ཡུགས་ས་མ་དེ་དྲན་དུས་སྟོན་མཇུག་ཡིན།

བརྩམས་སྒྲུང་། — རྣོ་སྦྲེང་།

4aea14ccg760fb0620b06&690
  1

“ཡུགས་ས་མ་ཚང་ལ་འགྲོ་མི་རུང་། སྣ་ནག་མ་དེ”
“ཡུགས་ས་མའི་ཉེ་སར་མ་བཏུད།  གྲིབ་ཕོག་འགྲོ”

ཆུང་ཆུང་བྱིས་པའི་དུས་ནས་ཡུལ་མི་དག་གིས་ཁོ་མོ་བས་མཐའ་རུ་དེད་ཡོད་པས། ངས་ཁོ་མོ་བཀྲ་མི་ཤིས་པའི་མཚོན་བྱེད་ཅིག་ཡིན་པ་ལས་ཅི་ཞིག་ལ་ཡུགས་ས་མ་ཟེར་བ་དང་ཡུགས་ས་མ་ཟེར་བ་ཅི་ཞིག་ཡིན་པ་མི་ཤེས། ལན་རེར། ཁོ་མོ་ནི་ཨ་མྱེས་ཀྱིས་རང་ལ་རྒྱུན་དུ་བཤད་མྱོང་བའི་མགར་བ་སྟོབས་རྒྱལ་ལྟ་བུའི་རིགས་རུས་མི་གཙང་བ་ཞིག་ཡིན་སྙམ་ཤར།  གང་ལྟར་ང་ཡུགས་ས་མ་དང་འབྲེལ་འདྲིས་ཟབ་མོ་བྱུང་དུས་ནི་སློབ་ཆུང་ལོ་རིམ་བཞི་བའི་དབྱར་གནང་གི་སྐབས་ཤིག་སྟེ། ང་རང་འབྲོག་ལ་སོང་བའི་དུས་ཡིན། 
    ང་ཚོའི་སྡེ་བ་ནི་རོང་འབྲོག་གཉིས་འཛོམས་ཀྱི་སྡེ་བ་ཞིག་ཡིན་པས།  ཁྱིམ་མི་ལྷན་འཛོམས་བྱུང་རྒྱུ་ཤིན་ཏུ་དཀའ་ལ། བཟའ་མི་ཚང་མ་ཡར་བགོ་མར་བགོ་བྱས་ཏེ་སོ་སོའི་ལས་ཀའི་ཐད་ལ་ཉིན་མ་སུམ་བརྒྱ་དྲུག་ཅུར་མ་ཁོམ་པར་འདུག་དགོས་པས་ང་ཡང་གལ་ཏེ་སློབ་གྲྭར་སོང་མེད་པའི་དབང་དུ་བཏང་ཚེ། རོང་ནས་ཞིང་འདེབས་པའམ།  འབྲོག་ནས་ལུག་བ་དང་ཟོག་བ་གང་རུང་ལ་འགྲོ་དགོས་ཐག་གིས་ཆོད། ཅི་ལྟར་བཤད་ཀྱང་། ངའི་དབྱར་གནང་དང་དགུན་གནང་གི་འཚོ་བ་མང་ཆེ་ཤས་འབྲོག་པ་ནས་བསྐྱལ་ཡོད་པས།  རང་ཉིད་སོང་མྱོང་བའི་རྐང་ལམ་དང་། ལྷག་པར་དུ་ང་རང་རྟག་དུ་སྡུག་ལ་གཏད་མྱོང་བའི་འབྲི་མོ་ཝ་མོ།  ད་དུང་ཁོ་མོ་སྟེ་ཡུགས་ས་མ་ཚེ་རིང་སྒྲོལ་མ་སོགས་ནི་ཁོ་བོའི་དྲན་ཤིང་ཉག་གཅིག་ཡིན།

དུས་ད་ལྟ་ཕྱིར་འདང་བརྒྱབ་ན། གལ་སྲིད་འབྲི་མོ་ཝ་མོ་མེད་ཚེ་ངས་ཚེ་རིང་སྒྲོལ་མ་ངོ་ཤེས་མི་སྲིད་ལ། ངས་ད་ལྟ་ཤེས་མེད་ཚོར་མེད་ཀྱིས་ཁོ་མོ་དྲན་དོན་དགོས་ཀྱང་མེད།
ཉིན་མོ་དེར། ངེད་ཚང་གི་ཨ་ཡེ་རྒན་མོའི་རྐང་བ་རབ་ཏུ་ན་བས་ཞིང་གྲོང་གི་རྐང་རྗེན་སྨན་པ་ཞིག་གི་སར་སྨན་ལེན་དུ་འགྲོ་དགོས་བྱུང་ཞིང་། གལ་ཏེ་རྐང་རྗེན་སྨན་པ་ལ་སྨན་བཅོས་བྱེད་ཐབས་མེད་ན་ཡུལ་ཚོ་སྲིད་གཞུང་གི་འཕྲོད་སྟེན་ཁང་དུ་འགྲོ་དགོས་པས་གཅིག་བྱས་ན་ཉིན་མ་འགའ་ལ་ཡོང་མི་ཐུབ། ནམ་རྒྱུན་ལས་ཀ་མ་བྱས་ཚེ་བདེ་སྣང་མེད་པའི་ཨ་ཡེ་རྒན་མོས། ཁྱེད་ཀྱིས་སྲ་ལ་བྱོས། ཟ་རྒྱུའི་བྲོ་འདི་དང་ཟོག་འདེད་སའི་ཡུལ་གན་སོགས་གཅིག་གཅིག་གཉིས་གཉིས་ཀྱིས་ཡང་དང་འོར་གྱིས་ང་ལ་མངག་བཅོལ་བྱས་རྗེས་ལག་རྟེན་ལ་ཁེན་ནས་བུད་སོང་།

མཚན་མོ་དེར། ངས་ནོར་ལྷས་ར་བཅུག་ཅིང་ཨ་ཡེ་རྒན་མོས་གྲ་སྒྲིག་བྱས་ཚར་ཡོད་པའི་བྲོ་ཁ་ཟས་རྗེས། དཀར་མེའི་འོད་གསལ་ལ་མི་གསལ་བའི་ས་ཁང་ཞིག་གི་ནང་དུ་ཡིད་ལ་འཇིགས་རུང་གི་དོན་དག་སྣ་ཚོགས་དྲན་དེ་ཡུན་རིང་འགོར། ལན་རེར་ཨ་མྱེས་གནའ་གཏམ་ཁྲོད་ཀྱི་འདྲེ་སྲིན་དེ་དག་རང་གི་ཉེ་འགྲམ་ན་ཡོད་པ་འདྲ་ལ། མཚམས་རེར་ཨ་ཕས་སྐྱེས་ཕོ་མཐེ་བོང་འདྲ་ཞིག་ལས་མེད་རུང་སྐྱེས་ལྷས་སྲུང་ཡོད་པས་སུ་དང་གང་གིས་ཀྱང་གནོད་བྱེད་མི་ཐུབ། ཐ་ན་ས་སྟོང་ལུང་སྟོང་ནས་སྤྱང་ཀི་ཞིག་ལ་འཕྲད་པའི་དབང་དུ་བཏང་ན་ཡང་། སྐྱེས་མ་རྟ་རྒན་འདྲ་ཞིག་ལས་བུ་ཆུང་མཐེ་བོང་འདྲ་ཞིག་གི་སྐད་སྒྲ་ལ་སྐྲག་ཅེས་ང་ལ་སྙིང་ཕུར་རྡེབ་ཀྱིན་ཡོད་པ་དང་མཚུངས། མཚན་མོ་དེར་བྱིས་པའི་རྟོག་པའི་འཇིག་རྟེན་ལ་འཁྱམ་དྲག་པས་ཞོགས་ཀར་གཉིད་ལ་ཤོར་ཞིང་། གཉིད་ལས་སད་དེ་སྒོར་ཕྱིན་དུས་རི་ལུང་སྨུག་པས་གཡོགས་ཡོད་ལ་ཆར་བ་ཡང་ཤག་ཤག་འབབ་ཀྱིན་འདུག

ཉག་ག་ཞོལ་མ་ནས་ཀི་སྒྲ་ཞིག་མཆེད་འོང་།
“ཀི་་་་་་་ཨ་ཡེ་གདུགས་དཀར་མཚོ།  ཨ་ཡེ་གདུགས་དཀར་མཚོ།”
“ཀི་་་་་་་ཨ་ཡེ་གདུགས་དཀར་མཚོ།  ཨ་ཡེ་གདུགས་དཀར་མཚོ།  ཁྱེད་ཚང་གི་ནོར་བཞུར་ཐལ”ཅེས་སྐད་རྒྱག་གིན་འདུག  ང་རང་སྐྲག་མ་དངངས་ཀྱིས་ནོར་ལྷས་སུ་ཕྱིན་པ་ལ་ཟོག་ཉ་ཉོག་འགའ་ལས་མི་འདུག་པས། ཀི་འདེབས་ཀྱིན་པའི་ཉག་ག་ཞོལ་མའི་ཕྱོགས་སུ་བརྒྱུགས།
“ཨ་རོ། ཉི་མ་ཡིན་ནམ། ཁྱེད་ཚང་གི་ཨ་ཡེ་གང་ལ་བུད་སོང་། ང་མིན་རྒྱུ་ན་ཁྱེད་ཚང་གི་ནོར་ས་ཐག་རིང་ཡུལ་དགུ་ཞིག་བཞུར་རྒྱུ་རེད་ཟེར།”
“ཨ་རྒྱ་ཟླ་བ། ཨ་ཡེ་རྐང་བ་ན་བས་ཡུལ་ལ་སྨན་པར་སྟོན་དུ་བུད་སོང་། ང་གཅིག་པུ་མ་གཏོགས་མེད།”
“ཨ་ལས་ངན་པོ། ཁྱོད་ཀྱིས་ཟོག་རྫི་ཐུབ་ཀྱིན་མེད་ཀ”
ང་རང་ཁ་རོག་བསྡད་དེ་ཅི་ཡང་མ་སྨྲས།
“ཁྱེད་ཚང་གི་འབྲི་རྒན་མ་གཅིག་གི་རྗེས་ལ་མི་ཆོད་ཀི  ཁྱོད་རེམ་པར་སོང་། དམག་བཤར་གྱི་ཕྱོགས་ལ་བྲོས་ཐལ་ཟེར།”
ངས་མིག་ཟུང་གིས་ཁོས་བཀག་ནས་ཡོད་པའི་ནོར་ཁྱུ་ལ་བལྟས་པ་ན།  ཁོས་ངའི་ཞེ་འདོད་རྟོགས་སོང་བ་འདྲ་སྟེ། 
  “ད་རེམ་པར་འབྲི་མོ་དེ་བཙལ་དུ་སོང་། ཤུལ་ལ་ཁྱོད་ཀྱིས་སེམས་ཁུར་བྱེད་མི་དགོས་”ཟེར།  ང་རང་དེ་མ་ཐག་རི་བོ་དམག་བཤར་གྱི་ཕྱོགས་སུ་འགྲོ་སྐབས། སྨུག་པས་གཡོག་སྟེ་གསལ་ལ་མི་གསལ་ཞིག་མ་གཏོགས་མི་མཐོང་བའི་ཨ་རྒྱ་ཟླ་བས། “ཉི་མ། མགོ་འཁོར་དུ་མ་འཇུག   མི་རྙེད་ན་སྡེ་བའི་རུ་སྐོར་ནང་ལ་སོང་ནས་ཕྲིས། ཤུལ་ལ་ཁ་ཡ་བྱེད་མི་དགོས”ཞེས་བསྐྱར་བཤད་ཅིག་བརྒྱབ་པ་ལ་ངས་ཡ་ལན་གསལ་ལ་མི་གསལ་བ་ཞིག་བྱིན་རྗེས་སྔར་བཞིན་དམར་བཤར་གྱི་ཕྱོགས་སུ་བརྒྱུགས།

