ཁ་བ་ལེབ་མོ། — སྒྲུང་ཐུང་།

50f157a3b6f34

ཚངས་དབྱངས་རྒྱ་མཚོ་དང་དགའ་རི་སྤྱང་གཉིས་ཀྱིས་བརྩམས།

གཅིག

ཁ་བ་ལེབ་མོའི་འཕུར་ལྡིང་རྩེན་པའི་ནངས་ཞོགས་ཤིག་ལ། དགེ་རྒན་སྣང་གསལ་ཡེ་ཤེས་ལགས་ནམ་རྒྱུན་དང་འདྲ་བར་སྔ་མོ་ནས་ཡར་ལངས་ཏེ་ཕྱི་རོལ་དུ་དཔེ་གཟིགས་ལ་སོང་། དྭངས་གཙང་གི་ཁ་བའི་འདབ་མ་རེ་རེ་ཁོའི་གནག་ཅིང་འཁྱིལ་བའི་སྐྲ་ལོའི་གསེང་ལ་འཐིམས། ཁོས་གདོང་ལ་མནབས་བའི་ཤེལ་མིག་དཀར་པོ་དེ་མཛུབ་མོས་ཡར་འདེད་ཙམ་བྱས་ནས་མདུན་དུ་བསྐྱོད།

མཐོ་སྒང་གི་གྲོང་བརྡལ་ཆུང་ཆུང་འདི་ཉིད་དངུལ་དཀར་གྱི་འཇིག་རྟེན་ཞིག་ཏུ་གྱུར་ཡོད་ལ། ཁོ་ར་ཁོར་ཡུག་ཐམས་ཅད་དབེན་འཇགས་ཀྱི་མཁའ་དབུགས་ཤིག་གིས་བཏུམས་འདུག བསེར་བུ་གྲང་མོ་རེ་གདོང་ལ་ཕོག་དུས་ཁོའི་བསམ་པའི་འདུ་ཤེས་ཀྱང་དཔེ་ཆ་ལས་ཕྱིར་འཁྱམས་སོང་།

དགེ་རྒན་སྣང་གསལ་ཡེ་ཤེས་ལགས་ནི་ཡག་ཕོ་སྒོ་འཛོམས་ལ་ཁྱིམ་ཚང་ཡང་རྒྱུ་སྟོབས་ཅན་ཞིག་ཡིན། ཕ་མ་གཉིས་པོས་ཁོ་རང་ཁོག་པའི་སྙིང་དང་དཔྲལ་བའི་མིག་བཞིན་དུ་གཅེས་པས་ཆུང་ལོ་བདུན་གྱི་དུས་ནས་སློབ་གྲྭར་བཞག ཁོའི་ཤེས་རབ་གྱི་རྩལ་དེ་ཙམ་མི་རྣོ་ན་ཡང་སྡུག་རུས་ཀྱི་སྦྱོང་བ་དང་དུ་ལེན་པའི་སྙིང་སྟོབས་དང་ལྡན། སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་དང་སློབ་ཆེན་སོགས་ནས་བོད་ཀྱི་རྩོམ་རིག་གཙོར་བྱས་པའི་རིག་གནས་ཀུན་ལ་སྦྱངས་ཤིང་ཐོས་བསམ་གྱི་འབྲས་བུའང་མི་དམན་པ་བླངས་པར་མ་ཟད། སྙན་ངག་དང་དཔྱད་རྩོམ་ཀྱི་བརྩམས་ཆོས་ཀྱང་ཕུལ་དུ་བྱུང་བ་རེ་བརྩམས་མྱོང་། ལོ་ཉེར་གསུམ་ལ་སོན་དུས་སློབ་ཆེན་མཐར་ཕྱིན་ཏེ་ས་གནས་འདི་ཀརདགེ་རྒན་གྱི་བྱ་བ་གཉེར། དང་ཐོག་སློབ་གསོ་སྡེ་ཁག་གིས་ཁོ་རྫོང་མཁར་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་བཀོད་སྒྲིག་བྱས་ཡོད་ཅིང་། ཕ་མ་གཉིས་ཀས་ཀྱང་ཁོ་ལ་སློབ་འབྲིང་དུ་ལས་ཞུགས་བྱེད་རྒྱུའི་རེ་བ་ནན་གྱིས་ཞུས་ན་ཡང་། ཁོས་པན་ཆེན་རིན་པོ་ཆེའི་“གལ་ཏེ་ངའི་སློབ་མ་ངོ་མ་ཞིག་ཡིན་ན། བོད་ཀྱི་དཀའ་ཁག་ཆེ་སར་བྱ་བ་བསྒྲུབ་ཏུ་སོང་།”ཞེས་པའི་གསུང་གི་གསེར་ཕྲེང་རྡོ་བརྐོས་རི་མོ་ཇི་བཞིན་ཡིད་ལ་བཟུང་ཡོད་སྟབས། ཕ་མ་ལ་གཉིས་ལ་སློབ་གསོ་ཡར་རྒྱས་སུ་གཏོང་དགོས་ན་ངེས་པར་དུ་གཞི་རིམ་སློབ་གྲྭ་རུ་ལས་ཀ་སྒྲུབ་ཏུ་འགྲོ་དགོས་པའི་སྐོར་སོགས་སློབ་གསོ་དང་ཁ་བསྒོ་གང་མང་བྱས་ཤིང་སློབ་གསོ་སྡེ་ཁག་ལ་སྙན་ཞུ་ཕུལ་ནས་ཡུལ་ཚོ་འདི་རུ་འོང་བ་རེད། འདིར་འབྱོར་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་ཁོས་སློབ་སྟོན་པའི་འགན་བཞེས། ད་ལྟ་ཁོ་ལོ་ཉེར་བརྒྱད་དུ་སོན་ཡོད་ལ་སློབ་མ་རེ་རེའི་སེམས་ནང་གི་ཨ་ཕ་ལྟ་བུ་དེ་ཡིན།

ཁོའི་རེ་བའི་ཁེངས་པའི་མིག་དབང་དྭངས་གསལ་གྱི་སྤྱན་ཤེལ་ལས་ཕྱིར་འཕོས་ཏེ་རྒྱང་རིང་གི་ཉག་གའི་ཕྱོགས་སུ་ཅེར། ཁ་བའི་རྡུལ་ཕྲན་རེ་རེ་ནི་དཔོག་པར་ངལ་བའི་གསང་བ་ཇི་བཞིན་ཁོའི་ཕྲག་སྟེང་དུ་བརྩེགས། དེའི་མུ་ལ་ཁོའི་ཡིད་ཀྱི་མེ་ལོང་ངོས་སུ་སློབ་བུ་ཤེས་རབ་ཟླ་བའི་སྙིང་ལ་རྗེ་བའི་ངོ་གདོང་དང་དྭངས་ཤིང་གཙང་བའི་འཛུམ་བག གྲུང་ཤ་དོད་པའི་མིག་མདངས། གནག་ཅིང་སྣུམ་པའི་རལ་བ་སོགས་གསལ་ལེར་འཆར་བྱུང་།

