སྡོམ་གཅུན་ལ་གཡོལ་བ།—སྒྲུང་ཐུང་།

ཙག་སྒྲ།

ཚུལ་ཁྲིམས་གོམ་པ་ཡང་མོས་གྲྭ་ཤག་ལས་ཐོན་པ་ན། ནམ་ད་དུང་ཡོངས་སུ་གསལ་མི་འདུག་ལ། ཤར་ཕྱོགས་ཀྱི་རི་རྒྱུད་མཐོན་པོ་དག་རྡང་ལ་བཏགས་པའི་གཡག་རྒོད་ཁྱུ་ཞིག་དང་འདྲ་བར་ནག་ཡོར་ཡོར་དུ་མངོན། དགོན་པའི་མདུན་རིའི་དངོས་ཀྱི་མགོན་ཁང་ལས་གསལ་ལ་མི་གསལ་བའི་རྔ་སྦུག་གྱི་སྒྲ་ཞིག་གྲགས་འོང་བ་དང་སྟུན། ཆེས་གདོད་མའི་བསང་བསུར་གྱི་དྲི་མ་སྟུག་པོ་དེ་ཚུལ་ཁྲིམས་ཀྱི་སྣ་ལམ་བརྒྱུད་ནས་ཡིད་ཀྱི་གཏིང་དུ་སིམ་པ་ན། ཁོ་ལ་བཤད་མི་ཤེས་བའི་ཚོར་སྣང་ལྕི་མོ་ཞིག་སྐྱེས། དགོན་པའི་གླིང་གཞུང་རྒྱུད་ནས་འབབ་པའི་ཆུ་ཕྲན་དེས་དགུན་འཁྱགས་ཀྱི་སྐྱོ་ངལ་རིང་བོ་ཞིག་དྲུད་ནས་མདུན་དུ་བཞུར་ཀྱིན་བདའ། སྐྱ་རེངས་རབ་རིབ་ཁྲོད་ནག་སྒུར་སེ་འགྱིང་བའི་འདུ་ཁང་ཆེན་མོ་དེ་ཚུལ་ཁྲིམས་ ཀྱི་ཕ་མ་གཉིས་ཀྱི་རྒྱབ་གཟུགས་བཞིན་རྒས་ཁོག་གི་ངང་ནས་གནས་འདུག ཚུལ་ཁྲིམས་ཀྱི་ཡིད་ལ་སྐྱོ་སྣང་ཞིག་སྐྱེས་ནས་འདུ་ཁང་ཆེན་མོར་ཕྱག་གསུམ་འཚལ་ རྗེས་ལྗིད་ཏིག་ཏིག་གོམ་པ་དེ་རླངས་འཁོར་ས་ཚིགས་ཀྱི་ཕྱོགས་སུ་བསྒྱུར།