དམར་བཤར་ནི་ང་ཚོའི་སྡེ་བའི་དབྱར་སའི་ཁྲོད་ཀྱི་རྩ་ཆུ་འཛོམས་པའི་ས་མིང་ཆེན་ཞིག་སྟེ། རི་བོ་དེའི་ཆགས་དབྱིབས་དམག་བསྟར་ཕྲེང་སྒྲིག་པའམ་བཤར་བ་ལྟར་ཡོད་པས་མི་ཚང་མས་དེ་ལ་དམར་བཤར་ཅེས་འབོད་ཀྱིན་ཡོད། ངའི་སེམས་སུ་བྲོས་སོང་བའི་འབྲི་མོ་དེ་ཝ་མོ་ཡིན་པར་ཐག་བཅད་ལ། ང་རང་འབྲོག་པ་ལ་ཡོང་ཐེངས་རེ་འབྲི་མོ་ཝ་མོས་ང་རང་སྡུག་ལ་གཏད་པ་ཉུང་ཉུང་མིན། འབྲི་མོ་ཝ་མོ་ནི་ངས་འབྲི་མོ་དམར་ཐོ་མ་དེ་ལ་བཏགས་པའི་མཚང་མིང་ཡིན་ཞིང་། འབྲི་མོ་དམར་ཐོ་མ་དེ་ལ་གཡོ་སྒྱུ་ཤིན་ཏུ་ཆེ་བས་ངས་དེ་ལ་ཝ་མོ་ཞེས་བཏགས་ཡོད་ཅིང་། ངེད་ཚང་གི་ཁྱིམ་མི་ཚང་མས་ཀྱང་འབྲི་མོ་དེ་ལ་ཝ་མོ་རུ་འབོད་ཀྱིན་ཡོད།

སྨུག་པ་སྔར་ལས་འཐིབས་པས་དོན་དམ་དུ་ངས་རང་ཉིད་གང་ལ་འགྲོ་བཞིན་པ་དང་། ཡང་ན་རང་ཉིད་གྱི་འགྲོ་སའི་མདུན་ཕྱོགས་ནི་དམར་བཤར་ཡིན་མིན་ཀྱང་མི་ཤེས། ཡིན་ནའང་། ང་སྔར་བཞིན་སྔོན་ལ་མུ་མཐུད་དུ་སོང་། ཆར་བ་སྔར་ལས་བབས་ཤིང་སྨུག་པ་སྔར་བཞིན་འཐིབ་པས། རང་གི་ལུས་པོ་ཡོངས་རྫོགས་ཆར་བས་བརླན་ཞིང་། ལྷམ་གྱི་ནང་ཡང་ཆུ་ཡིས་བཀང་བས། གོམ་པ་རེ་རེ་བཞིན་སྤོས་བ་དང་བསྟུན་ཆུའི་ཉོག་སྒྲ་མཚམས་མེད་དུ་གྲགས་འོང་། ཝ་མོ་བོར་བར་དོགས་པས་ངས་ལྟོགས་སྣང་ཡོངས་སུ་བརྗེད་ན་ཡང་། བརླན་གཤེར་གྱིས་ཟིན་པའི་བརླ་ཤ་གཉིས་ཕན་ཚུན་ལ་བརྡར་རྒྱུ་མང་དྲགས་པས་ཟ་འཁྲུག་དྲག་པོ་བསླངས་ཡོང་། དེ་ལྟར་ཁ་ནང་ལ་ཟས་ཁམ་གང་ཡང་མ་ཡོང་བར་ཉིན་ཧྲིལ་བོར་སོང་ན་ཡང་། འབྲི་མོ་ཝ་མོ་རྙེད་པ་ལྟ་ཞོག  ལྟོས་ཚོད་ལ་ས་ཡང་རུབ་ལ་ཉེ་བ་དང་ཤར་ལྷོ་ནུབ་བྱང་གི་ཕྱོགས་ཕྲ་མོ་ཙམ་ཡང་མི་ཤེས་པས། འཇིགས་སྐྲག་དང་དངངས་སེམས་ཚད་མེད་སྐྱེས་ཏེ་ཤུགས་ཀྱིས་ཕེ་འདེབས་ཞོར་དང་སྔུན་ལ་འགྲོ་ཞོར་བྱས།
ཤག་་་་་་ཤག་་་་་་་་མི་ཞིག་གི་གོམ་སྒྲ་ཐོས་བྱུང་།  ངས་གདོང་གི་ཆུ་ཐིགས་དང་མིག་ཆུ་ལྷན་དུ་འབྱིད་ཞོར་མདུན་ཕྱོགས་ལ་གསལ་བོར་བལྟས་པ་ན།  སྨུག་ལོང་གི་ཁྲོད་ན་མི་ཞིག་ཚུར་ལ་ཡོང་གིན་ཡོད་པ་འདྲ།  ང་རང་ངུ་ཞོར་དུ་སྔུན་ལ་བརྒྱུགས་པ་ན། ཨ་ཙི། མི་དེ་ནི་ངས་རྒྱང་རིང་ནས་མ་གཏོགས་རྩིབ་ལ་བཅར་མ་མྱོང་བའི་ཁོ་མོ་སྟེ། ཡུགས་ས་མ་ཚེ་རིང་སྒྲོལ་མ་རེད་ཨང་། སྐབས་དེར་ང་རང་འཇིགས་དངངས་དང་། ལྟོགས་སྐོམ་གྱིས་མནར་ཡོད་པས་རྣམ་རྟོག་ཟ་དགོས་པ་དེ་གཏིང་བརྗེད་དུ་གྱུར་ཞིང་། ཁོ་མོའི་འཁྲིས་སུ་སོང་བ་ན། ཁོ་མོས་དྲོད་འཇམ་གྱི་ལག་པས་ང་རང་བཟུང་སྟེ།
“ཉི་མ། ཅི་བྱུང་སོང” 
“ ནོར་བཞུར་སོང་ངམ”ཁོ་མོས་ང་ལ་བྱམས་པའི་ངག་གིས་ཡང་དང་བསྐྱར་དུ་དྲིས་ན་ཡང་ངས་ཅི་ཡང་མ་ལབ། ཁོ་མོས་ཆར་ཆུས་སྦངས་པའི་ངའི་གདོང་ལ་ལྟ་བཞིན་སྙིང་རྗེ་གཏིང་ནས་སྐྱེ་བཞིན་ཡོད་པ་འདྲ་སྟེ། ས་རུབ་ཡོད་པའི་ཁར་སྨུག་ལོང་ཡང་དྲག་པོ་འཐིབས་ཡོད་པས། དོ་ནུབ་ཁྱེད་རང་འགྲོ་ཨེ་ཐུབ་བའམ་ཞེས་མིག་ཟུང་ལས་སེམས་ཁྲལ་གྱིས་ཉམས་ཤིག་མངོན་ཏེ་བཤད། ངས་སྔར་བཞིན་ཅི་ཡང་མ་བཤད།
“ཁྱོད་ཀྱིས་ཟ་མ་ཨེ་ཟོས།”
ངས་མགོ་བོ་འཕྲེད་དུ་གཡུགས།
“འགྲོ   འུ་གཉིས་ངེད་ཚང་ལ་འགྲོ”
ཁྱེད་ཚང་གི་རུ་འདི་ནས་ཐག་ཤིན་ཏུ་རིང་བའི་ཁར་སྨུག་ལོང་འཐིབས་ཡོད་པས་དོ་ནུབ་འུ་གཉིས་ཕྱིན་ཀྱང་མགོ་འཁོར་རྒྱུ་རེད་ཅེས་ང་རང་ཁྲིད་ནས་ཁོ་མོ་ཚང་ལ་བུད་སོང་།

ལམ་བར་དུ་ངའི་ཡིད་ལ་དོན་དག་སྣ་ཚོགས་ཤིག་དྲན་ཡོང་སྟེ། མི་ཚོས་ཁོ་མོ་ལ་ཡུགས་ས་མ་ཞེས་རིག་ས་མེད་པ་ཅི་ཡིན་ནམ། ཡུགས་ས་མ་ཞེས་པ་ཅི་ཞིག་ཡིན་ནམ། ཨ་མྱེས་བཤད་མྱོང་བའི་གནའ་གཏམ་དེའི་ཁྲོད་ཀྱི་གདོན་འདྲེ་ཞིག་ཨེ་ཡིན་ནམ།
ཡིན་ན་ཡང་དོ་ནུབ་ཁོ་མོར་མ་གཏོགས་སྐྱབས་རེ་ས་མེད་པ་དང་། ལྟོས་ཚོད་ལ་ཁོ་མོས་ང་རང་སེམས་ཀྱིས་སྙིང་རྗེ་བཞིན་ཡོད་པ་འདྲ་བས་རང་ཉིད་ལ་མ་མཐའ་ཡང་གནོད་པ་བྱེད་མི་སྲིད་སྙམ། ངས་དེ་ལྟར་ཡིད་ལ་མི་དྲན་དགུ་དྲན་བྱེད་ཀྱིན་ཡོད་ནའང་། ཁོ་མོས་ཅི་ལྟར་ཚོར་སྲིད་དེ་ད་དུང་ང་ལ་བརྩེ་བའི་ངག་གིས་དོ་ནུབ་སྨུག་ལོང་ཁྲོད་མགོ་འཁོར་སྲིད་པས་སང་ཉིན་སྔ་སེ་ངས་ཁྱེད་རང་ཡུལ་ལ་བསྐྱལ་ཅེས་ལབ་ཀྱིན་འདུག