སློབ་བུ་ཤེས་རབ་ཟླ་བ་ནི་སློབ་གྲྭའི་སློབ་མ་ཚོའི་ནང་གི་སྦྱངས་འབྲས་དང་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་ནས་ཆེས་ཕུལ་དུ་བྱུང་བའི་སློབ་བུ་དེ་ཡིན་སྟབས། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱང་ཁོ་རང་ལ་འདང་རྩིས་མི་ཆེ་བ་ག་ལ་སྲིད། ཁོ་ལ་འདང་བརྩེ་ཟབ་པར་མ་ཟད་ཁོ་རང་གི་བུ་བཞིན་དུ་སྙིང་ནས་གཅེས། ཡིན་ན་ཡང་། ད་ཐེངས་སློབ་སྐབས་གསར་བ་ཚུགས་པ་ནས་བཟུང་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་སློབ་བུ་ཤེས་རབ་ཟླ་བའི་ལུས་ཀྱི་གྲིབ་མ་ཙམ་ཡང་མཐོང་ལམ་དུ་མ་གྱུར་བས། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་རྣམ་ཤེས་སློབ་བུའི་ཕྱོགས་སུ་ཤོར་ཞིང་ཉིན་རྒྱུན་ལྟར་ཁོ་ལོག་ཡོང་བར་རེ་སྒུག་བྱས་སོ། །

གཉིས།

ཉིན་གུང་དུ་སླེབས་ན་ཡང་ཁ་བ་འབབ་མཚམས་མ་ཆད། སློབ་ཐུན་གྲོལ་བའི་ཅོང་སྒྲའི་གདངས་དབྱངས་དང་འགྲོགས་ནས་དགེ་རྒན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ཁྱིམ་དུ་ལོག དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཀྱང་དཔེ་ཆ་ཞིག་རུམ་དུ་བཅུག་ནས་རང་ཁྱིམ་དུ་ལོག སྒོ་འགྲམ་དུ་སླེབས་སྐབས་ཁོས་སྒོ་ཡི་སྲུབས་ཀའི་བར་ན་ལྟེབས་ཅིང་གཉེར་བའི་ཤོག་ལྷེ་འགའ་བཞག་འདུག་པ་མཐོང་། ཁོའི་སེམས་སུ་ཁྱིམ་མཚེས་ཀྱི་བྱིས་པ་པྲ་ཚག་འདི་ཇི་འདྲའི་འཚིག་པ་ཟ་བྱེད་ཅིག་རེད་ཨང་སྙམ་བཞིན་ཤོག་ལྷེ་བླངས་ནས་སྒོ་ནང་དུ་འཛུལ། ཁོ་ཐད་ཀར་མེ་ཐབ་ཀྱི་འགྲམ་དུ་སོང་ནས་ལག་གི་ཤོག་ལྷེ་གཅིག་བླངས་ཤིང་མེ་བསྒོས་ཏེ་ཐབ་ཁུང་དུ་འཕངས། ཁོས་ཡང་བསྐྱར་ཤོག་ལྷེ་གཅིག་བླངས་ནས་མེ་ལ་བསྒྲོན། མེ་ལྕེ་ཡིས་ཕྱེད་ཙམ་བསྲེགས་ཚར་རྗེས་ཤོག་ལྷེའི་ངོས་ཀྱི་ཡིག་ཕྲེང་འགའ་མིག་ལམ་དུ་བརྒྱུད་ཙམ་བྱས་པས། ཁོས་ཧ་ལས་པའི་ཉམས་དང་བཅས་ཅི་ཡིན་སྙམ་ཞིང་མྱུར་མོར་མེ་བསད་དེ་བལྟས་པ་ན། དགེ་རྒན་ཞེས་བའི་ཡིག་འབྲུ་གཉིས་པོ་གསལ་ལེར་མངོན། གྲལ་དག་པའི་ཡི་གེ་འདི་དག་ནི་མིག་ལ་འདྲིས་ཆེ་བའི་ཡིག་གཟུགས་ཤིག་རེད་ཨང་།

“ཨ་ཙི། འདི་ནི་ངས་སྙིང་ནས་གཅེས་པའི་སློབ་བུ་ཤེས་རབ་ཟླ་བའི་ཡིག་གཟུགས་མ་རེད་དམ།”

ཁོས་ཤོག་ལྷེ་གཞན་གཉིས་པོ་བླངས་ཤིང་མྱུར་མོར་མགོ་མཇུག་ཤིག་བསྒྲིག་ཏེ་བལྟས་ཙ་ན། ཤོག་ལྷེའི་ངོས་སུ་བྲིས་པའི་ཡི་གེ་ནི་འདི་ལྟ་སྟེ།