ཁོ་རླངས་འཁོར་ས་ཚིགས་སུ་ཐོན་པ་ན། ཁ་ཆེ་བ་ཞིག་གིས་བོད་སྐད་དག་མོས་“གཙོས་ལ་ཨེ་འགྲོ། ཀ་ཅི་ལ་འགྲོ། ལན་གྲུ་ལ་་་”ཞེས་གྲོང་ཁྱེར་མང་པོ་ཞིག་གི་མིང་ནས་འཛིན་བཞིན་མགྲོན་པོ་འབོད་ཀྱིན་འདུག ཚུལ་ཁྲིམས་ཅུང་དོགས་མི་བདེ་བའི་ངང་ནས་ཕར་ལྟ་ཚུར་ལྟ་འགའ་བྱས་ནས་གཟན་གྱིས་མགོ་བོ་བཏུམས་ཏེ་འགྲུལ་འཁོར་ནང་དུ་འཛུལ། གསལ་ལ་མི་གསལ་བའི་འགྲུལ་འཁོར་ནང་གི་མགྲོན་པོ་མང་ཆེ་བ་འབྲོག་པ་ཡིན་ལ། ཁོ་ཚོས་རླངས་འཁོར་འགྲོ་བར་སྒུག་ཡུན་རིང་པས་ཡིན་ནམ། སློག་པས་མགོ་བོ་བཏུམས་ནས་དྲོད་ལམ་ལམ་ངང་གཡས་ལོག་གཡོན་ལོག་བྱས་ནས་གཉིད་དུ་ ཡུར་འདུག རྒྱ་མི་རེ་འགའ་ཧ་ཅང་གྲང་བའི་ངང་གིས་ལག་པ་གཉིས་ཕན་ཚུན་གྱི་ཕུ་རུང་ལ་བཅུག་ནས་ རྐང་བས་ས་ལ་རྡེག་བཞིན་མཐོ་སྒང་གི་གྲང་ལྷག་འདི་ཞེས་སྡིགས་མོ་བྱེད་པ་དང་འདྲ། ཚུལ་ཁྲིམས་སྒེའུ་ཁུང་འགྲམ་གྱི་འདུག་སྟེགས་ཤིག་ལ་བསྡད་ནས་ཕྱི་རོལ་ཡུལ་གྱི་ མོག་མོག་གི་ཡུལ་ལྗོངས་ལ་ཅེར་ནས་ངག་ལས་རང་དབང་མེད་པར་བདེ་མོ་ཞེས་ཐལ། ཡུན་ཙམ་ནས་འགྲུལ་འཁོར་གྱིས་དུང་བརྡ་རིང་བོ་ཞིག་སྒྲོག་བཞིན་དམིགས་འབེན་གྱི་ ཕྱོགས་སུ་མདའ་འཕངས་ལྟར་བཞུད་སོང་།

རིམ་གྱིས་ཞོགས་པའི་ཉི་འོད་དེ་དགུན་གྱི་རྩྭ་ཐང་སྟེང་དུ་འཕྲོས་པ་ན། གསེར་ཞུན་ཁུ་བས་བྱུགས་པ་དང་འདྲ་བར་གསེར་ལམ་ལམ་བྱེད་ལ། རྒྱང་རིང་གི་རི་བོ་དག་གི་མགུལ་ན་དུད་ཞགས་རིང་བོ་ཞིག་ལྷོད་དུ་ཆགས་འདུག ལམ་བར་གྱི་ཁྱིམ་ཚང་སོ་སོས་ནང་ཇ་བསྐོལ་བཞིན་ཡོད་ལ། སྒོ་ཕྱུགས་དག་བག་ལྷོད་པོའི་ངང་ལྷས་ནས་སྐྱུག་ལྡད་བྱེད་བཞིན་ཉལ་འདུག་པར་ལྟས་ ན་རང་གི་བདག་པོར་སྒུག་ཡོད་པ་དང་འདྲ། བྱིས་པ་ཆུང་ཆུང་འགའ་ཡང་ལྷས་མཐའ་ན་ཕར་རྒྱུག་ཚུར་རྒྱུགས་བྱེད་བཞིན་འདུག ཚུལ་ཁྲིམས་ཀྱིས་དྲག་ཏུ་རྒྱུག་བཞིན་པའི་འགྲུལ་འཁོར་གྱི་སྒེའུ་ཁུང་ལས་ཕྱི་ རོལ་ལ་ལྟ་བཞིན་ཕྱིར་དྲན་གྱི་ཀློང་དུ་འཁྱམ་སོང་།