ཡུགས་ས་མ་ཚེ་རིང་སྒྲོལ་མའི་འབྲོག་ཁང་ཡང་ངེད་ཚང་གི་འབྲོག་ཁང་དང་ཁྱད་པར་ཆེན་པོ་ཅི་ཡང་མི་འདུག་སྟེ། གོ་ཁའི་ཡར་བཞག་ལ་སྐུ་འདྲ་ཞིག་བཞག་ཡོད་ཅིང་དེའི་མདུན་ལ་མཆོད་པ་བཤམས་ཡོད་པས།  ངའི་སེམས་ལ་ཁོ་མོ་ཨ་མྱེའི་གནའ་གཏམ་ཁྲོད་བཤད་མྱོང་བའི་གདོན་མོ་དེ་འདྲ་ཞིག་མིན་པ་སེམས་ཐག་ཆད།
“ཉི་མ་ཁྱེད་རང་གོ་ཁ་ནས་ཅུང་སྒུགས་དང་ངས་མེ་འབུད”ཅེས་བྲེལ་བྲེལ་འཚུབ་ཀྱིས་སུ་རུ་དང་ཨོང་བ་སླེ་བོ་གང་ཁྱེར་འོང་སྟེ་མེ་ཁ་གསོས་ཤིང་། གོ་ཁའི་ཡར་བཞག་ལ་གདན་ཞིག་བཏང་རྗེས་“ཁྱེད་ཀྱིས་ལྷམ་དང་རྒྱབ་ལྭ་ཕུད་ལ་ཐོངས་”ཞེས་ངའི་རྐང་མགོའི་ལྷམ་དང་རྒྱབ་ལྭ་ཕར་ལ་ལེན་ཞོར་ང་ལ་ལག་ཕྱིས་ཤིག་ཚུར་གཏད།
ཐབ་ཀའི་ནང་དུ་མེ་ལྕེ་ལྷབ་ལྷབ་འབར་བཞིན་འདུག  ངས་བླུགས་མ་ཐག་པའི་ཇ་ཚ་རྒྱག་བྱེད་ཞོར་སྔུན་ལ་བཞག་ཡོད་པའི་ཀོ་རེ་རྒྱག་ཚད་ཅིག་ཟས་རྗེས་ལུས་ཕུང་ཡོངས་རྫོགས་ལ་ཡང་དྲོད་ཅུང་ཙམ་རྒྱས་ཤིང་ཚོར་བ་ཞིག་ལ་གདོང་བ་ཤིན་ཏུ་དམར་པོ་ཆགས་འདུག་པ་འདྲ།

“ཁྱེད་ཚང་གི་ནོར་བཞུར་སོང་ངམ”ཞེས་རླངས་པ་འཕྱུར་བཞིན་པའི་ངའི་རྒྱབ་ལྭ་དེ་མེ་ལ་བསྲོ་ཞོར་དེ་ལྟར་དྲིས། 
 “མིན། ངེད་ཚང་གི་འབྲི་མོ་ཝ་མོ་བྲོས་སོང་བས་ང་དེ་བཙལ་དུ་ཡོང་ཚུལ་དང་ཨ་ཡེ་རྐང་བ་ན་ནས་ཡུལ་ལ་བུད་སོང་རབས། ཞོགས་ཀ་ནས་ཁོ་མོ་ལ་ཐུག་གི་བར་གྱི་གནས་ཚུལ་ཐམས་ཅད་དབུགས་ཐེངས་གཅིག་གིས་”བཤད། 
 བལྟ་ཕྱོགས་ཤིག་གིས་ཐབ་ཀའི་མེ་ལྕེའི་དམར་པོའི་འོད་མདངས་ངོགས་སུ་གུམ་ཙོག་བྱས་ནས་བསྡད་ཡོད་པའི་ཁོ་མོའི་ཞལ་རས་ལྟ་ན་སྡུག་ཅིང་། འཛུམ་ཆུང་ལན་རེར་ཕྱི་རུ་མངོན་པ་དེས་དབང་མེད་དུ་ཁ་ནས་ཨ་ཅེ་ཞེས་འབོད་ན་འདོད་པའི་ཚོར་སྣང་ཡང་ཡང་བྱུང་།

ཁོ་མོས་སྐེ་གཅུས་ཏེ་ཕྱི་ལ་བལྟས་རྗེས་དེ་རིང་གི་སྨུག་པ་འདི་ཅི་ཡིན་ནམ་ཟེར་ཞོར་ནུབ་ཚ་བསྐོལ་མགོ་བརྩམས་བྱུང་། ཤ་སྐམ་ཐ་ཐོར་དང་བྱེ་ཐུག་བརྡལ་མ། ད་དུང་ཙོང་ཐུར་རེ་གཉིས་ཀྱིས་གྲུབ་པའི་ནུབ་ཟས་དེ་ནི་དུས་ད་ལྟ་ཡིད་ལ་དྲན་ན་ཡང་ལྕེ་སྟེང་ལ་མཆིལ་མ་འཁྱིལ་བའི་ནུབ་ཟས་ཤིག་སྟེ། ཁྲིགས་ཁྲིགས་མེད་ན་ང་རང་ཉིན་མོ་དེར་ཨ་ཐང་དང་བཀྲེས་སྐོམ་གཉིས་ཀ་བྱུང་བའི་སྟབས་ཡིན་པ་དང་། ཡང་གཅིག་བྱས་ན་ཁོ་མོ་ཟས་བསྐོལ་གཡོས་སྦྱོར་ལ་བྱང་ཆ་ཧང་སངས་པའི་མ་བྱན་བཟང་མོ་ཞིག་ཡིན་ཀྱང་སྲིད།

ཐབ་ཁུང་ནང་གི་མེ་ལྕེ་ལྷབ་ལྷུབ་འབར་བ་དང་བསྟུན་ངེད་གཉིས་ཀྱི་གོན་པའི་སྟེང་ནས་རླངས་པ་འཕྱུར་ཏེ་ས་ཁང་གྲུ་བཞིའི་ནང་དུ་དྲོད་ཁོལ་ཆུང་ཆུང་ཞིག་འཛོམས་པ་ནང་བཞིན། ངའི་སེམས་ཡང་རིམ་གྱིས་ལྷོད་ལ་བབས་ཏེ་ཁ་བརྡ་ཡར་མར་དྲུག་གསུམ་བཅོ་བརྒྱད་བྱས་པས་དགོད་སྒྲ་རེ་ཡང་ཞ་ཞོར་ལ་མཆེད་འགྲོ། ངས་ད་ལྟ་ཕྱིར་འདང་བརྒྱབ་ན། དགོད་སྒྲ་དེ་ནི་ཁོ་མོ་ལ་མཚོན་ན་ཆེས་བདེ་སྐྱིད་ལྡན་པ་ཞིག་ཡིན་སྲིད་དེ། ལོ་ངོ་གསུམ་བཞི་ཞིག་གི་རིང་ལ་ཁོ་མོ་ཁེར་འདུག་ལ་གོམས་པས། རྩིབ་ན་འདུག་རོགས་ཤིག་མེད་ན་ཉིན་མ་ཅི་ལྟར་འཁྱོལ་ཨང་།

“ཉི་མ། ཁྱེད་ཀྱིས་ཆུང་མ་སུ་ཚང་གི་ཞི་མོ་ལེན་རྩིས་ཡོད། ”
“ཨ་ཁུ་མགོན་པོ་ཚང་གི་རྣམ་རྒྱལ་མཚོ་ལེན་རྒྱུ་ཡིན།” ང་བྱིས་པར་གྱུར་བས་ངོ་ཚ་རྒྱུ་ཆེན་པོ་མ་ཤེས་པར་སྐབས་དེར་སུས་དྲིས་ན་དེ་ལྟར་བཤད་སྲིད་པའི་སྐད་ཆ་དེ་ཡང་བསྐྱར་ཁོ་མོ་ལ་བཤད།
ཁོ་མོ་ཡང་བསྐྱར་ཁ་བསུམས་ནས་བགད།
“ཨ་ཅེ། ཁྱོད་ལ་ཁྱོ་ཀ་མེད་དོན་ཅི། ”
ཁོ་མོས་མགོ་སྒུར་ནས་འདུག་པ་ལས་ཅི་ཡང་མ་སྨྲས། ངས་སྐད་ཆ་དེ་འདྲི་མི་ཉན་པ་མ་ཤེས་ལ། ཁོ་མོས་ཀྱང་ངའི་དྲི་བ་དེ་དྭངས་གཙང་ཡིན་པར་མཐོང་བས་ཤུགས་རིང་ཞིག་འཐེན་རྗེས་ཁོ་མོའི་གཏམ་རྒྱུད་གླེང་བྱུང།

“ཉི་མ། ང་ནི་ཁྱོད་ཚོས་བཤད་པའི་ཡུགས་ས་མ་ཡིན་པས་ཁྱོ་ཀ་ཞིག་ག་ལ་ཡོད། སྔོན་ཆད་ཡིན་ན་ང་ཡང་ཁ་ཡ་ན་ཟླའི་ནང་གི་བུ་མོ་གཞན་པ་ཚོ་དང་འདྲ་བར་དགོད་སྒྲ་ཡོད་ལ། ཕ་མ་ཉིས་འཛོམས་དང་བཟའ་ཚང་སྐྱིད་པོ་ཡོད་ན་ཡང་། སྐྱིད་མི་རྟག་རྫ་མགོའི་ཟིལ་བ་འདྲ་ཟེར་བ་ཅི་མ་བདེན་ཏེ། ངེད་ཚང་གི་བཟའ་མི་ཡོངས་རྫོགས་སྟོད་ཉི་མ་ལྷ་སར་མཇལ་དུ་འགྲོ་དུས། སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ང་ལས་ལྷག་མ་སོང་། ཁོ་ཚོ་ཚང་མ་བུད་སོང་།”
སྐད་ཆ་འདི་བཤད་དུས་ཁོ་མོའི་མིག་ན་མཆི་མ་ཤམ་ཤམ་དུ་འཐོར་བཞིན་ཡོད་ཅིང་། ངས་རང་གི་ཁ་འདུག་མ་ཐུབ་པར་འདྲི་དགོ་མི་དགོ་གཉིས་ཀ་དྲིས་པར་འགྱོད་སྣང་སྐྱེས་ན་ཡང་ད་དུང་ཉན་འདོད་ཚ་བོ་བྱུང་ལ། ཁོ་མོས་ཀྱང་སྐད་ཆའི་འཕྲོར་མཐུད་ནས་བཤད་སོང་།