གུས་ཤིང་བརྩེ་བའི་དགེ་རྒན་སྣང་གསལ་ལགས།

ཉེ་ཆར་ཁྱེད་དགེ་སློབ་ཡོངས་ཀྱི་སྐུ་ལུས་བདེ་བར་བཞུགས་སམ། སློབ་གྲོགས་ཚོས་རྒྱུན་པར་ང་གླེང་གིན་ཡོད་དམ། ད་དུང་ངའི་གྲལ་མཚེས་ཚེ་རིང་སྐྱབས། ཁོས་སྣབས་ལུག་རོ་འདྲ་བ་རེ་དྲུད་ནས་ང་ཕྱིར་སློབ་གྲྭར་ཡོང་བར་སྒུག་ཡོད་དམ། དགེ་རྒན་ལགས། ངས་ཁྱེད་ཚོ་དྲན་བཞིན་ཡོད། དེ་རིང་ངས་ཁོམ་གསེང་བརྒྱུད་ནས་འཕྲིན་འདི་འབྲི་ཁར་སེམས་སུ་སྐྱོ་བ་ཞིག་དབང་མེད་དུ་སྐྱེ་ཡོང་། སློབ་སྐབས་གསར་བ་མགོ་ཚུགས་དུས་ང་རང་སྔོན་ཆད་ལྟར་དགའ་དགའ་སྤྲོ་སྤྲོ་ཡིས་ཁྱེད་ཅག་དང་མཉམ་འཛོམས་བྱེད་པའི་བསྐལ་བ་ཤར་མ་སོང་། དབེན་པའི་རི་སུལ་དག་ནས་ཁ་བ་བུ་ཡུག་གདོང་གིས་བསུས་ཏེ་ཕྱུགས་ཟོག་གི་རྗེས་སུ་སྙེག་དུས། ངས་དགེ་རྒན་ཁྱེད་ཉིད་ལྷག་ཏུ་དྲན་ཞིང་རང་ཉིད་ནི་ཇི་འདྲའི་མི་ལས་ངན་ཞིག་རེད་སྙམ་བའི་སྣང་བའང་བཅོས་མིན་དུ་ཤར་ཡོང་། ང་རང་སློབ་གྲྭར་ཞུགས་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ཞེ་ན། ཟླ་བ་འདིའི་ཟླ་མགོར་ངའི་ཨ་ཕ་ལ་ནད་གཞི་ལྕི་མོ་ཞིག་གིས་མནར་ནས་མལ་སར་ལྷུང་སོང་། མ་ཡར་གྱིས་ཨ་ཕ་ལ་བདག་སྐྱོང་དང་ཁྱིམ་ལས་ཙ་ཙིག་ལ་གཞོལ་བ་དང་། ངས་ནི་ནོར་རྫི་བྱས་ཏེ་རི་ཐང་ཀུན་ལ་བརྒྱུགས་དགོས། ཟླ་བ་འདི་དང་ཟླ་སྔོན་མ་ལ་གངས་ཐན་ཡང་ཡང་བྱུང་བས་ངེད་ཚང་གི་ནོར་མང་ཤས་ལྟོགས་གྲིར་ཤི་སོང་། ཨ་ཕ་མེད་པས་མ་ཡར་ངེད་གཉིས་ཀྱིས་ཟོག་གི་བེམ་རོ་བཤའ་ཡང་མི་ནུས། ངེད་ཚང་གི་འབྱོར་འཁོས་ཧ་ཅང་ཞན་སྟབས་ཨ་ཕར་འདང་ངེས་བའི་སྨན་ཞིག་ཀྱང་ཉོ་མ་ཐུབ། ཨ་ཕས་སྔོན་ཆད་དུས་རྒྱུན་བཤད་བའི་ཨ་ཁུ་བསྟན་ནོར་དྲིན་ཅན་ཚང་གི་རུ་ནི་རུ་ཆེན་འདིའི་དགུན་སའི་མར་སྣེ་ན་ཡོད་སྟབས། ཁོ་ཚང་གྲོགས་སུ་སྦྲན་པར་འགྲོ་ཟེར་ན་ཐག་ཧ་ཅང་རིང་བས་ལམ་མི་ཆོད་པར་དོགས། ང་རང་དགོང་མོ་རེར་ཁྱིམ་དུ་ཐོན་སྟེ་ཨ་ཕའི་ཟུངས་ཟད་པའི་ལུས་པོ་དང་དོང་ལ་བརྡིབས་བའི་མིག་ཟུང་། སྐད་འདར་ཞོར་ང་ལ་ཨ་ཕའི་ཤེར་པོ་ཞེས་འབོད་པ་སོགས་མཐོང་ཐོས་སུ་གྱུར་ཚེ་ཡ་ཆུང་སྙིང་ལ་གཟོད་མཐའ་བྲལ་བའི་ཟུག་གཟེར་དྲག་པོ་ཡིས་མནོན་ཡོང་། མིག་ཆུའི་ཕྲེང་ཐག་ཀྱང་དབང་མེད་དུ་འཐོར་འགྲོ མ་ཡར་གྱིས་ནི་གདུང་སེམས་བཅིངས་བ་ལྟ་ཅི་ད་དུང་འདི་ལྟ་བུའི་འཚོ་བ་ལ་སུན་པ་སྐྱེས་ཏེ་ལན་འགར་མོ་རང་གི་ཡུལ་ལ་འབྲོ་གྲབས་བྱས། ངས་དངོས་གནས་སེམས་ཀྱིས་མ་བཟོད་པར་ལྐོགས་ནས་མ་ཡར་གྱི་སྒོར་ཁུག་ལས་སྒོར་མོ་ཉིས་བརྒྱ་ཙམ་ཁྱེར་ཏེ་ཡུལ་ཚོའི་སྨན་ཁང་ལ་སྨན་ལེན་དུ་སོང་། ཉིན་གཉིས་ཙམ་འགོར་ནས་ཕྱིར་སླེབས་པ་ན་མ་ཡར་ཁོང་ཁྲོ་གཏིང་ནས་ལངས་ཏེ་ང་ལ་བརྡུང་། ཉོས་ཡོང་བའི་སྨན་ཐམས་ཅད་སྒྱེད་ཁུང་དུ་འཕངས་ནས་མེ་ལ་བསྲེགས། དེར་མ་ཟད་ཨ་ཕ་ལ་ཕོ་ཡུགས་ནད་རོ་མ་ཟེར་ནས་སྡིགས་མོ་སྣ་ཚོགས་བྱེད། ངས་ཀྱང་ཁོང་ཁྲོ་མ་ནོན་པར་མ་ཡར་ལ་“ཨ་ཕས་ཉོས་པའི་བྱི་རུའི་རྐེ་རྒྱན་རྣམས་ཕྱིར་སྤྲོད། དེ་དག་བཙོང་ནས་སྨན་ཉོ་སྤྱད་བྱེད་དགོས་”ཞེས་མོ་དང་ཁ་འཐབ་བྱས་ན་ཡང་། མོ་སྔར་ལས་ཇེ་བཙན་དུ་གྱུར་ཏེ་་་་

མཚམས་འདིའི་མན་ཆད་ནི་མེ་ཡིས་བསྲེགས་ཤུལ་ལས་མེད་པས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་ཞེ་ལ་ནོངས་འགྱོད་དྲག་པོ་ཞིག་སྐྱེས།

“ ཨ་ཁ། བརླགས་བཏང་ཐལ། ད་ཅི་འཕྲིན་ཡིག་བསྲེགས་མེད་ན་ཅི་མ་རུང་།”ངག་ནས་དབང་མེད་དུ་ཐལ། འཕྲིན་ཡིག་གི་མཇུག་གི་དོན་ཐམས་ཅད་ནི་མེ་ལྕེས་ལྡག་ཤུལ་གྱི་ཐལ་བ་རུ་གྱུར་པས། ཤེས་རབ་ཟླ་བའི་གནས་ཚུལ་དག་གིས་ཁོའི་སེམས་སུ་དོགས་པ་དང་འདྲི་གཞི་རི་ལྟར་སྤུངས། དེ་དག་རྟོགས་འདོད་ཀྱི་འདུན་པ་ཆེ་ཆེར་སྐྱེས་ཤིང་བྱས་ཉེས་ལ་འགྱོད་པས་ཁེངས་ཏེ་རང་གིས་རང་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས། ཁོས་རང་གི་སློབ་བུ་ལ་གདུང་སེམས་ཚད་མེད་བཅིངས་པ་དང་བསྟུན་ནས་དོན་རྐྱེན་མི་ལེགས་པ་རེ་བྱུང་ཡོད་མེད་བསམ་པའི་ཚེ། སྙིང་ལ་ཚ་ཙག་རེ་བརྒྱབ་ནས་བློ་ནི་བློང་བློང་བོར་གྱུར།