ཚུལ་ཁྲིམས་ཡང་བྱིས་པ་དེ་དག་འདྲ་བར་སྦྲ་མཐའ་དང་ལྷས་མཐའ་ནས་ནར་སོན་པ་ཞིག་ཡིན། ཉིན་ཞིག་ཚུལ་ཁྲིམས་རྩེད་བཞིན་ཡོད་པའི་སྐབས་སུ་ཨ་ཕས་རྟ་རྒན་ལ་ཡོབ་རྡུང་བྱེད་ བཞིན་བྲེལ་ཚབས་ཀྱིས་རང་ཁྱིམ་གཟས་ནས་རྒྱུགས་འོང་གིན་འདུག ཁོ་ཁྱིམ་དུ་ཐོན་པ་ན་རུམ་ནས་ཕྱག་མདུད་སེར་པོ་ཞིག་དང་ཁ་བཏགས་དཀར་པོ་ཤིག་བླངས་ ནས།

“འདི་རེད། འདི་རེད། ཨ་ལགས་ཚང་གིས་ཞི་ལུ་གྲྭ་བ་བྱེད་དུ་ཁྲིད་ཤོག་གསུངས་སོང་། ད་དུང་ཁོང་གིས་མོ་རྩིས་གང་ལ་བརྟག་ན་བུ་འདི་མ་འོངས་བ་ན་སེམས་ཅན་ལ་ཕན་ཐོགས་ པའི་སྐྱེས་བུ་དམ་པ་ཞིག་ཡོང་ཁོ་ཐག་རེད”ཅེས་གསུངས་ཟེར་བཞིན་དབུགས་ཧལ་ཧལ་བྱེད་བཞིན་འདུག

ཨ་མས་མར་སྒྱེད་ནས་ཅི་མ་སྙམ་པའི་ངང་“གྲྭ་བ་བྱེད་རྒྱུ་ ཡང་ཁག་པོ་ཡིན་ནི་རེད། ཨ་ཁུ་བློ་ལྡན་ཚང་གི་ཤེས་རབ་ཁ་སང་ཁ་ཉིན་སྐྱ་སར་བབས་པ་མ་ཡིན་ནམ། མི་དགོས་ས་ནས་ཚོགས་ངན་བསགས་ན་ག་ལ་འགྲིག བྱིས་པ་བསམ་མེད་ཞིག་དགོན་པར་བསྐྱལ་ན་ཕ་མ་ལ་ཡང་འགན་འཁུར་ཡོད་ནི་རེད”ཚིག་ མཚམས་མ་རྫོགས་གོང་ཨ་ཕ་རབ་ཏུ་ཁྲོས་ནས།

“གདོན་མོ། བུད་མེད་བདུད་ཀྱི་ཕོ་ཉ་ཟེར་བ་ཅིས་མ་བདེན། ཨ་ལགས་ཚང་གི་གསུང་ལ་ཡང་དོགས་པ་ཟ་ཕོད་དམ། ངེད་ཚང་གི་ཁྱིམ་རྒྱུད་འདི་ལ་སྐྱེས་བུ་དམ་པ་འཁྲུངས་མྱོང་ཡོད། ཁྱོད་མགོན་སྐྱབས་སྒྱིད་གྱོང་ཚང་ལྟ་བུ་ཞིག་གཏན་ནས་མིན། ངས་བུ་ཆུང་གྲྭ་བ་བྱེད་ཁོ་ཐག་ཡིན་”ཟེར་བཞིན་སྡིགས་མོ་དང་གཤེ་གཤེ་མཚང་འབྲུ་ ཡིད་ཚིམ་པ་ཞིག་བྱས་ནས་རྟ་རྒན་ལ་ཡོབ་རྡུང་བྱེད་ཞོར་ཕྱུག་རྫིར་བུད་སོང་། ཨ་མས་ཅི་ཡང་མི་སྨྲ་བར་མིག་ཆུ་ལག་པས་ཕྱིས་རྗེས་སྔར་ལྟར་ཁྱིམ་ལས་ལ་བྲེལ་བཞིན་འདུག