“ང་ནི་མི་ལས་ངན་ཞིག་ཡིན་པས་སྐྱིད་རྒྱག་གི་ལས་ཤིག་གང་ན་ཡོད། ཕ་མ་དང་། བཟའ་ཟླ་སྐད་ཅིག་ཉིད་ལ་རང་དང་ཁ་བྲལ་བའི་ཉིན་མོ་ནས་བཟུང་། ང་རང་ཡུགས་སར་ལུས་ཤིང་། སྡེ་བའི་ནང་གི་མི་ཚང་མས་ཀྱང་ང་ནི་སྣ་ནག་མ་དང་བཀྲ་མི་ཤིས་པའི་མཚོན་བྱེད་དུ་བགྲང་བས་ཉེ་སར་བཅར་མཁན་ཀྱང་མེད།”
“ཨ་ཅེ། ང་རྒྱུན་དུ་ཁྱོའི་སར་ཡོང་རྒྱུ་ཡིན།”
ཁོ་མོ་ངུ་དགོད་བྱེད་ཞོར་“ཀློའུ་རྒན་ཁྱོད། ད་རུང་བྱིས་པ་ཡིན་པས་ཅང་ཤེས་ནི་མ་རེད”ཟེར།
ཁོ་མོས་ང་ལ་དེ་འདྲའི་སྙིང་གཏམ་མང་པོ་ལབ་ཅིང་། ད་རུང་ངའི་སྔུན་ནས་བརྩེ་བའི་མཆི་མ་འདོར་ཞིང་དུངས་པའི་འཛུམ་ཆུང་མངོན་པས། སྐབས་དེར་རང་གི་སྣང་བ་ཞིག་ལ། རང་ཉིད་སྟག་ཤ་ར་ཞིག་ཏུ་གྱུར་ཚར་འདུག་སྙམ།
“ཨ་ཅེ། ང་ལག་ཆགས་ན་ཨ་ཁུ་མགོན་པོ་ཚང་གི་རྣམ་རྒྱལ་མཚོ་མནའ་མར་ལེན་རྒྱུ་མིན། ངས་ཁྱེད་རང་མནའ་མར་ལེན་རྒྱུ་ཡིན། ”
ཁོ་མོ་དགོད་བཞིན་དུ། “ཁྱེད་རང་ལག་ཆགས་ན་ཁོ་ཚོ་ནང་བཞིན་ཨ་ཅེ་གྲིབ་ནག་མ་ཞིག་ཏུ་མ་རྩིས་པར་གཞའ་ནས་མ་སོང་ན་ཆོག”ཟེར། སྐབས་དེར་ངས་རང་ཉིད་ནར་སོན་རྗེས་ངེས་པར་དུ་ཁོ་མོ་ཆུང་མ་ལེན་དགོས་སྙམ། མཚན་མོ་དེར་ངེད་གཉིས་ཀྱིས་དེ་ལྟར་ལབ་རིང་གློད་ནས་ཡུན་རིང་འགོར་ཞིང་། ད་རུང་མཚན་མོར་དེར་ཁྱེད་ལ་བཤད་ཚེ་ཉན་འདོད་ཡོད་པའི་གཏམ་རྒྱུད་གཞན་ཞིག་ཡོད།
 ཁོ་མོ་ཚང་གི་ཚ་ཐབ་སྟེང་ལ་ཉལ་ཐུལ་སློག་པ་གཅིག་དང་གདན་གཅིག་ལས་མེད་པས། ང་ཡང་ཁོ་མོ་དང་ལྷན་དུ་ཉལ་ཞིང་། མེ་ཁ་ནས་ཡུན་རིང་ལ་བསྡད་ན་ཡང་ངེད་གཉིས་ཀྱི་གོན་པ་ད་རུང་རློན་པ་ཡིན་པས།
ཁོ་མོས། “གོན་པ་ཕུད་མ་གཏོགས་ཉལ་ས་རློན་པ་བྱེད་རྒྱུ”རེད་ཟེར།
ང་རང་ངོ་ཚ་སྟེ་ཚ་ཐབ་ནས་ཡར་ལངས་ནས་བསྡད་མོད་ཁོ་མོས་བསྐྱར་དུ་“བྱིས་པ་ཞིག་ལ་ངོ་ཚ་རྒྱུ་དགོས་ནི་མ་རེད། གོན་པ་ཕུད་ལ་ཉོལ་ཐོངས། ཨེ་གོ”ཞེས་སྒོར་གཅིན་པ་གཏོང་དུ་བུད་སོང་། ཁོ་མོས་ང་ལ་བྱིས་པར་བོས་པས་རང་གིས་ཀྱང་བྱིས་པར་འདོད་དེ་གོན་པ་ཕུད་དེ་ཉལ་ནས་བསྡད་པ་ན། ཁོ་མོས་གློ་ལུད་རྒྱག་ཞོར་ནང་ལ་ཐོན་ཞིང་། སྔས་མགོའི་དཀར་མེ་ཕུ་རིང་ཞིག་བཏབ་སྟེ་གཟིམས་རྗེས། བརླན་གྱིས་ཟིན་པའི་རྭས་ལ་དང་ཚི་ལེན་སོགས་ཕུད་ཀྱིན་པའི་སྒྲ་ངས་གསལ་བོར་ཐོས་འོང་།
ཁོ་མོས་སློག་པའི་ཁ་ནས་འཇུས་ཏེ་ནང་ལ་འཛུལ་ཞོར་དུ།
“ཉི་མ། ཚ་ཐབ་དྲོས་ཨེ་ཡོད་ཀི”ཟེར།
“དྲོས་ནས་བསྲེག་གི་འདུག”
“བདེན་གི   དགེ་བ་རེད།”
ཁོ་མོ་ངའི་རུམ་ལ་འཛུལ་བྱུང་། འཇམ་ཞིང་མཉེན་པའི་བྲང་གཞུང་ང་ལ་བརླན་ཅིང་ལག་པས་ངའི་སྔས་མགོ་བདེ་མོ་ཞིག་བཞག་རྗེས།
“ཉི་མ། ཁ་བརྡ་ཞིག་བྱོས་དང”ཟེར།
“ཨ་ཅེ། ཁྱོད་ལོ་དུ་ཡིན།”
“ཉེར་གསུམ།”
“འོ་ན་ཁྱོད།”
“བཅུ་གཅིག”
“ཁྱེད་རང་ལག་ཆགས་རྗེས་ཅི་ཞིག་བྱེད་རྩིས་ཡིན།”
“ང་སློབ་གྲྭ་ཆེན་མོར་འགྲོ་ན་འདོད།”
“ཨ་ཅེ། ཁྱོད་ནམ་ཞིག་ལ་བཟའ་སྒྲིག་བྱས་པ་ཡིན།”
“ལོ་བཅུ་དྲུག་གི་སྟེང་ནས།”
མཚན་མོ་དེར་ངེད་གཉིས་ཀྱིས་དེ་ལྟར་ཁ་བརྡ་བྱས་ནས་ཡུན་རིང་འགོར། ཁོ་མོས་ང་རང་ལག་པའི་གྲུ་ཁུགས་ལ་རུམ་ཞིང་། ངའི་དཔྲལ་བ་ཁོ་མོའི་ནུ་འབུར་གཉིས་ཀྱིས་མཚམས་སུ་བརླན་པས། ཅི་ཡིན་འདི་ཡིན་མེད་པར་ངའི་ཞབས་ཀྱི་གཅིན་གཏོང་སྤྱད་ཁོ་ན་ལས་ཅི་ཡང་ཉན་མེད་པའི་བུ་ཆུང་དེ་ཡང་རང་དབང་མེད་པར་འཁྲེང་བོར་ཆགས་ཏེ་སྦོམ་ཞིང་འཇམ་པའི་ཁོ་མོའི་བརླ་ཤ་ལ་གཙེག་ཀྱིན་ཡོད་པ་ཁོ་མོས་ཤེས་ཡོད་ཀྱང་སྲིད་མོད། ཁོ་མོས་ང་རང་བྱིས་པ་ཞིག་ལ་རྩིས་ཏེ་གཅེས་གཅེས་བྱེད་པ་ལས་ཅི་ཞིག་བྱ་ཨང་།

ངས་ད་ལྟ་ཕྱིར་འདང་བརྒྱབ་ན། ཁོ་མོ་ཡུགས་སར་གྱུར་བ་ནས་རྣམ་རྟོག་གིས་བཟི་བའི་ང་ཚོའི་སྡེ་བའི་ནང་གི་སྟག་ཤར་ཚོ་ཡང་ཁོ་མོའི་ཉེ་སར་བཏུད་མེད་ཚོད་འདྲ་ལ། མཚན་མོ་དེར་ངས་ཁོ་མོ་ལ་ཉལ་རོགས་བྱས་པ་དེས་ཁོ་མོ་ལ་བདེ་བ་བླ་ལྷག་ཅིག་བྱིན་ཡོད་པར་གདོན་མི་ཟ་ལ། ཁྲིགས་ཁྲིགས་མེད་ཚེ་ཁོ་མོའི་སེམས་སུ་ང་རང་བཅུ་དྲུག་ལང་ཚོ་རྫོགས་པའི་སྐྱེས་ཕོ་རབ་ཅིག་ཡིན་རྒྱུ་ན་ཅི་མ་རུང་སྙམ་བཞིན་ཡོད་ན་ཡང་ཐང་། གང་ལྟར་ངས་ད་དུང་ཡང་མིག་ལམ་ལ་ཤར་ཡོང་བ་ཡོང་བ་ནི།  ནེམ་ནེམ་དང་ལུག་ལུག་བྱེད་པའི་ཁོ་མོའི་ནུ་མ་ཆེན་པོ་དེ་གཉིས་དང་། ངའི་རྐང་བ་འཁྱག་ཏོ་ལ་དྲོལ་ཁོལ་སྟེར་བྱེད་ཀྱི་ཁོ་མོའི་འཇམ་མཉེན་གྱི་བརླ་ཤ་སྦོམ་པོ་དེ་གཉིས་ཡིན། དྲང་མོར་བཤད་ན། ཁོ་མོ་ནི་ངའི་ཤེས་པ་ནས་འཇིག་རྟེན་ཐོག་ཏུ་དམར་ཧྲེང་ཧྲེང་མཉམ་དུ་ཉལ་བའི་སྐྱེས་མ་ཨང་དང་པོ་ཡིན་ཞིང་། རང་གི་ཞབས་ཀྱི་ཐུམ་ཅུ་ཆུང་ཆུང་དེ་མཁྲེང་བོ་ཆགས་སུ་འཇུག་མཁན་གྱི་སྐྱེས་མ་ཐོག་མ་ཡང་ཡིན།

སྨུག་ལོང་རྗེས་ཀྱི་རྩྭ་ཐང་གི་ཞོགས་ཀ་ལྟ་ན་སྡུག་ཅིང་། ཉི་འོད་དྭངས་མོ་ཞིག་ཀྱང་ཤར་ཕྱོགས་རི་བོའི་རྩེ་ནས་འཕགས་ཏེ་དམར་བཤར་གྱི་རི་བོ་མཐོན་པོ་དག་གི་སྟེང་འཕོས་ཡོད། ཁོ་མོས་ང་རང་ངེད་ཚང་གི་རུ་ནང་ལ་མ་ཐོན་གོང་གི་ཉག་ག་ཞོལ་མའི་བར་དུ་བསྐྱལ།
“ཉི་མ། ད་སོང་། འུ་གཉིས་ལྷན་དུ་ཡོད་པ་ཁྱེད་ཚོའི་རུ་སྐོར་གྱིས་རིག་ན་ཧྲ་ནི་མ་རེད”
“ཨ་ཅེ་་་་་འུ་གཉིས་ནམ་ཞིག་ལ་ཐུག་ཐུབ་བམ”
ཁོ་མོ་འཛུམ་ཙམ་ལས་ཅི་ཡང་མ་བཤད། དེ་ལྟར་ཞག་མ་གཅིག་གི་རིང་ལ་ཁོ་མོར་དུངས་པ་བླ་ལྷག་ཤོར་ཞིང་། ང་རང་ངེད་ཚང་གི་རུ་ནང་ལ་ཐོན་སའི་ལྷས་འདབས་ནས་ཕྱིར་མིག་བལྟས་པ་ན། ཁོ་མོས་ད་རུང་ཉག་ག་ཞོལ་མའི་འདབས་རོལ་ན་ང་ལ་རྒྱང་བལྟ་བྱས་འདུག་པས། ཁོ་མོས་ཀྱང་ཞག་མ་གཅིག་གི་རིང་ལ་ང་རང་མོའི་གྲོགས་པོ་བློས་ཐུབ་ཅིག་ལ་རྩིས་སོང་བ་འདྲ།