“འཕྲིན་འདི་སློབ་བུ་ཁོ་རང་གིས་བཞག་ཡོང་བ་རེད་དམ། ཡང་ན་མི་གཞན་ཞིག་ལ་བསྐུར་ཡོང་བ་རེད།”

ཁོའི་སེམས་སུ་བློ་ཉིས་འགལ་གྱི་ཕུང་པོ་བརྩེགས་ཤིང་བསམ་པར། སྔོན་ཆད་ཤེས་རབ་ཟླ་བ་ལོ་རིམ་གཉིས་པའི་སྐབས་སུ་རང་སློབ་མ་འགའ་འཚོལ་བའི་ཕྱིར་དུ་ལུང་སྐྱ་སྡེ་བའི་རུ་ཆེན་གསུམ་པའི་ནང་དུ་འགྲོ་མྱོང་ལ། སློབ་བུ་ཤེས་རབ་ཟླ་བའི་ཁྱིམ་གང་དུ་ཡོད་པའང་གསལ་བོར་ཤེས། ད་ནི་གང་ལྟར་ཀྱང་དོན་དག་རྩར་གཅོད་རེ་བྱས་ནས་ངེས་བར་དུ་རང་གི་སློབ་བུ་འཚོལ་དུ་འགྲོ་དགོས་བསམ་ཤིང་། མལ་ཁང་དུ་ཕྱིན་ནས་གོན་པ་དང་ཅ་ལག་མཁོ་ཆས་རྣམས་ལ་བསྡུ་གསོག་བརྒྱབ། སླར་ཡང་སེམས་སུ་སློབ་གཙོ་ལ་གནང་བ་རེ་ཞུ་ཁུལ་དགོས་ཀྱང་དེ་ནི་ངལ་བའི་རྒྱུ་ལས་མེད། ཉེ་སྔོན་གང་ལས་ཀྱང་ཚབས་ཆེ་བ་ནི་ཤེས་རབ་ཟླ་བའི་གནས་ཚུལ་ལེགས་པོ་མིན་པ་ཐག་གིས་ཆོད། དེ་ལས་ཐད་ཀར་བུད་འགྲོ་ན་དགའ་སྙམ་ཞིང་སྒོ་ནས་ཕྱིར་ཐོན།

ཁོས་ལམ་བྲོ་ཙམ་ཡང་མ་ཁྱེར་བར་སློབ་གྲྭའི་ཕྱུགས་ར་རུ་སོང་ནས་རྟ་གཡར། མ་གཞི་དེ་ནི་སློབ་བཤོལ་སློབ་མ་འཚོལ་བྱེད་ཀྱི་བཞོན་རྟ་རྐྱང་ར་རེད། སྔོན་ཆད་ཀྱང་ཁོས་རྟ་འདི་བཞོན་ནས་སློབ་བཤོལ་སློབ་མ་འཚོལ་ཕྱིར་དང་ལུང་སྔོན་དང་ལུང་སྐྱ། སྡེ་ར་གོང་ཞོལ་གྱི་ས་ཀྱོག་ལུང་ཀྱོག་ཐམས་ཅད་དུ་རྡུལ་དམར་འཚུབས་སེ་བརྒྱུགས་མྱོང་།

ཁོས་སྒོ་སྲུང་ལ་“ད་ཅི་མི་སུ་ཞིག་ངའི་སྒོ་འགྲམ་ན་འགྲོ་བ་འདྲ་ཨེ་མཐོང་”ཞེས་དྲིས་པ་ན། སྒོ་སྲུང་གིས་“མཐོང་སོང་། ལུང་སྐྱའི་སྡེ་དཔོན་ཚང་གི་བུ་རེད། ད་ཅི་བར་སྐབས་ཤིག་ན་ཁྱོད་ཀྱི་ཁང་པའི་སྒོ་འགྲམ་ན་འཁོར་གྱིན་འདུག”ཅེས་ལན་བསློགས། ཡང་གདོང་ལ་དོགས་པའི་ཉམས་ཤིག་མངོན་ནས་“ཅི་རེད། ཅ་ལག་རེ་བརྐུས་སོང་བ་མིན་ནམ།”ཞེས་གཏིང་འདྲི་བྱས།

ཁོས་ལན་དུ་“མིན། ཅ་ལག་གང་ཡང་བོར་སྟོར་བྱུང་མེད།”སླར་ཡང་འཚུབ་ཆ་ལངས་བའི་ཉམས་ཤིག་མངོན་ནས་“ཁོ་རང་གང་དུ་བུད་ཐལ”ཞེས་དྲིས།

སྒོ་སྲུང་བས་གར་སོང་མ་ཤེས་པའི་བརྡ་ལ་མགོ་བོ་འཕྲེད་དུ་གཡུག

ཁོས་གདོང་ལ་ཡིད་ཕམ་པའི་རྣམ་འགྱུར་ཞིག་མངོན་བཞིན་རྟ་ལ་ཞོན་ནས་སློབ་གྲྭ་དང་ཁ་གྱེས། ཡུལ་ཚོའི་སྲང་བར་ཀུན་ཏུ་སྡེ་དཔོན་ཚང་གི་བུ་བཙལ་ཀྱང་མ་རྙེད་ནས་ཐད་ཀར་ལུང་སྐྱ་སྡེ་བར་འགྲོ་བའི་ལམ་དུ་ཞུགས་སོ། །

གསུམ།

དགུན་ཟླ་མགོ་མའི་ཙག་རླུང་གིས་ལྷོད་ཀྱིས་འབབ་པའི་ཁ་བའི་འདབ་མ་དག་བྱེའུ་ཆུང་ཁྲ་ཡིས་འདེད་པ་ཇི་བཞིན་ཕྱོགས་ཕྱོགས་སུ་བདས་འགྲོ། བར་སྣང་ན་འཕྱོ་ཞིང་མཆོང་རྒྱུག་རྒོད་པའི་གྲང་ལྷགས་དང་བུ་ཡུག་གིས་སྡེ་ལམ་ཕྲ་མོ་དེའང་བསུབས་སོང་། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་སྤུ་གྲི་ལྟ་བུའི་ལྷགས་པ་གདོང་གིས་བསུས་ནས་ལུང་སྐྱ་སྡེ་བའི་ཕྱོགས་སུ་བསྐྱོད། ཁོའི་སྐེ་དཀྲིས་དང་ཚ་རུའི་གོང་བ་ཐམས་ཅད་བ་མོ་དཀར་པོས་གཡོགས་འདུག་ལ་དབུགས་ཀྱི་འབྱིན་རྔུབ་དང་བསྟུན་ནས་ཁ་རླངས་དཀར་ལྷོག་ལྷོག་ཏུ་འཐུལ་ཡོང་། ཁོའི་གྲུང་ཤ་ཆགས་པའི་མིག་ཟུང་ལ་རེ་བའི་ཁེངས་ཤིང་ཞུམ་པ་མེད་པའི་སྙིང་སྟོབས་ཤིག་རྒྱས་ཏེ། རྟ་ལ་ཡོབ་རྡེབ་དང་ལྕག་གིས་བསྐུལ་ཏེ་མུ་མཐུད་དུ་མདུན་ལ་བསྐྱོད།