མཚམས་དེར། འགྲུལ་འཁོར་ལས་ཨ་ཁུ་རྒྱ་མཚོའི་སྐད་ལྟ་བུའི་གློ་ལུ་ཞིག་བརྒྱབ་བྱུང་བས་ཚུལ་ ཁྲིམས་ཕྱིར་དྲན་གྱི་ཀློང་ལས་དཀྲོགས་པ་མ་ཟད་ཡིད་སེམས་བློང་བློང་པོར་གྱུར། འཇིགས་སྐྲག་གི་ངང་ནས་གཟན་གྱི་སྲུབས་ལས་ཕྱི་རུ་ལྟས་པ་ན། སྟབས་ལེགས་པ་ཞིག་ལ་དེ་ནི་འབྲོག་པ་རྒད་པོ་ཀླད་དམར་ཞིག་རེད། ཨ་ཁུ་རྒྱ་མཚོ་ནི་ཚུལ་ཁྲིམས་ཀྱི་ཤག་གི་དགེ་རྒན་ཡིན་ལ་ཧ་ཅང་བཙན་ཚུགས་ཅན་ཞིག་ ཡིན་པས་ཚུལ་ཁྲིམས་ཀྱི་སེམས་ན་རྒྱ་སྟག་ལྟ་བུ་ཞིག་ཡིན། ཚུལ་ཁྲིམས་ལོ་བཅུ་གཅིག་གི་སྟེང་ནས་ཨ་ཁུ་རྒྱ་མཚོའི་སར་གྲྭ་བ་བྱས་པ་རེད། ཚུལ་ཁྲིམས་རིག་པ་ཧ་ཅང་ཡག་པས་ཚོགས་འདོན་ཡོད་ཚད་དགེ་ཕྲུག་ཚང་མའི་སྔུན་ལ་ རྫོགས་པ་རེད། ཁོའི་རིག་པ་ལ་ཨ་ཁུ་རྒྱ་མཚོ་ཡིད་ཚིམ་ཡོད་ནའང་སྤྱོད་པ་ལ་དེ་འདྲ་དགའ་བོ་བྱེད་ ཀྱི་མེད། རྒྱུ་མཚན་ཚུལ་ཁྲིམས་ཀྱིས་ལྐོག་ནས་དུས་དེབ་དང་ཚགས་པར་ལ་ལྟ་བཞིན་ཡོད་པ་ཨ་ཁུ་ རྒྱ་མཚོས་མཐོང་ནས་མེར་བསྲེགས་པ་ཡང་ཐེངས་གཅིག་ག་ལ་ཡིན།

ཐེངས་ཤིག་ ཚུལ་ཁྲིམས་ཀྱི་མལ་ཁང་ནང་མའོ་ཙེ་ཏུང་གི་གསུང་རྩོམ་ཡོད་པ་ཁོས་མཐོང་བས་“བསྟན་ དགྲ། སངས་རྒྱས་ཀྱི་གསུང་ལ་མི་ལྟ་བར་བདུད་ཀྱི་དཔེ་ཆ་འདི་དག་ལ་བལྟས་ནས། སྤྱོད་འཆལ་ཁྱོད་”ཟེར་བཞིན་ཚུལ་ཁྲིམས་ལ་རྡུང་རྡེག་དྲག་པོ་བྱས་པ་རེད།

ད་དུང་ཨ་ཁུ་རྒྱ་མཚོས་མིག་ཟུང་བཙུམས་ནས་ཧ་ཅང་ཡིད་ཕངས་པའི་སྒོ་ནས་“སངས་རྒྱས་ ཀྱི་བསྟན་པ་རིན་པོ་ཆེ་ནུབ་ཕྱོགས་ཀྱི་རི་བོའི་རྩེ་ལ་ཐོན་སོང་། དུས་ངན་སྙིགས་མའི་བསྐལ་བ་སྔོན་དུ་འགྱུར་བཞིན་འདུག་”ཟེར་བཞིན་དད་པའི་སོར་མོ་ སྙིང་ཁར་སྦྱར་ནས་གསོལ་འདེབས་དང་འགྱོད་བཤགས་བྱས།