གང་ལྟར་ང་རང་འབྲོག་པའི་ས་ཁང་གི་སྒོ་ཁར་ཐོན་པ་ན། སྒོ་ཁྱི་ཟུག་སྐད་སྔར་ལས་མཐོ་ཞིང་མཐོང་མ་མྱོང་བའི་མགྲོན་པོ་ཞིག་གི་སྟེང་ལ་ཤོར་བ་བཞིན་ངའི་སྟེང་ལ་ཟུག 
  དེ་མ་ཐག་ཁྱིམ་ནས་ཨ་ཕ་སྒོར་བུད་ཅིང་། ཁོ་ངའི་ཕྱོགས་ལ་བརྒྱུགས་འོང་སྟེ།
“ཁྱོད་གང་ཞིག་ལ་སོང་བ་ཡིན། 
མདང་དགོང་ངའི་སྙིང་རླུང་སྟོད་ལ་འཚངས་སོང”ཟེར།
“ང་རང་མདང་ནུབ་དམག་བཤར་གྱི་གོང་གི་སྡེ་བ་གཞན་གྱི་འབྲོག་ཁྱིམ་ཞིག་ནས་གནས་ཚང་གཡར་ནས་བསྡད་པ་ཡིན”ཅེས་ཁོ་མོས་བསླབས་པ་ཇི་བཞིན་ངས་ཨ་ཕ་ལ་རྫུན་ཞིག་གཏམ། ང་རང་འཚམ་པོར་ཕྱིར་ཐོན་པས་ཁོའི་གདོང་ལ་འཛུམ་མདངས་གསལ་མི་གསལ་བ་ཞིག་མངོན་བྱུང་།
ངས་འབྲི་མོ་ཝ་མོ་མ་རྙེད་ཐལ་ཞེས་སྐྱོན་ཆ་ངོས་ལེན་གྱི་རྣམ་འགྱུར་གྱིས་ཁོས་སྡིགས་པར་སྐྲག་ནས་དེ་ལྟར་བརྗོད་པ་ན། ཨ་ཕ་འཛུམ་ཞོར་དུ་ཝ་མོ་བསམ་ནག་མ་ད་ནངས་ནམ་ལངས་མ་ཐག་ནོར་ལྷས་ལ་ཐོན་འདུག ཁྱེད་ཀྱིས་སྡུག་མྱངས་སོང་ཞེས་མྱུར་དུ་ང་ལ་འོ་ཇ་བསྐོལ་བྱུང་བས་ངའི་སེམས་གཞི་ནས་ལྷོད་ལ་བབས། ཡིན་ནའང་ཉིན་མོ་དེར་ངས་ངེས་པར་དུ་ལྷོད་ལ་འབབ་མི་ཐུབ་པའི་དོན་དག་གཅིག་ངེས་པར་དུ་སྒྲུབ་དགོས་ཏེ། འབྲི་མོ་ཝ་མོ་ལ་སྐྱིན་པ་སྒོག་ལོག་འདྲ་བ་ཞིག་ཅིས་ཀྱང་ལེན་དགོས་ན་ཡང་། ཨ་ཕ་ཡོད་ས་ནས་ངས་དེ་ལྟར་བྱེད་མི་ཕོད། གཏན་ཚིགས་ནི་ཁོ་དང་ནོར་གྱི་བར་ན་བརྩེ་དུང་ཁྱད་པར་བ་ཞིག་ཡོད། ཁོས་ནོར་ལ་གཅེས་སྐྱོང་དང་བདག་སྐྱོང་བྱེད་པ་བཞིན་དུ་ནོར་དག་ཀྱང་ཁོ་ལ་དུངས་པ་ཡོད་ཤས་ཆེ་སྟེ། ནམ་རྒྱུན་ངུར་སྒྲ་དང་བཅས་ཁོའི་མཐའ་འཁོར་ལ་འདུ་བཞིན་ཡོད།

2

དེ་ནས་བཟུང་། མི་ལོ་མང་པོ་ཞིག་གི་རིང་ལ་ངས་ཚེ་རིང་སྒྲོལ་མ་མཐོང་མ་མྱོང་། ཡིན་ནའང་ངས་མཚན་མོ་དེའི་ཁོ་མོའི་ནེམ་ནེམ་དང་ལུག་ལུག་བྱེད་པའི་མྱོས་བུམ་དེ་བརྗེད་མ་མྱོང་ལ། འཇམ་ཞིང་མཉེན་པའི་བརླ་ཤ་སྦོམ་པོ་དེ་ཡང་མིག་ལམ་ལ་ཤར་བ་བགྲང་གིས་མི་ལངས། དེ་ལས་ཀྱང་སེམས་ཀྱི་གཏིང་ནས་མངོན་པའི་ཁོ་མོའི་འཛུམ་ཆུང་དེ་ང་རང་གནས་གང་ལ་སོང་སྟེ་མི་སུ་ཞིག་དང་འགྲོགས་ན་ཡང་དུས་གཏན་དུ་ངའི་དོན་ལྔ་སྣོད་དྲུག་གི་གཏིང་རུང་ནས་ཡལ་རྒྱུ་མིན་པ་འདྲ། 
    མཐོ་འབྲིང་གི་སྐབས་སུ། ངས་ཚེ་རིང་སྒྲོལ་མ་ཞེས་པའི་ལྷུག་རྩོམ་ཞིག་བྲིས་ཏེ་སློབ་རྭའི་ཚགས་པར་དུ་སྤེལ་བ་དང་། སློབ་ཆེན་གྱི་སྐབས་སུ་ཚེ་རིང་སྒྲོལ་མ་ཞེས་པའི་བརྩམས་སྒྲུང་ཞིག་བྲིས་ཏེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་དུ་བཀོད་པ་སོགས་ཁོ་མོས་ང་ལ་བཞག་པའི་བག་ཆགས་ཕྲ་རགས་ཐམས་ཅད་ཡིག་རིས་སུ་ཕབ་མྱོང་ནའང་། ཁོ་མོས་ང་རང་དྲན་གྱིན་ཡོད་མེད་མི་ཤེས་ལ། གཅིག་བྱས་ན་སེམས་ནས་གཏིང་བརྗེད་དུ་གྱུར་ཚར་ཡོད་ན་ཡང་ཐང་། ཡིན་ནའང་ཁོ་མོ་བརྗོད་སྙིང་བྱས་པའི་རྩོམ་ཡིག་དེ་དག་གི་ཆེད་དུ། ང་དང་མཛའ་མོ་གཉིས་ཀྱི་བར་ལ་འཁོན་འཛིང་ལན་མང་ཤོར་ཞིང་། ཁོ་མོས་ཚེ་རིང་སྒྲོལ་མ་ཞེས་པའི་རྩོམ་ཡིག་དེ་ནི་ངའི་མཐོ་འབྲིང་གི་སྐབས་ཀྱི་སློབ་གྲོགས་སམ་མོའི་སློབ་ཆེན་སྐབས་ཀྱི་ཉལ་གྲོགས་ཚེ་རིང་གཡང་སྐྱིད་ལ་བྲིས་པ་རེད་ཅེས་སེམས་ཐག་བཅད་ཡོད་པ་མ་ཟད། གོ་ཐོས་སུ། ཚེ་རིང་གཡང་སྐྱིད་དང་ཁོ་མོ་གཉིས་ཀྱིས་ཉལ་ཁང་གཅིག་གི་ནང་ནས་ཁ་མ་གྲགས་པར་ཡུན་རིང་ཕྱིན་སོང་ཟེར། ཕྱོགས་ལ་ཤས་ཀྱི་སྟེང་ནས་སྐྱེས་པ་དང་བུད་མེད་གཉིས་ཀྱི་བསམ་གཞིག་གཏོང་སྟངས་དང་ལྟ་སྟངས་འཛིན་སྟངས་སོགས་ཁྱོན་ནས་མི་འདྲ་སྟེ། དཔེར་ན། ཚེ་རིང་སྒྲོལ་མ་ཞེས་པའི་རྩོམ་ཡིག་འདིའི་སྟེང་ནས་ངས་མཛའ་མོ་ལ་གསལ་བཤད་ཅི་ལྟར་བྱས་ན་དེ་ལྟར་རྙོག་འཛིང་དུ་འགྱུར་བ་བཞིན་ནོ།

ངའི་མཛའ་མོའི་མིང་ལ་ནམ་མཁའ་སྒྲོལ་མ་ཟེར། ཁོ་མོ་ནི་དབྱིན་ཡིག་སྡེ་ཁག་གི་ཡིན་ལ། མོ་སྒོ་ཕུན་སུམ་ཚོགས་ནའང་། དུ་བ་འཐེན་པ་དང་ཆང་འཐུང་བ། སྤོབས་པ་མཐོ་བ་སོགས་ཀྱི་དབང་གིས། སློབ་གྲོགས་སྟག་ཤར་ཚོའི་གྲས་ན་ཁོ་མོ་ཞག་མ་རེ་ཟུང་གི་ཉལ་རོགས་ཨེ་ཉན་ལ་རེ་བ་བྱེད་མཁན་ལས། མཉམ་ཟ་མཉམ་འཐུང་བྱེད་པའི་གཏན་གྱི་དགའ་རོགས་སྒྲིག་འདོད་མཁན་ཧ་ལམ་མེད་ཚོད་ཡིན།
ངེད་གཉིས་ཀྱི་གཤིས་ཀ་ནི་རྦད་དེ་གཞི་མཐུན་མི་སྲིད་པར་གྱུར་ཡོད་དེ། ང་རང་དུ་ཆང་གཉིས་ལ་ཁ་བྲལ་ཡོད་པར་མ་ཟད། སློབ་ཁྲིད་ལ་ཆད་ལྷག་མེད་པ། ལོ་མཇུག་གི་སློབ་གྲྭ་ཡོངས་ཀྱི་གཟེངས་སྐྱེས་ཆེ་ཆུང་སྣ་ཚོགས་རེག་མཁན་གྱི་སློབ་གྲྭའི་མིག་ལམ་གྱི་སློབ་མ་ཡ་རབས་ཀུན་འཛོམས་ཀྱི་རིགས་སུ་གཏོགས་པས། ངེད་གཉིས་མཛའ་མཐུན་དགའ་རོགས་སུ་གྱུར་བ་དེ་དགེ་སློབ་ཡོངས་ལ་མཚོན་ན་མ་བསམ་བློ་ཡུལ་ལས་འགོངས་པ་ཞིག་ཡིན།
  སློབ་གྲོགས་ཁ་ཤས་ཀྱིས། ཁྱེད་གཉིས་ཀྱི་སྟེང་ནས་བརྩེ་དུང་ལ་འགྲེལ་བ་མེད་ཟེར་བའི་གཏན་ཚིགས་དེའི་བདེན་པ་རྙེད་ཐུབ་ཟེར། ཡང་ཁ་ཅིག་གིས་མཛའ་མོ་བཙལ་ན་མི་གཉོམ་ཆུང་དང་ཡ་རབས་བྱེད་མཁན་འདི་དག་གི་ཐུ་ན་མེད་ཟེར། གང་ལྟར་སློབ་གྲྭ་ཆེན་མོའི་ནང་དུ་ང་རང་ཁོ་མོ་དང་འགྲོགས་པ་ནི། ཚོང་བ་ཞིག་གིས་ཚོང་ཟོང་བྲིན་པའི་ཀུང་ཟི་ཆེན་པོ་ཞིག་ལ་མ་རྐང་བཞག་པ་དང་འདྲ་བར། ཕྱོགས་གང་ཅིའི་ཐད་ནས་ཁེ་ལས་གྱོང་རེག་མ་མྱོང་།