ལུང་སྐྱའི་བྲག་དམར་དུ་སླེབས་སྐབས་ཁ་བ་དང་བུ་ཡུག་གིས་གནམ་ས་ཐམས་ཅད་འགེམས་ལ་ཁད་བྱེད་པའི་ཚད་དུ་གདའ། མདུན་གྱི་ལམ་བུ་ཕྲ་མོ་དེའང་བུ་ཡུག་གི་ཡོལ་བས་བསྒྲིབས་པས་གོམ་གང་ཚུན་གྱི་རྡོག་ལམ་མ་གཏོགས་རྩ་བ་ནས་མཐོང་མི་ཐུབ། ཁོས་འདི་ལྟ་བུའི་ཁ་བ་བུ་ཡུག་ཁྲོད་ལམ་ཀྱང་ཆོད་དཀའ་བས་ཡུད་ཙམ་ལ་རླུང་གཡོལ་བྱས་ནས་ལམ་ལ་ཞུགས་ན་དགའ་སྙམ། སྟབས་ལེགས་ན་བུ་ཡུག་ལྡིང་མཚམས་མི་འཇོག་པའི་ངེས་པ་ཀྱང་ག་ལ་ཡོད། ཁོ་རྟ་ལས་བབས་ཏེ་རྟ་ཁྲིད་ནས་བྲག་ཕུག་ཏུ་རླུང་གཡོལ་བྱེད་པར་སོང་། བྲག་ཕུག་ཏུ་ངལ་གསོ་ཅུང་ཙམ་བྱས་པ་ན་ཁོའི་དྲན་ཤེས་ཀྱི་རྟ་ཕོ་དེ་ཕྱིར་དྲན་གྱི་ཞིང་ཁམས་སུ་ཤོར་སོང་།

ལུང་པའི་ཉག་ག་ནས་བུད་དུས་བསིལ་བསེར་གྱི་ནང་ན་འཁན་པའི་དྲི་ངད་ལྷང་ལྷང་འཐུལ་བའི་ལུང་སྔོན་ལ་དབྱར་དུས་ཀྱི་དཔལ་ཡོན་རྣམ་པར་རྒྱས་འདུག དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་བཞོན་རྟ་རྐྱང་ར་ལ་ཞོན་ཞིང་ཤེས་རབ་ཟླ་བ་རྟ་འཕོང་ལ་བཟུང་། ཁ་ནས་ཤུགས་གླུ་ཀྱུ་རུ་རུ་ལེན་བཞིན་བྲེལ་མེད་དལ་མེད་ཀྱི་ངང་ནས་ཀྱ་ཀྱུར་འཐེན་པའི་ལམ་ལ་བསྙེགས། མ་གཞི་ནི་ཁོང་གཉིས་སློབ་བཤོལ་སློབ་མ་གཉིས་འཚོལ་བའི་ཕྱིར་དུ་སྡེ་ལམ་ཕྲ་མོ་འདི་ལ་ཞུགས་པ་ཡིན། དགེ་རྒན་སྣང་གསལ་ཡེ་ཤེས་ནི་ས་འདི་དང་ལམ་འདི་ལ་ཆ་མེད་རྒྱུས་མེད་སྟབས་ཤེས་རབ་ཟླ་བ་ལམ་སྟོན་པར་ཁྲིད་འོང་བ་རེད།

དྲོད་འཇམ་གྱི་ཉི་འོད་ཀུན་ཏུ་གསལ་ཞིང་རྫ་འགོ་རུ་སྤྲིན་དཀར་གྱི་གོང་བ་འཕངས་པའི་ལུང་སྔོན་གྱི་ན་ལུང་གོང་མ་ན། རྩྭ་ལྗང་དང་ཀུ་ཤ། ན་རུ་སེར་པོ། ལུག་རུའི་མེ་ཏོག་སོགས་རྩི་ཏོག་སྣ་བརྒྱ་ཁྲ་ཚོམ་མེར་བཞད་ཡོད་ལ། དྭངས་གཙང་གི་ཆུ་མོས་ཤང་ཤང་གི་གདངས་དབྱངས་དང་འགྲོགས་ནས་བཞུར་རྒྱུན་རྒྱང་ལ་བསྲིངས། ཤ་ཤེད་བཟང་བའི་ནོར་ཁྱུ་དང་ལུག་ཁྱུས་རི་ཐང་ཀུན་ན་བག་ཡངས་ཀྱིས་རྩྭ་ཆུ་ལ་རོལ་བཞིན་ཡན་འདུག རྫི་གླུ་སྙན་མོ་རེ་དུས་མིན་དུ་རྣ་ལམ་ལ་འཁོར་ཡོང་བས། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་སེམས་སུ་དབྱར་དྲུག་པའི་རྩྭ་རྟིང་འོ་མ་རེད་ཟེར་བ་ཅིས་ཀྱང་མ་བདེན་སྙམ་ཞིང་། ལུས་སེམས་ཀྱི་ངལ་དུབ་སོས་པའི་སྣང་བ་སྐྱེས། རྩྭ་ཆུའི་དཔལ་ཡོན་ཕུན་སུམ་ཚོགས་པའི་ན་ལུང་གོང་མས་ཁོ་གཉིས་ཀྱི་ཡིད་སེམས་རབ་ཏུ་བཀུག་པ་དང་། རེ་ཞིག་ལ་ངལ་གསོ་བྱེད་བསམས་ནས་རྟ་ལས་བབས། བཞོན་རྟ་ལ་མན་སྲབ་བྱས་ནས་རྩྭ་ལ་མངགས། ཁོ་གཉིས་བདེ་ཞིང་འཇམ་པའི་རྩྭ་གསེང་དུ་ཀན་རྐྱལ་ལ་ཉལ་ནས་གནམ་སྔོན་དང་སྤྲིན་དཀར་ལ་བལྟས། རྩྭ་ལ་རྔམས་པའི་ནོར་ཁྱུས་ཀྱང་ཁོ་གཉིས་ཀྱི་གན་ནས་རྩྭ་ཟོས་ཤིང་། རྩྭ་སྔོན་ལྡད་པའི་སིད་སིད་ཀྱི་སྒྲ་ཡང་རྣ་བར་ལྷག་ཏུ་སྙན།

“ཁྱོད་ལ་མཚོན་ན་འཇིག་རྟེན་འདིར་ཆེས་དོན་སྙིང་དང་ལྡན་པའི་དོན་ནི་ཅི་ཞིག་ཡིན་པར་འདོད།”