ཚུལ་ཁྲིམས་ཀྱི་ སེམས་སུ་“དུས་རབས་ཀྱི་འཕོ་འགྱུར་མི་ཤེས་བའི་བླ་རྒན་འདི་ཚོ། ཀླད་པའི་ནང་དུད་དྲག་ཆགས་འདུག་”ཞེས་ཡིད་ལ་ཤར་རུང་ངག་ལས་ག་ལ་ཕུད་ཐུབ།

དེ་འདྲའི་གཅར་རྡུང་རེའི་རྗེས་སུ་ཚུལ་ཁྲིམས་ལ་དགོན་པ་རུ་འདུག་འདོད་གཏན་ནས་སྐྱེས་ཀྱིན་མེད་ནའང་། དྲིན་ཅན་ཕ་མ་གཉིས་ཀྱི་རེ་འདོད་སྤར་མོ་གང་བོ་ཡིད་ལ་བཟུང་ནས་བཟོད་བསྲན་བྱེད་ ཀྱིན་ཡོད། དེ་ནས་བཟུང་ཨ་ཁུ་རྒྱ་མཚོས་ཚུལ་ཁྲིམས་ལ་དྲག་པོའི་རྡུང་འདེགས་དང་ཞི་བའི་བསླབ་ བྱ་ལ་བརྟེན་ནས་སྟོན་པའི་རྗེས་འཇུག་ཡང་དག་ཞིག་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།

“དགེ་ཕྲུག་གང་ལ་འགྲོ།” ཚུལ་ཁྲིམས་ཀྱི་འགྲུལ་འཁོར་ནང་གི་འདུག་རོགས་འབྲོག་པ་དེའི་ཁ་གྲགས་བྱུང་།

“ལྷ་ས་ལ་འགྲོ་”

“ཅི་བྱེད་དུ་འགྲོ་”

“སློབ་སྦྱོང་ལ་འགྲོ་”ཞེས་ཚུལ་ཁྲིམས་ཀྱིས་ལན་སྟབས་བདེ་ཞིག་བཏབ།

“འོ་ བྱ་བ་ཡག་པོ་རེད། དེང་སང་བླ་མ་དང་གྲྭ་བ་མང་པོ་གྲོང་ཁྱེར་ནང་ཁྱི་ལྡོམ་ལྟར་མྱུལ་ནས། གཞན་ལ་མགོ་གཡོགས་མགོ་སྐོར་བྱས་ནས་མཛེས་མ་དང་སྒོར་མོ་མང་པོ་གཡོ་ཐབས་ལ་བརྟེན་ནས་ལེན་གྱིན་འདུག ངོ་མ་སངས་རྒྱས་བསྟན་པའི་ཞབས་འདྲེན་རེད།”ཞེས་འབྲོག་པ་དེའི་ཡིད་ཕམ་པའི་ཚུལ་གྱིས་བཤད་བྱུང་། ཕར་ལྟས་ཚོད་ལ་འབྲོག་པ་དེའི་ཡོན་ཚད་དང་བསྟན་པ་ལ་ཆ་རྒྱུས་ཆེ་བར་ལྟས་ན་གྲྭ་ས་ནས་སྐྱ་སར་བབས་པ་ཞིག་ཡིན་པ་ཤེས་ཐུབ།

“ངོ་མ་དེ་འདྲ་རེད། དེང་སང་བླ་རྫུན་དང་གྲྭ་རྫུན་མང་པོས་ས་སྟེང་གང་ནས། སངས་རྒྱས་ཀྱི་བསྟན་པ་སྒོར་མོ་སྡུད་བྱེད་ཙམ་དང་། གཞན་ལ་གནོད་པ་སྒྲུབ་བྱེད་ཀྱི་རྒྱུ་རུ་འགྱུར་བཞིན་འདུག་”ཞེས་ཚུལ་ཁྲིམས་ཀྱིས་ འབྲོག་པ་དེའི་སྐད་ཆ་ལ་ཁ་སྣོན་ཙམ་བྱས།

