།