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ནམ་མཁའི་སྤྲིན་དཀར་ལ་བལྟས་ནས་ཤེས་རབ་ཟླ་བར་དེ་ལྟར་དྲིས།

“ང་རང་ལ་སློབ་གྲྭ་འགྲིམ་པའི་སྐལ་བ་བཟང་པོ་ཐོབ་པ་དང་དགེ་རྒན་ཁྱེད་དང་འཕྲད་པ་ནི་རང་ལ་མཚོན་ན་ཆེས་དོན་སྙིང་ལྡན་པ་དང་ཆེས་བདེ་སྐྱིད་ལྡན་པའི་དོན་རེད་བསམ།”ཤེས་རབ་ཟླ་བས་རྩྭ་ཀུ་ཤ་ཞིག་སོ་བར་ལ་བཟུང་བ་དང་འཛུམ་མདངས་བག་བྲོ་པོ་ཞིག་ཁྱེར་ནས་དེ་སྐད་སྨྲས།

“རེད། རིག་གནས་སྦྱོང་པའི་སྐལ་བ་ཐོབ་པ་ནི་ཁྱེད་རང་ལས་ཅན་ཞིག་ཡིན་པས་རེད། རྗེས་སུ་སློབ་གྲྭ་རིམ་པ་བཞིན་བརྒྱུད་སྐབས་ང་ལས་ལྷག་པའི་དགེ་རྒན་བཟང་པོ་ལ་འཕྲད་ངེས་ཡིན།”

“དགེ་རྒན་ལགས། ང་རང་སློབ་གྲྭ་གཞན་ལ་འགྲིམ་འདོད་མེད། རྣམ་ཀུན་ཏུ་རང་སློབ་གྲྭ་ནས་བསྡད་དེ་ཁྱེད་ཀྱི་གམ་དུ་ཡི་གེ་བསླབ་ན་ཆོག་གི་ཨེ་རེད།”

“ཤེས་རབ་ཟླ་བ། དེ་གང་ནས་ཆོག ཁྱོད་རང་རྣམ་རིག་གྲུམ་པོ་འདུག་པས་ངེས་པར་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་རྗེས་སོར་ས་གནས་འདི་གའི་དགེ་རྒན་བཟང་པོ་བྱེད་དགོས་པ་རེད།”

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་དེ་ལྟར་བཤད་རྗེས་སླར་ཡང་ཅི་ཞིག་དྲན་པ་ལྟར་“ཨོ་རེད། གནང་ལོ་ཙམ་ལ་ངེད་ཚང་གི་བཟའ་མི་ཡོངས་ལྷ་ས་ལ་གནས་སྐོར་དུ་འགྲོ་རྩིས་ཡོད། ངས་ཁྱོད་ཀྱང་ཁྲིད་ནས་འགྲོ་ཆོག འུ་གཉི་ཀས་བོད་ཀྱི་ཡུལ་དབུས་ལྷ་ས་གྲོང་ཁྱེར་དང་ཕོ་བྲང་པོ་ཏ་ལ། གདན་ས་སེ་འབྲས་དགའ་གསུམ་སོགས་ལ་འཇལ་བསྐོར་བྱེད་ཐུབ་པ་མ་ཟད། བོད་ཀྱི་མེས་པོས་རང་ཅག་ལ་བཞག་པའི་རིག་གནས་སོགས་ལ་རྒྱུས་ལོན་བྱེད་ཆོག”ཞེས་བཤད།

དེ་ཐོས་རྗེས་ཤེས་རབ་ཟླ་བ་འཕྲལ་དུ་དགའ་ཐག་ཆོད་དེ་ཡར་ལངས་ནས་གནམ་ལྡིང་ས་ལྡིང་བྱས་ཤིང་“དགེ་རྒན་ལགས། བཀའ་དྲིན་ཆེ། ངས་ངེས་པར་སློབ་སྦྱོང་ལ་ཧུར་བརྩོན་བྱེད་རྒྱུ་ཡིན། ”ཞེས་དགའ་མགུའི་ངང་ནས་བཤད།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཁོ་དགའ་བའི་ཉམས་འགྱུར་ལ་བལྟས་ཏེ་འཛུམ་མདངས་ཤིགས་སེ་འདུག

སྐབས་དེར་ཐག་རིང་ནས་ཀི་སྒྲ་གྲག་འོངས་བས། སོས་དལ་དུ་གནས་པའི་དགེ་སློབ་གཉིས་ཀས་ཚབ་ཚུབ་ངང་མགོ་བོ་ཡར་བཀྱགས། ཅི་ཡིན་སྙམ་ཞིང་ཀི་སྒྲ་གྲག་པའི་ཕྱོགས་སུ་ཡང་ཡང་བལྟས་པས། ཐག་མི་རིང་མི་ཐུང་བའི་ས་ན་སྐྱ་མི་གསུམ་ཁོ་གཉིས་ལ་གཏད་དེ་བརྒྱུགས་ཡོང་བ་མཐོང་།

རིམ་བཞིན་སྐྱ་མི་གསུམ་པོ་ཁོ་གཉིས་དང་ཐག་ཇེ་ཉེར་གྱུར་ནས་གན་ཏུ་སླེབས། སྐྱ་མི་གསུམ་པོ་ནི་ནོར་རྫི་དག་དག་ཡིན་འདུག་ལ་ཕར་བལྟས་ཚོད་ལ་ལོ་ཉི་ཤུ་རྩ་སྟོད་ཙམ་ཡོད། ཚང་མ་ལུས་སྟོབས་བཟང་ལ་ཤ་གནད་འབུར་དུ་ཐོན་པའི་དཔུང་པ་རྗེན་པར་ཕུད་འདུག

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཁོ་རྣམས་ལ་“ཁྱེད་རྣམས་དཀའ་ཨེ་ཐལ།”ཞེས་ཡར་ལངས་ནས་དགའ་གུས་སྒོས་ཁམས་འདྲི་བྱེད་དུས། དཀྱིལ་ཀྱི་ཚ་རུ་ཚི་ལྟིག་གྱོན་པའི་ཀྱི་རྫི་བོ་ངོ་ནག་དེས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་མགོ་ལུས་ཀུན་ལ་ཞིབ་ལྟ་ཞིག་བྱས་ཤིང་། ཁ་ལན་ཡག་པོ་ཙམ་ཡང་མེད་པར་ཡ་ཁ་གྱེན་ལ་གཉེར་ཙམ་བྱས་ནས་“ཁྱེད་གཉིས་ཀྱིས་ས་འདིའི་རྩྭ་བདག་མེད། ཆུ་བདག་མེད་རེད་ཨེ་འདོད། རང་དགར་བཞོན་རྟ་འདིར་མངགས་ནས་ཅི་ཞིག་བསམས་པ་ཡིན།”ཞེས་རྫིག་རྫིག་རྔམ་རྔམ་གྱིས་དེ་ལྟར་བཤད།