སྤྱིར་ ཚུལ་ཁྲིམས་ནི་ཚན་ཉིད་རིག་པའི་ཕྱོགས་ལ་ལྟ་རྒྱུར་དགའ་བས། ཁོའི་མི་གཤིས་ནི་ཟོལ་རྫུན་དང་གསོག་གསོབ་ལ་དགའ་བོ་མེད། ཁོ་གཉིས་ཀྱིས་ཁ་བརྡ་མང་པོ་བྱས་ནས་ལམ་ཐག་རིང་གཏམ་གྱིས་གཅོད་ཅེས་པ་ལྟར་ཡུན་ རིང་ཕྱིན། དྲག་ཏུ་རྒྱུགས་བཞིན་པའི་འགྲུལ་འཁོར་དེ་གླང་སྨྱོན་ཞིག་དང་འདྲ་བར། ལ་ལུང་དང་གྱ་གྱོག་མང་པོ་བརྒྱུད་ནས་མདུན་དུ་སྐྱོད་ཀྱིན་ཡོད་པ་དང་། ཚུལ་ཁྲིམས་ཀྱི་སེམས་ཀྱི་ལྗིད་ཏིག་ཏིག་གི་ཁུར་པོ་དེ་ཡང་ཇེ་ལྕི་ནས་ཇེ་ལྕི་ལ་ འགྲོ་བཞིན་ཡོད་པའི་སྣང་བ་ཞིག་སྐྱེས།

ཁ་སང་ཚུལ་ཁྲིམས་དགོན་པའི་ ངལ་གསོ་དང་བསྟུན་ནས། ཁྲོམ་ལ་འཆམ་འཆམ་དུ་སོང་བ་ན་གློག་བརྙན་ཁང་ཞིག་ལས་གསལ་དག་ལྡན་པའི་བོད་སྐད་ ཀྱི་བརྙན་འཕྲིན་ཞིག་སྟོན་བཞིན་འདུག ཚུལ་ཁྲིམས་ལ་ལྟ་འདོད་ཀྱི་འདུན་པ་ཤུགས་དྲག་དུ་སྐྱེས་ནའང་དགོན་པའི་འགྲིག་ ཁྲིམས་དང་ཨ་ཁུ་རྒྱ་མཚོའི་བཙན་ཚུགས་ཡིད་ལ་ཤར་ནས། གོམ་པའི་འདེགས་འཇོགས་གཞན་ཕྱོགས་སུ་བསྒྱུར། ཡིན་ནའང་སྒྲ་བསྐྱེད་ལས་མཆེད་འོང་བའི་བརྩེ་དུང་གི་འགྱུར་ཁུག་དང་། མི་སྣའི་ཁ་བརྡ་དག་གིས་ཁོ་རང་དབང་མེད་པར་བརྙན་འཕྲིན་ཁང་དེའི་ནང་འཛུལ་དུ་བཅུག སྤྱིར་དགོན་པའི་ཁྲིམས་ཡིན་ན་གྲྭ་བ་ཞིག་གིས་ཁྲོམ་ནས་བརྙན་འཕྲིན་ལ་ལྟ་བ་དང་། དྲ་ཁང་ནས་རོལ་རྩེད་བརྩེ་བ་སོགས་གྲོང་བ་སུན་འབྱིན་པའི་བྱ་བ་བྱས་ཚེ། ཚོགས་དབུས་ནས་དགེ་བསྐོས་ཀྱིས་དབྱུག་པ་གྲངས་ཚད་ལོན་པ་རྒྱག་སྲོལ་ཡོད། ཚུལ་ཁྲིམས་ལྟད་མོ་ལ་གཡེང་ནས་ཡོད་པའི་སྐབས་སུ་སྟབས་མི་ལེགས་པ་ཞིག་ལ་དགོན་ པའི་དོ་དམ་པ་འགའ་ནང་དུ་སླེབ་ཡོང་། ཕྱི་དྲོ་དེར་ཚུལ་ཁྲིམས་བློ་མི་བདེ་བའི་ངང་བསམ་བློ་མང་པོ་བཏང་བ་རེད། སྤྱིར་དགོན་པའི་འགྲིག་ལམ་དང་འགལ་ན་དགེ་བསྐོས་ཀྱིས་ཚོགས་པའི་དབུས་ནས་གཅར་ རྡུང་དྲག་པོ་བྱེད་པ་དང་། ཨ་ཁུ་རྒྱ་མཚོས་ཤེས་ན་གྲྭ་ཤག་ནས་ཀྱང་གཅར་རྡུང་སྐོར་གསུམ་བྱེད་ངེས། སྤྱིར་ཁོ་དགོན་པའི་འཚོ་བ་དང་གྲྭ་བའི་མི་ཚེ་ལ་སུན་སྣང་སྐྱེས་བཞིན་ཡོད་ལ། དོན་དག་འདིས་རྐྱེན་བྱས་ནས་ཚུལ་ཁྲིམས་དགོན་པ་ལས་འབུད་རྒྱུའི་སེམས་ཐག་བཅད་པ་རེད།