ཁོ་མོ་ནི་སྐར་ཆེན་ལྟ་བུའི་སྐྱེས་མ་མང་པོའི་ཁྲོད་ཀྱི་ངའི་མེ་ཏོག་ལེན་མཁན་གྱི་ཟླ་བ་དེ་ཡིན་ཞིང་། ཁོ་མོ་ནི་ངའི་སློབ་ཆེན་གྱི་འཚོ་བའི་ནང་གི་ངའི་དོན་དམ་གྱི་དགེ་རྒན་དེ་ཡང་ཡིན། ཁོ་མོ་ངའི་འཚོ་བའི་ཁྲོད་ལ་ཤེས་མེད་ཚོར་མེད་ཀྱིས་ཐོན་པས། ངས་ད་གཟོད་རྒྱུགས་འབྲས་ཀྱི་གཟེངས་སྐྱེས་དང་དགེ་རྒན་རེ་ཟུང་གི་བསྟོད་བསྔགས་བར་ན་ང་རྒྱལ་གྱི་དབུགས་ཁ་རིང་ལེན་བྱེད་པའི་རང་ཉིད་ནི་ཤོག་བུ་ཐར་མོ་གང་ལས་ཡང་བ་ཐོག་མར་ཚོར་བ་ཡིན།
འཚོ་བ་ནི་དེ་ལྟར་རོལ་ན་དེ་ལྟར་ཡིན་ལ། འདི་ལྟར་རོལ་ན་འདི་ལྟར་ཡིན་པས། སྐབས་དེ་ནས་བཟུང་། ངས་རང་གི་ལས་དོན་གང་ཡང་གཞན་གྱིས་ཟླུམ་པོ་དང་གྲུ་བཞིར་བཟོས་པའི་ཐིག་ཤིང་ནང་ལ་ངེས་པར་དུ་འགྲོ་དགོས་དོན་མེད་པའི་གནས་ལུགས་གསལ་བོར་རྟོགས།

དེ་ལྟར་ངའི་སློབ་ཆེན་གྱི་འཚོ་བ་ཡང་སློབ་གྲོགས་གཞན་པ་ཚོ་ནང་བཞིན་གཞོན་པའི་ལང་ཚོའི་ང་རྒྱལ་རླུང་ལ་སྤུར་ཏེ་དགའ་སྐྱོའི་བརྩེ་དུང་གི་སྦྲང་རྩི་ལ་ངོམས་མེད་དུ་རོལ་བཞིན་པའི་དབྱར་གཞུང་ཞིག་ལ། ཕ་ཡུལ་ནས་ཨ་ཕ་དང་སྡེ་དཔོན་གཉིས་ཀྱིས་ཉལ་ཁང་ལ་ཁ་པར་བཏང་འོངས་ཏེ། ཚེ་རིང་སྒྲོལ་མ་དེ་རིང་ཟི་ལིང་དུ་སྨན་པར་སྟོན་དུ་བུད་སོང་བས་སང་ཉིན་སྔ་དྲོར་ཐོན་རྒྱུ་རེད། འུ་ཚོའི་སྡེ་བར་ཟི་ལིང་ན་ཡོད་པའི་སློབ་གྲྭ་ཆེན་མོ་བ་ཁྱེད་མ་གཏོགས་མེད་པས། ཁྱེད་ཀྱིས་རོགས་ཤིག་བྱེད་དགོས་ཟེར།  
“ཁོ་མོ་ད་ལྟ་རྒས་ཡོད་དམ། སང་ཉིན་གྱོན་པ་ཅི་འདྲ་ཞིག་གོན་ནས་ཡོང་སྲིད་དམ། ”
“ཁོ་མོས་ང་རུམ་ནས་ཉལ་བའི་དོན་དག་དེ་བརྗེད་ཡོད་དམ། ”
མཚན་མོ་དེར། དེ་ལྟ་དེ་ལྟར་ངའི་དྲན་པའི་ངོས་སུ་ཁོ་མོའི་སྣང་བརྙན་ཡལ་ཐབས་བྲལ།

ལོ་ངོ་མང་པོ་ལ་མ་ཐུག་པའི་ཁོ་མོར་ཐུག་ཆེད། ཞོགས་པར་ང་རང་སྔ་མོ་ནས་ཡར་ལངས་ཏེ་ཁ་ངོ་དང་སྐྲ་ལོ་གཙང་མ་ཞིག་བཀྲུས་རྗེས། ཉལ་གྲོགས་རྡོ་རྗེའི་གྱོན་པ་གསར་བ་དེ་གྱོན་ནས་རླངས་འཁོར་ས་ཚིགས་ལ་ཁོ་མོར་སྒུག་ཏུ་སོང་། སྒུག་སྒུག་སྟེ་ཉིན་གུང་བསླེབས་ནའང་ཁོ་མོའི་གྲིབ་གཟུགས་ཙམ་ཡང་མཐོང་མ་བྱུང་། ང་རང་ངེད་གཉིས་གོལ་འཛོལ་བྱུང་ཡོད་པར་ཞེད་ནས་རླངས་འཁོར་ས་ཚིགས་ཀྱི་སོ་ལྟ་བ་ལ་ཅི་ཞིག་འདྲི་དགོས་སྙམ་པའི་སྐབས་སུ། ངས་ཁོ་མོ་མཐོང་བྱུང་། མི་ཚོགས་ཀྱི་དབུས་ན་བོད་ལྭ་གཙང་མ་ཞིག་གྱོན་ནས་མགོ་བོ་ཀྲོག་ཀྲོག་གིས་ཡར་མར་ལ་ལྟ་བཞིན་འདུག ཡིན་ནའང་ང་རང་འཕྲལ་མར་ཁོ་མོའི་གམ་ལ་མ་ལོག་པར་རྒྱང་བལྟ་བྱས་ནས་བསྡད། དེ་ནི་རྒྱུ་མཚན་གཞན་མ་ཡིན་པར་མ་བསམ་བློ་ཡུལ་ལས་འདས་པའི་ཁོ་མོའི་ལང་ཚོས་ང་ལ་མཚར་སྣང་བྱིན་པས་ཡིན།

“ཁྱེད་ཀྱིས་ལམ་བར་ན་དཀའ་ལས་མ་མྱངས་སམ།”ང་རང་ཁོ་མོའི་འཁྲིས་སུ་ཕྱིན་ནས་དེ་ལྟར་ལབ་པ་ན། ཁོ་མོས་བཅོས་མིན་གྱི་འཛུམ་མདངས་ཤིག་ཕྱིར་ཕྱུངས་ནས།
“མ་དཀའ་ཐལ། ཁྱེད་ཀྱིས་ཡུན་རིང་བསྒུགས་སོང་ངམ”ཟེར།
“ཅང་ལ་མ་བསྒུགས འགྲོ  འུ་གཉིས་ཐོག་མར་ཟ་མ་ཟ་རུ་འགྲོ”ཞེས་ངས་ཁོ་མོ་རླངས་འཁོར་ས་ཚིགས་ཀྱི་བོད་ཟས་ཁང་ཞིག་གི་སྦུགས་སུ་ཁྲིད།
ཁོ་མོ་ན་རེ།“ཉི་མ། ཁྱེད་ཡུན་རིང་ལ་མ་ཐུག་པས་གསར་རྒོད་ཅིག་ཏུ་གྱུར་འདུག ད་སོ་མ་ཁྱེད་ཀྱིས་ང་ལ་ཁ་གྲགས་པ་མིན་ཚེ། ངས་ངོ་ཤེས་རྒྱུ་མ་རེད”ཟེར།
ང་རང་འཛུམ་ཙམ་བྱས་རྗེས་ཁོ་མོའི་སྐར་ཆེན་ལྟ་བུའི་མིག་ཟུང་ནས་སྔོན་མར་བྱིས་པའི་དུས་སུ་བརླན་མྱོང་བའི་མྱོས་བུམ་སོགས་ལ་རགས་བལྟ་ཞིག་བྱས། ཨ་ཙི། ཁོ་མོ་ད་སོ་མ་འབྲོག་པའི་རྩྭ་ཐང་ནས་ཡོང་བ་རེད་ཟེར་ན་ཡིད་ཆེས་དཀའ་བར་མ་ཟད། གྱོན་ཆས་གྲལ་དག་ཅིང་སྐེག་རྫས་དྲི་ཞིམ་འཐུལ་བའི་ཁོ་མོ་ནད་པ་ཞིག་ཡིན་ཟེར་ན་དེ་ལས་ཀྱང་ངོ་། །
“ཁྱེད་ལ་ཅི་ཞིག་ན་བ་རེད།”
ཁོ་མོས་ནང་དུ་ཅུང་ཟད་སྒུར་ཏེ་སྐྱེས་མའི་ནད་རེད་ཟེར། ང་ཡང་ཅུང་དོགས་མི་བདེ་བར་གྱུར། འུ་གཉིས་ཀྱིས་ཟ་མ་ཟོས་རྗེས་ཆུ་ཚོད་གཉིས་པའི་སྟེང་སྨན་པར་སྟོན་དུ་འགྲོ་ཞེས་བརྗོད་པ་ན། ཁོ་མོས་ངའི་གདོང་ལ་བལྟས་ཏེ་འཛུམ་ཙམ་བྱེད་པ་ལས་ལན་ཅི་ཡང་མི་སྟེར། 
“ཉི་མ།ཁྱེད་ཀྱིས་བྱིས་པའི་སྐབས་ཀྱི་དོན་དེ་དྲན་ནམ”ཞེས་བསྐྱར་དུ་འཛུམ་ཙམ་བྱས།
“ལོས་དྲན། ཉིན་མོ་དེར་ཁྱེད་རང་མིན་རྒྱུ་ན་ངའི་མགོ་ལ་ཆག་འཇིག་ཡོང་ཡོད་ཁོ་ཐག་ཡིན།”
ཁོ་མོས་ལག་པ་སྣ་དང་ཁ་གཉིས་ཀྱིས་མཚམས་སུ་ཁྱེར་ནས་ལྷུག་ལྷུག་བགད།