དགེ་རྒན་སྣང་གསལ་ཡེ་ཤེས་རེ་ཞིག་ཧ་ལས་ཏེ་ཧང་སངས་བའི་ཉམས་ཤིག་མངོན་ནས་“ཨ། ཁྱེད་སྐྱ་མི་གསུམ་པོ་རྟ་རྒན་གཅིག་ལ་རྩྭ་བཀག་བྱེད་དུ་ཡོང་བ་ཨེ་ཡིན།”ཞེས་བཤད་པས་ཤེས་རབ་ཟླ་བ་གད་མོ་ཐག་གེར་ཤོར། ཁོ་གསུམ་པོ་ཁ་སྐྱེངས་ནས་ག་ཤོད་འདི་ཤོད་མེད་པར་གྱུར་ཏེ་འཚིག་པ་གཏིང་ནས་ཟོས།

ཡང་སྐྱ་མི་གཞན་ཞིག་གིས་མིག་སྒོར་རེར་ཤེས་རབ་ཟླ་བ་ལ་བལྟས་ནས་ཅི་ཞིག་དྲན་པ་ལྟར་“འདི་མཚོ་མོ་དང་བཟོད་པ་གཉིས་ཀྱི་སྤྲང་ཕྲུག་དེ་མ་རེད་དམ། ”ཟེར་བར། གཞན་གཉིས་པོའང་རྨོངས་གཉིས་ལས་སད་པ་ལྟར་གྱུར་ཏེ་“རེད། རེད། མཚོ་མོས་ངེད་ཚང་ལ་སྒོར་ཉིས་བརྒྱའི་དོམ་ཆད་ཡོད་པ་རེད། ད་ཐེངས་གཅར་རྡུང་ཡིད་ཚིམ་པ་ཞིག་མ་བྱས་ན་ལྟོས་ཨང་།”ཟེར་ཏེ་ཤེས་རབ་ཟླ་བར་ཁྲོ་ཚུགས་སུ་བལྟས།

“ཡ། སྤྲང་ཕྲུག མཚོ་མོས་ངེད་ཚང་ནས་སྒོར་ཉིས་བརྒྱ་བརྐུས་སོང་བ་རེད། དེ་ད་ལྟ་ཉིད་ནས་ཕྱིར་སྤྲོད། རྒྱུ་རྐུས་པས་མི་ཚད་ད་དུང་རྩྭ་སར་ཀྱང་སེམས་ཅན་བཏང་། ངོ་མ་ཐུབ་ཚོད་བྱས་ནི་རེད།”ཟེར་ཞོར་སྤོ་ལངས་ཏེ་རྟ་ལས་བབས། དཔུང་པ་རྗེན་པར་ཕུད། ཕུ་ཐུང་རྐེད་ལ་བཅིངས་ནས་ཤེས་རབ་ཟླ་བའི་ཐོང་ཁར་འཇུས་སོང་།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་མཐོང་འཕྲལ་ངར་ལངས་ནས་རྫི་བོ་ངོ་ནག་དེའི་ལག་སྐེ་ནས་འཇུས་ཏེ་ལག་ཚིགས་ཤུགས་ཀྱིས་ཕྱིར་ལ་དཀྱོགས།

“ ཨ་ར་ར།” ཞེས་སྐད་ངན་ཤོར་བཞིན་རྫི་བོ་ངོ་ནག་དེས་ལག་པས་ཤེས་རབ་ཟླ་བའི་ཐོང་ཁ་གློད་དེ་བཏང་། ཁོ་ནི་སྣ་ཚ་འབྱུག་བཞིན་པའི་སྣ་ལོ་ལྟར་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ལག་པ་དཀྱོགས་བཞིན་ཁྲིད་པའི་ས་རུ་ཞུམ་ཞུམ་གྱིས་སོང་། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཁོ་ལ་ངར་སྐད་བཀོལ་ཏེ་ “ཁྱོད་ཀྱིས་བྱིས་པ་འདི་ལ་ཐུབ་ཚོད་བྱས་ནས་ངོ་མི་ཚའམ་་་་་་”ཞེས་བཤད་པ་ན་རྫི་བོ་གཞན་གཉིས་ཀའང་གམ་དུ་ཐོན་སྟེ། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་གདོང་ལ་ཁུ་ཚུར་གྱིས་མིག་ལམ་དུ་སྐར་མ་སྨིན་དྲུག་འཆར་བ་ཞིག་བརྒྱབ། དགེ་རྒན་དང་ཁོ་རྣམས་ལག་བསྲེ་བཞིན་པའི་དུས་སུ་ཤེས་རབ་ཟླ་བས་མྱུར་དུ་མཐའ་འཁོར་གྱི་རྡོ་རྒུམ་ནས་རྫི་བོ་དག་ལ་རྡོ་ཡིས་བརྒྱབ། རྡོ་ཁུ་ཚུར་ཙམ་ཞིག་རྫི་བོ་ཞིག་གི་མགོ་ལ་ཁེལ་བས་ཁྲག་དམར་ཐོན་སྟེ་ངོའང་བཀབ། རྫི་བོ་ངོ་ནག་གིས་དེ་མཐོང་སྟེ་ངོ་མདངས་ཤོར་ནས་“ ད་མི་རྒྱག ད་མི་རྒྱག འུ་ཅག་འགྲོ། སང་ཉིན་འདི་གཉིས་འཚོལ།”ཟེར་ཞོར་རྫི་བོ་གཞན་གཉིས་པོ་ཁྲིད། མྱུར་དུ་རྟ་ལ་ཞོན་ནས་རྨིག་སྒྲ་ཐག་གེར་བྲོས་སོང་།

རྫི་བོ་རྣམས་སོང་ཤུལ་ནས་ཤེས་རབ་ཟླ་བ་མྱུར་དུ་དགེ་རྒན་གྱི་རྩར་ཡོང་སྟེ་“ དགེ་རྒན་ལགས། དགོངས་པ་མ་ཚོམ། ཐམས་ཅད་ང་རང་ལན་པ་ཡིན།”ཞེས་ཟེར་བཞིན་དགེ་རྒན་གྱི་གདོང་ལ་བལྟ་དུས། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་མིག་མཐའ་སྔོ་གོར་རེར་གྱུར་འདུག ད་དུང་ཁོང་དགོད་སིག་སིག་བྱེད་བཞིན་དུ་ཤེས་རབ་ཟླ་བ་ལ་“དེར་ཅི་སྐྱོན། དེ་རིང་ཁྱོད་མེད་ན་ཁོ་ཚོས་ང་ལ་རང་ངོ་མི་ཟིན་པ་ཞིག་བརྡུང་ཡོད་ངེས་ཡིན།”ཞེས་ཟེར་བཞིན་དུ་མུ་མཐུད་དུ་ཁོང་དགོད་བྱས། ཤེས་རབ་ཟླ་བས་ཀྱང་མགོ་བོ་འཕྲུག་འཕྲུག་བྱེད་ཞོར་ཁོང་དགོད་བྱས།