འགྲུལ་འཁོར་དྲག་ཏུ་རྒྱུགས་པ་དང་བསྟུན་ནས་ལམ་འགྲམ་གྱི་གློག་ སྡོང་དང་། དེའུ་འབུར་སོགས་སྐྱེ་དངོས་མང་པོ་རྒྱབ་ཏུ་བསྐྱུར་བཞིན་ས་སྲོད་ཀྱི་དུས་སུ་ གཞི་ནས་གཙོས་གྲོང་ཁྱེར་ལ་སླེབས་སོང་། ཚུལ་ཁྲིམས་འགྲུལ་འཁོར་ལས་བབས་ཏེ་མགྲོན་ཁང་ཞིག་ཏུ་ཐོ་བཀོད་ནས་བསྡད་རྗེས། གཟན་ཤམ་ཕུད་དེ་སྐྱ་ཆས་གྱོན་ཏེ་སྒོར་བུད་པ་ན་མུན་ཡོངས་སུ་རུབ་འདུག གྲོང་ཁྱེར་གྱི་མཚན་མོ་ནི་ཉིན་དཀར་ལས་ཀྱང་འདུ་འཛི་ཆེ་བ་ཞིག་རེད། ཁོའི་ཡིད་ལ་བཤད་མི་ཤེས་བའི་སྐྱོ་སྣང་ཞིག་སྐྱེས། ཚུལ་ཁྲིམས་ཀྱིས་ལྗིད་ཏིག་ཏིག་གི་གོམ་པ་སྤོ་མ་འདྲུད་ཀྱིས་སྲང་ལམ་ཆུང་ཆུང་ ཞིག་བརྒྱུད་དེ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད། གློག་དམར་དཀར་ཡོད་པའི་ཁང་བ་དེ་དག་གི་སྒོ་ཁ་ན་འབྲོག་པ་མང་པོ་ཕར་འགྲོ་ཚུར་ འགྲོ་བྱེད་ཀྱིན་འདུག ཚུལ་ཁྲིམས་ཀྱི་སྙིང་ལྟིག་ལྟིག་ཏུ་ལྡིང་བཞིན་གྲུ་ག་ཞིག་ནས་བལྟས་ཏེ་བསྡད། ལམ་འགྲམ་གྱི་སྡོང་བོ་དེ་དག་གློག་འོད་འོག་ན་ཚུལ་ཁྲིམས་ཀྱི་ཨ་ཕའི་རྒྱབ་གཟུགས་བཞིན་ཐུར་དུ་གུག་འདུག་ལ། དགུན་གྱི་རླུང་བུ་ལྡོམ་པོས་རེག་ཙམ་བྱས་ཚེ་འདར་སིག་སིག་བྱེད་ཀྱིན་འདུག    ཅུང་ཙམ་འཕྲོ་ཁ་བའི་འདམ་མ་འགའ་ལྷུང་ཡོང་། ཚུལ་ཁྲིམས་ལ་གྲང་སྣང་ཞིག་སྐྱེས་ཏེ་སྟོད་ལྭའི་གོང་བ་ནས་འཐེན་ཙམ་བྱས། རིམ་བཞིན་གཅིག་རྗེས་གཉིས་མཐུད་དུ་ལྷུང་ཡོང་བའི་ཁ་བ་དག་ཁོའི་ངོ་གདོང་བརྒྱུད་ནས་ས་ལ་ཟགས། ལམ་གཞུང་དང་ལམ་འགྲམ་གྱི་རྡོ་ གཅལ་ཐོག་ཏུ་དཀར་སོབ་སོབ་ཀྱི་ཁ་བ་དེ་ཨ་མའི་སྐྲ་ལོ་ལྟར་འཁྱིལ། ཚུལ་ཁྲིམས་ལ་ལྷག་ཏུ་གྲང་སྣང་ཞིག་སྐྱེས་ཏེ་སྡོད་མི་ཚུགས་པར་གྱུར། ཡུན་རིང་ཞིག་འགོར་རྗེས་མི་ཚོགས་ཇེ་ཉུང་དུ་སོང་། ཚུལ་ཁྲིམས་ཀྱིས་གོམ་པ་མདུན་དུ་སྤོས་ནས་སོང་བ་ན་ཤེད་ཤུགས་ཡོད་ཚད་ཟད་འདུག་པ་ ལྟ་བུའི་ཚོར་སྣང་ཞིག་སྐྱེས། ཁོས་མུ་མཐུད་དུ་གོམ་པ་འགའ་སྔུན་ལ་སྤོས་ཀྱང་རྒྱབ་ཕྱོགས་ན་ཅི་ཞིག་གིས་འཐེན་ ཡོད་པ་ལྟར་མདུན་སྐྱོད་ཀྱི་ཤུགས་ཡོངས་སུ་ཟད་འདུག ཁོའི་སེམས་སུ་ཅི་ཞིག་ལྷག་སོང་བ་ལྟར་ཁ་ཕྱིར་འཁོར་ནས་གྲུ་ག་དེར་ཡོང་། ཁོར་ཡུག་དེ་ནི་སྟོང་སང་སང་ཞིག་དང་འཁྱག་སིབ་སིབ་ཞིག་རེད། ཁོ་ཅི་ཡིན་འདི་ཡིན་མེད་པར་རེ་ཞིག་གནས་དེར་ཧད་ནས་ལུས། ཡང་བསྐྱར་ཁོའི་སེམས་ནང་དུ་དགོན་པའི་འཚོ་བའི་སུན་སྣང་དང་གྲྭ་བའི་མི་ཚེའི་ སྐྱོ་སྣང་ཤར་ཡོང་། སྟོགས་ཤུགས་དྲག་པོ་ཞིག་གིས་ཁོ་ཁ་ཕྱིར་འཁོར་ནས་མདུན་དུ་ཤུགས་ཀྱིས་སྐྱོད། གློ་བུར་དུ་རྒྱབ་ཕྱོགས་ནས་མི་ཞིག་གིས་བོས་བྱུང་། ཁོས་ཁ་ཕྱིར་འཁོར་ནས་ལྟས་དུས་ནག་ཡོར་ཡོར་གྱི་གྲིབ་གཟུགས་ཆེ་ཆུང་གཉིས་ཁ་བའི་ ཁྲོད་དབུགས་སྟོད་ལ་འཚང་བཞིན་རྒྱུགས་འོང་གིན་འདུག

 

qrcode_for_gh_24a680a08df5_430(1)

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།