ངའི་སྣང་བ་ཞིག་ལ། ཁོ་མོས་མཚན་མོ་དེར་མཁྲེགས་པོ་ཆགས་ཡོད་པའི་ངའི་གཅེས་ཕྲུག་ཡིད་ལ་ཤར་བཞིན་འདུག་སྙམ།
གང་ལྟར་ངེད་གཉིས་ཀྱིས་ཟ་མ་ཟོས་རྗེས་ཞིང་ཆེན་སྨན་ཁང་དུ་སོང་ཞིང་། སྨན་པས་བཤད་ན་ཁོ་མོའི་ནད་དེའི་རིགས་ནི་སྐྱེས་མ་དག་ལ་རྒྱུན་པར་འབྱུང་སྲིད་པའི་ནད་ཡིན་པས་སྨན་འཐུང་བས་ཆོག་ཟེར། ངེད་གཉིས་ཀྱིས་གང་མཁོའི་སྨན་བླངས་རྗེས་སྨན་ཁང་ནས་འདུག་མ་དགོས་པར་དགའ་སྤྲོའི་ངང་ཕྱིར་རླངས་འཁོར་ས་ཚིགས་ལ་ཐོན་ནའང་། དུས་ཚོད་འཕྱི་བོ་ཆགས་ཡོད་པས། ཕ་ཡུལ་ལ་འགྲོ་བའི་རླངས་འཁོར་མི་འདུག
དེ་བས་ངས་ཁོ་མོ་ཁྲིད་ནས་སློབ་གྲྭའི་ཉེ་འགྲམ་གྱི་སློབ་མ་ཚོ་རྒྱུན་པར་འགྲོ་སའི་མགྲོན་ཁང་དེའི་ནང་ལ་སོང་། མགྲོན་ཁང་གི་ཁང་བ་ཆེ་རྒྱུ་མེད་ན་ཡང་ཉལ་ཁྲི་ཆེན་པོ་གཅིག་དང་བརྙན་འཕྲིན། ཁ་པར་སོགས་ཡོད་ལ། ལྟོས་བཅས་ཀྱིས་བཤད་ན་མགྲོན་ཁང་འདི་ནི་རིན་གོང་དམའ་བའི་ཚོད་ནས་ཤིན་ཏུ་གྲལ་དག་པའི་གྲས་ཡིན།
ངེད་གཉིས་ཀྱིས་ཆུ་ཁོལ་འཐུང་ཞོར་སོས་དལ་བག་ཕེབས་ཀྱིས་ཁ་བརྡ་བྱེད་མགོ་བརྩམས། ཁོ་མོས་དངན་པ་འཐེན་བཞིན་ན་རེ། ད་ནི་ཕ་ཡུལ་གྱི་ཡོད་ཚད་ལ་འགྱུར་ལྡོག་བྱུང་སྟེ།  མོའི་འཚོ་བ་ཇེ་བཟང་ལ་སོང་རབས་དང་། ང་ལ་དགའ་རོགས་ཡོད་མེད་སོགས་ཡར་མར་དྲུག་གསུམ་བཅོ་བརྒྱད་ལབ་ནས་ནམ་གུང་ལ་ཐོན།

“ཨ་ཙི་ད་ནི་ངའི་ཉལ་ཁང་གི་སྒོར་བརྒྱབ་ཟིན”ཞེས་ལབ་པ་ན།
ཁོ་མོས“དགེ་རྒན་གྱིས་ཤེས་ན་ཆད་པ་གཅོད་སྲིད་དམ”ཟེར། “ཆད་པ་གཅོད་མི་སྲིད་མོད། ད་ནང་ལ་ཐར་དཀའ་རྒྱུ་རེད”ཅེས་ལབ་པ་ན། དེས་ན་འུ་གཉིས་ཀྱིས་དོ་ནུབ་འདི་རུ་ཁ་བརྡ་བྱས་ནས་འདུག་ཟེར། དྲང་མོར་བཤད་ན། ངས་སྔ་ས་ནས་ཉལ་ཁང་སྒོ་གཏན་པ་མ་ཤེས་པ་ག་ལ་ཡིན་ཏེ་གཏན་ནས་མིན་ལ། གལ་ཏེ་ཉལ་ཁང་གི་སྒོ་གཏན་ཡོད་པའི་དབང་དུ་བཏང་ན་ཡང་ནང་དུ་འགྲོ་བའི་ཐབས་བཀོད་སྣ་ཚོགས་ཡོད་མོད། ཁོ་མོའི་ཁ་བརྡ་བྱེད་པའི་ཉམས་འགྱུར་དང་འཛུམ་ཆུང་སོགས་ཀྱིས་ང་རང་དོ་ནུབ་ཁོ་མོ་དང་ལྷན་དུ་འདུག་དགོས་སྙམ་པའི་སྐྱེས་པའི་སྒེར་སེམས་དེ་སྐྱེས་པས་མ་ཡིན་ནམ།
གནས་ལུགས་ཀྱི་ངོས་ནས་བཤད་ན། ང་ལ་དགའ་རོགས་ཡོད་དེ། ངེད་གཉིས་ཀྱི་བརྩེ་དུང་ཡང་ཆུ་ལ་འོ་མ་འདྲེས་པ་བཞིན་ཡིན་ནའང་། ལག་ལེན་གྱི་སྒང་ནས་མང་པོ་ཞིག་གིས་དམ་ཚིག་ཤོར་བཞིན་ཡོད་དེ། དེ་ནི་མིའི་རིགས་ལ་གཞར་ཡང་བདོག་སྲིད་པའི་གནས་ལུགས་དང་ལག་ལེན་གྱི་ཧེ་བག་རེད་ཅེས་བརྗོད་ན་ཡང་རང་ཉིད་ལ་བདེན་ཁ་བྱིན་ནས་ཁ་གཡར་བ་ཁོ་ན་ཙམ་མིན་པ་འདྲ།

“ཁྱེད་རང་སྔོན་ལ་ཉོལ་ཅེས”ལབ་པ་ན། ཁོ་མོས་“འུ་གཉིས་ཀྱིས་ཙོག་ལ་ཁ་བརྡ་བྱེད་”ཟེར། ངས་གློག་གཟིམ་རྗེས་ཉལ་ཁྲིའི་ཟུར་སྣེ་ལ་ཙོག་ཡོད་པའི་ཁོ་མོའི་འཁྲིས་སུ་བཅར་ནས། “ཆུང་དུས་ཁྱེད་ཀྱིས་ང་རུམ་པ་བརྗེད་སོང་ངམ། དོ་ནུབ་ཡང་བསྐྱར་ཐེངས་ཤིག་རུམ་རོགས”ཞེས་བརྗོད་པ་ན། “ཨ་ཅེ་ཞིག་ལ་ཁ་བཙོག་བྱེད་རྒྱུ་ངོ་མི་ཚའམ”ཟེར་ཞོར་གྱོན་པ་ཕུད་དེ་ཉལ། ང་ཡང་དེ་ལྟར་ཁོ་མོའི་རུམ་ལ་འཛུལ།
ངའི་སྙིང་ཆུང་ལྟིག་ལྟིག་ལྡིང་། ཁོ་མོས“ལས་དབང་ཟེར་བ་ངོ་མ་ཡ་མཚན”རེད་ཟེར།
ངོ་མ་མཚམས་ལན་རེར་ཡོད་ཚད་ལས་དབང་གིས་བཀོད་སྒྲིག་བྱས་ཡོད་པ་འདྲ་ལ། བོད་པའི་རིག་གནས་ཀྱི་ཁྲོད་ནས་བཤད་ཀྱིན་པའི་མི་རྟག་པ་དང་སྐད་ཅིག་མ། ལས་དབང་། རྒྱུ་འབྲས་ཟེར་བ་སོགས་ཉམ་ཆུང་གི་མིའི་རིགས་ལ་བསྐོར་ནས་ཡོད་པ་འདྲ།

མཚན་མོ་དེར། ང་རང་དེ་ལྟར་ཁོ་མོ་དང་ལུས་འབྲེལ་བྱུང་སོང་།
ཁོ་མོས་“ད་ལྟ་ང་ལ་ཁེར་རྐྱང་གི་ཚོར་བ་ཅི་ཡང་མེད། བུ་ཆུང་ཞིག་གི་འདུག་རོགས་ཡོད་ཟེར། ང་རང་ཡ་མཚར་ཏེ་ཁྱེད་རང་གཉེན་སྒྲིག་ཟིན་ནམ་”ཞེས་ལབ་པ་ན།
“གཉེན་སྒྲིག་མེད་”ཟེར།
  “འོ་ན་བྱིས་པའི་ཨ་ཕ་སུ་ཡིན།”
ཁོ་མོ་དགོད་ཙམ་བྱེད་པ་ལས་ལན་ཅི་ཡང་མ་བཏབ།
ཁོ་མོས་དངན་པ་རིང་མོ་ཞིག་འཐེན་རྗེས་ང་ལ་གཏམ་རྒྱུད་ཅིག་བཤད་བྱུང་།
ང་རང་མི་ལས་ངན་ཞིག་ཡིན་པ་ཁྱེད་ཀྱིས་ཀྱང་ཤེས་ནི་རེད། དང་ཐོག་སྡེ་བའི་མི་ཚང་མས་ཡུགས་ས་མར་འཛེམ་ནས་ངའི་ཉེ་སར་བཏུད་མཁན་གྱི་མི་གཅིག་ཀྱང་མེད་ལ། ཐ་ན་ཁ་བརྡ་བྱེད་ས་ཞིག་ཀྱང་མེད་པས་ལན་རེར་རང་སྲོག་གཅོད་དགོས་སྙམ་པའི་སེམས་བྱུང་ཀྱང་སྐྱེས་མྱོང་། ཡིན་ནའང་སྤྱི་ཚོགས་ལ་འགྱུར་བ་བྱུང་བས་ཕྱིས་སུ་ང་ཡོད་སར་མཚན་ཉུལ་དུ་ཡོང་མཁན་གྱི་སྐྱེས་པ་ཡང་ཇེ་མང་དུ་སོང་། ངའི་སེམས་སུ་ཡུགས་ས་མ་ཞིག་ལ་མཚོན་ན་ཁོ་ཚོ་ལ་དགེ་བ་རེ་སྦྱིན་ཐུབ་པ་བདེ་སྐྱིད་དུ་སྒོམ་པ་དང་ཁེར་རྐྱང་དང་སུན་སྣང་གི་སྡུག་བསྔལ་སེལ་ཆེད། ཁོ་ཚོའི་འདོད་པ་དང་ལེན་བྱས་པ་ཡིན་མོད། ཁོ་ཚོ་རེ་རེ་བཞིན་མཚན་མོའི་འདོད་པའི་ཕྱིར་དུ་ང་བཙལ་ནས་ཡོང་བ་ལས། ཉིན་དཀར་ཉི་མའི་འོག་ཏུ་ང་རང་ལ་ངོ་སྟོན་མཁན་གཅིག་ཀྱང་མེད། ཡིན་ནའང་། གནམ་རྒན་མས་ང་ལ་བུ་ཆུང་ཞིག་གནང་བྱུང་། རང་གི་སྲོག་ལས་ཀྱང་གལ་ཆེ་བའི་བུ་ཆུང་ཡོད་པས་ང་ལ་ཡང་བདེ་སྐྱིད་ཀྱི་འཚོ་བ་གསར་བ་ཞིག་ཆགས་ཡོད་ཟེར། 
“བྱིས་པའི་ཨ་ཕ་སུ་ཡིན”ཞེས་ངས་བསྐྱར་དུ་དྲིས་པ་ན། 
“ཁོ་མོས་དེ་གཙོ་བོ་མ་རེད།
སུ་ཡིན་ཤེས་ཀྱང་ཡུགས་ས་མ་ཞིག་གི་བུའི་ཨ་ཕའི་མིང་ལེན་སྲིད་དམ།”
“དེ་རྒྱུ་འབྲས་ལ་ག་ལ་རན་ཨང་། འུ་ཚོའི་མི་རིགས་རྒྱུ་འབྲས་བརྩི་བའི་མི་རིགས་ཤིག་ཡིན་པ་མིན་ནམ་”ཞེས་སློབ་ཆེན་སློབ་མའི་ཁ་ཤོམ་དེ་ཁོ་མོའི་སྟེང་ལ་བརྗོད་པ་ན། ཁོ་མོས་“དེས་ན་དེང་ཕྱིན་ཁྱེད་རང་བྱིས་པའི་ཨ་ཕ་བྱས་ན་ཅི་འདྲ་རེད་”ཟེར། རང་ཐོག་ལ་བསྐོར་དུས་ང་རང་གློ་བུར་དུ་འགག་སོང་། སྐད་ཅིག་མ་དེར། ངས་དྲང་བདེན་དང་རྒྱུ་འབྲས་དང་ཀུན་སྤྱོད་སོགས་ཆེན་པོ་ཆེན་པོ་གླེང་མཁན་དག་ལ་ཅི་འདྲའི་སྙིང་བོ་མི་འདུག་ཨང་སྙམ།

ཁོ་མོ་དགོད་ཞོར་ན་རེ། “ཀུ་རེ་ཡིན། ཁྱེད་ཀྱིས་བདེན་པར་རློམ་བཞིན་ཡོད་དམ། 
 ཀློའུ་རྒན་”ཞེས་ངའི་བྲང་གཞུང་ལ་ཁུ་ཚུར་གྱིས་དལ་བུར་བཞུས།
“ངས་ཁྱེད་ལ་ད་རུང་གསང་བ་ཞིག་བཤད། ཡིན་ནའང་ཁྱེད་རང་ངའི་སྟེང་ལ་ཁོ་ཆད་མི་ཆོག་ཟེར།”
“ག་བ། ག་བ། གཏན་ནས་མི་སྲིད”ཅེས་ལབ་པ་ན། “འུ་ཚོའི་སྡེ་བའི་ནང་ན་ཕལ་ཆེར་ང་དང་ལུས་འབྲེལ་བྱུང་མ་མྱོང་བའི་སྐྱེས་པ་གཅིག་ཀྱང་མེད། ཐ་ན་ཁྱེད་ཀྱི་ཨ་ཕ་དང་ཕུ་བོ་ལ་ཡང་འབྲེལ་བ་བྱུང་མྱོང་། སྡེ་བས་སྐྱེས་པ་ཚོའི་མིག་ལམ་ན་ང་རང་ནི་འདོད་ཆགས་ཅན་གྱི་ཡུགས་ས་མ་ཞིག་ལས་ཅི་ཡང་མིན་ན་ཡང་། ངས་ནི་ཁོ་ཚོ་ལ་བདེ་བ་སྦྱིན་པ་རང་གི་དགེ་བ་ཞིག་ཏུ་སྒོམ་པ་ལས་ཐབས་ཅི”ཞེས་མིག་ཆུ་གཏོང་བཞིན་བཤད་བྱུང་།
སྐབས་དེར། ངས“སྐྱག་གཟན་དེ་ཚོ”ཞེས་སྐད་ཤུགས་ཆེན་པོས་སྡིགས་ན་འདོད་མོད། དོན་དམ་དུ་སྐྱག་གཟན་དེ་དག་གི་ཁྲོད་ན་ཨ་ཕ་དང་ཕུ་བོ། ཐ་ན་རང་ཉིད་ཀྱང་འདུ་བས་ངས་ངག་ནས་ཕྱི་རུ་ཅི་ལྟར་སྒོར་ཕྱུང་ཐུབ་ཨང་།
མཚན་མོ་དེར། ཁོ་མོས་ང་ལ་འདོད་པའི་དགེ་བ་སྦྱིན་ཞིང་། ཁོ་མོས་ང་ལ་འཚོ་བར་བཟུང་བའི་རྣམ་འགྱུར་གྱི་ཐད་ནས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དག་གི་གཞུང་ལུགས་སྐམ་པོ་ལས་འགངས་ཆེ་བའི་ལག་ལེན་གསོན་པོ་ཞིག་དམར་ཁྲིད་བྱས།

དེ་ལྟར་ང་རང་ད་ལྟའི་བར་དུ་ཁོ་མོ་ཐེངས་གསུམ་ལ་ཕྲད་མྱོང་ཞིང་། ཆེས་མཐའ་མ་ནི་དབྱར་གནང་ལ་ཕ་ཡུལ་དུ་ལོག་པའི་སྐབས་ཤིག་སྟེ། སྡེ་བའི་ལྷ་ཁང་ཉེ་འདབས་ན་ཉི་མ་ལྡེ་བཞིན་པའི་གསར་བུ་ཚོ་དང་མཉམ་དུ་རྒྱང་རིང་ནས་ཁོ་མོ་མཐོང་བ་ཡིན། སྐབས་དེར་ཁོ་མོའི་རྒྱབ་ལ་སླེ་བོ་ཞིག་ཁུར་ཏེ་བྱིས་པ་ལག་མགོར་བཟུང་ནས་སྡེ་བའི་རྐང་ལམ་དེ་དེད་ནས་འགྲོ་བཞིན་འདུག

ཉི་མ་ལྡེ་བཞིན་པའི་སྐྱེས་པ་ཚོས“ཕན་ཚུན་ལ་ཡུགས་ས་མའི་བུ་ཆུང་གི་ཨ་ཕ་ཁྱེད་རེད་དང་གན་རེད”ཅེས་ཀུ་རེ་རྩེད་ཞོར་ཧབ་ཆ་ཡང་ཡང་བྱེད།
ཉིན་མོ་དེར། ང་རང་འཚོ་བ་ལ་ཡིད་ཆད་སོང་། སྐད་ཅིག་མ་དེར་ཁོ་མོའི་རྗེས་སུ་བརྒྱུགས་ནས་མང་པོ་མང་པོ་ཞིག་གླེང་འདོད་མོད། རལ་གྲི་ལྟ་བུའི་སྡེ་བའི་སྐྱེས་པ་ཚོའི་མིག་མདུན་ནས་ང་ཁོ་མོའི་རྗེས་སུ་སྙེག་པའི་སྤོབས་པ་དང་དཔའ་གདེང་གང་ན་ཡོད།
ང་རང་ཡང་སྒེར་སེམས་ཅན་གྱི་སྐྱག་གཟན་དེའི་རིགས་མིན་ནམ།
དེ་ལྟར། དུས་ནི་སྐད་ཅིག་སྐད་ཅིག་གིས་འགྱུར་ཏེ་སྟོན་མཇུག་གི་ལོ་མ་ག་ཚོད་ཅིག་ས་ལ་ཐོར་ཏེ་དགུན་གཞུང་གི་གྲང་རླུང་ཚོད་མེད་ཅིག་ས་ཆེན་པོའི་ངོས་སུ་ལྡང་ཡོད་ཨང་།

ངས་ད་ལྟ་ཁོ་མོས་འཚོ་བ་ཅི་ལྟར་རོལ་བཞིན་ཡོད་མེད་མི་ཤེས། ཡིན་ནའང་ང་རང་ནམ་མཁའ་སྒྲོལ་མ་དང་གཉེན་སྒྲིག་བྱས་ཏེ་ལས་གནས་དཔེ་སྐྲུན་ཁང་ག་གེ་མོ་ཞིག་ཏུ་བགོས་ཡོད་ལ། ནམ་མཁའ་སྒྲོལ་མ་ཡང་ང་སྡོད་སའི་གྲོང་ཁྱེར་ཟི་ལིང་ན་སློབ་གྲྭ་ཆེན་མོ་ཞིག་གི་དབྱིན་ཡིག་གི་དགེ་རྒན་བྱས་ཡོད། དེ་ལྟ་ནའང་ལོ་འདི་དག་གི་རིང་ལ། ཁོ་མོ་མ་བུ་གཉིས་ཀྱི་རྒྱབ་གཟུགས་དེ་ངའི་མིག་ལམ་ནས་འཇགས་ཐབས་བྲལ། ཟླ་འགའི་སྔོན་ལ་ཡུགས་ས་མ་དེ་དྲན་དུས་སྟོན་མཇུག་ཡིན་ཟེར་བའི་བརྩམས་སྒྲུང་དེ་གྲུབ་པར་བྱས་མོད། ངས་ཁ་སང་དེ་རིང་གི་ཁོ་མོའི་ཚོར་བ་ངོ་མ་དེ་ཤེས་ཐུབ་ཀྱིན་མེད་ལ། ཁོ་མོའི་མ་འོངས་པའི་འཚོ་བའི་ཞགས་པ་གང་ཞིག་ལ་འཕེན་མིན་ཀྱང་བློས་དཔོག་ཐབས་བྲལ། 
 དྲང་མོར་བཤད་ན། བརྩམས་སྒྲུང་དེས། ངའི་འཚོ་བའི་ཁྲོད་ལ་ལེགས་ཉེས་ཀྱི་དོན་དག་གཉིས་འཁྱེར་ཡོང་སྟེ། གཅིག་ནི་རང་གི་སེམས་ཀྱི་གཏིང་རུམ་ནས་ཁུར་བོ་ཞིག་ས་ལ་ཕོག་པ་དང་འདྲ་ལ། ཅིག་ཤས་ནི་ནམ་མཁའ་སྒྲོལ་མས་ཡུགས་ས་མ་དེ་སུ་ཡིན་ཞེས་ནམ་རྒྱུན་ཚར་རྒྱུ་མེད་པའི་བཟའ་འཁོན་སློང་བ་དེའོ།།

       ༢༠༡༣ལོའི་༦ཚེས་༢༣ནམ་གུང་ལ་ཟི་ལིང་གི་རང་ཤག་ཏུ་རྫོགས།
བརྩམས་སྒྲུང་བསྡུས་དེབ《མ་སྐྱེས་ཨ་མ》ལས་བཤུས།

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

qrcode_for_gh_24a680a08df5_430(1)

6 thoughts on “ཡུགས་ས་མ་དེ་དྲན་དུས་སྟོན་མཇུག་ཡིན།

  1. རས་པ།

    གྲོགས་ཀྱི་བརྩམས་སྒྲུང་ཞིབ་ཏུ་བཀླགས་ཟིན། མི་སྣ་དང་ཁོར་ཡུག སྤྱི་ཚོགས་སོགས་སེམས་ལ་འབབ་པ་ཞིག་བྲིས་འདུག ཐུགས་རྗེ་ཆེ།

    ཉི་མ་སློབ་ཆེན་ལ་ཐོན་ནས་ཡུགས་ས་མས་འབོད་དུས་པདྨར་འབོད་དོན་ཅི་རེད།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།