ཁོང་གཉིས་ཀྱིས་སྐྱ་མི་གསུམ་པོའི་གཞུག་ཏུ་བལྟས་ཏེ་སླར་ཡང་ཕན་ཚུན་ལ་བལྟས་ནས་ཁོང་འཛུམ་ཤིག་ཤིག་བྱས། ཡིན་ན་ཡང་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་སེམས་ནི་རྨས་ཕོག་པའི་སྐྱ་མི་དེ་ལ་འཁོར་ནས་བློ་མི་བདེ་བར་གནས།

བུ་ཡུག་གི་འུར་སྒྲ་དྲག་པོ་ནི་ཐག་ནག་གི་མཐུར་མདའ་ཇི་བཞིན་ཁོའི་དྲན་ཤེས་ཀྱི་རྟ་ཕོ་དེ་ཕྱིར་དྲན་གྱི་ཞིང་ཁམས་ལས་འཕྲལ་ཏུ་ཕྱིར་བཀུག་གོ །

བཞི།

གློ་བུར་དུ་ཙག་རླུང་གི་འུར་སྒྲ་དང་བསྡོངས་བའི་སྤྱང་ཀིའི་ཟུག་སྐད་ཅིག་གྲག་པས་ཁོ་དངངས་འཚབ་དང་བཅས་ནས་མིག་ཅེ་རེར་བྲག་ཁུང་གི་ཕྱི་ལ་བལྟས། ཐག་མི་རིང་བའི་གནས་ནས་ལྟོགས་རྔམ་ཀྱིས་གཟིར་བའི་སྤྱང་ཁྱུ་ཞིག་མངོན་པ་མཐོང་། དེ་དག་གིས་ཁོ་མི་རྟ་གཉིས་པོ་མཐོང་བ་ན་མིག་ལས་གདུག་རྩུབ་ཀྱི་མེ་ལྕེ་མཆེད་དེ་སྣ་བསྙེར་ཞིང་ངར་སྐད་སྒྲོག་གིན་ཚུར་ལ་མཆོང་ཞིང་རྒྱུག་འོངས། རྟ་ཕོས་དེ་དག་མཐོང་འཕྲལ་རྣ་བ་གྱེན་དུ་བརྩེངས་ཤིང་མིག་ཆེ་ཆེར་བགྲད། འཚེར་སྐད་ལྷང་ངེ་བ་ཞིག་འབྱིན་བཞིན་ཐག་དིར་ཉི་ལེར་ཕྱིར་སྔར་ལམ་དུ་འདྲོགས་སོང་བས། སྤྱང་ཀི་འགའ་ཞིག་མདའ་འཕངས་བ་ལྟར་རྟ་ཕོའི་རྗེས་སུ་བསྙེགས། ཤུལ་དུ་ལུས་པའི་སྤྱང་ཀི་དག་གིས་བྲག་ཁུང་གི་སྒོ་ཁ་ནས་སྡེར་མོ་བགྲད་ཅིང་མཆེ་བ་ཁྲ་གཙིགས་སེར་ཁོའི་ཕྱོགས་སུ་ག་ལེར་བཏུད་འོངས། ཁོའི་ངོ་མདོག་འཕྲལ་མ་ཉིད་དུ་ཐལ་སྐྱ་རུ་གྱུར་ཏེ་ལུས་ཀྱི་བ་སྤུ་ཐམས་ཅད་ཕྱོགས་གཅིག་ཏུ་ཞོགས་སོང་། འཇིགས་སྐྲག་ཆེན་པོས་ནོན་ནས་དབུགས་ཀྱང་གཏོང་མི་ཐུབ་པའི་ཚད་དུ་ལྷུང་། རང་དབང་མེད་པར་ཁ་ནས་“གུ་རུ་རིན་པོ་ཆེ་མཁྱེན་”ཞེས་ཤོར་བ་ན་སྤྱང་མོ་ཞིག་ཚམ་ཚོམ་མེད་པར་ཁོའི་ཐོག་ཏུ་མཆོངས།

བརྒྱལ་ལས་སངས་པ་ན་མཆོད་མེའི་སྒྲོན་འོད་མག་མོག་གི་ནང་ན་སྐྱེས་གཟུགས་མཚར་བའི་བུད་མེད་ཅིག་གིས་ཁོ་ལ་ཅེར་ནས་འདུག

ཁོས་འདི་ཕྱི་གང་ཡིན་ཆ་མ་འཚལ་བས་“ང་ཤི་སོང་བ་ཨེ་ཡིན་”ཞེས་དྲིས་པ་ན། བུ་མོ་དེས་ཁོང་འཛུམ་ཞིག་བྱས་ཏེ་ཁ་ཕར་འཁོར་ནས་“ཨ་ཕ་”ཞེས་བོས།

དེ་དུས་ཁོ་རང་ཤི་མེད་པ་གཞི་ནས་ཤེས་ཏེ་མལ་ཁྲི་ལས་འབབ་འདོད་སྐྱེས་ཤིང་མགོ་བོ་ཡར་འགྱོག་གྲབས་བྱས། ལུས་ཤུགས་ཡོངས་སུ་ཟད་འདུག་པས་ལུས་ལ་རི་རབ་ཀྱིས་མནོན་པའི་སྣང་བ་འགོག་མེད་དུ་བྱུང་། ཁོས་མཐའ་སྐོར་ཡར་མར་ཀུན་དུ་མིག་ཉུལ་ཞིག་བྱས་པ་ན་ཡ་དོ་དམའ་མོའི་སྟེང་དུ་ཐང་ག་རྙིང་བ་འགའ་བཤམས་ཡོད་ལ། མཆོད་སྟེགས་སྟེང་གི་རྐོང་ཆུང་མཆོད་མེའི་འོད་ཟེར་ནི་ཐང་གའི་ངོས་སུ་ལྷེམ་ལྷེམ་དུ་འགུལ་བཞིན་འདུག སྒྱེད་ཁུང་ནང་ལྷབ་ལྷུབ་དུ་གཡོ་བའི་མེ་འོད་ཀྱིས་སྦྲ་ནག་གི་ནང་རོལ་ཐམས་ཅད་གསལ་བར་བྱས་ཡོད། དེའི་ཚེ་མི་ཞིག་གི་གྲིབ་གཟུགས་ཁོའི་མིག་ལམ་དུ་མངོན།

“གསར་བུ། ཁྱོད་སད་བཏང་ངམ།”

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་མིག་མཐའ་མཆི་ཞག་སྒོར་རེར་སྐད་ཆ་སྨྲ་འདོད་ཀྱང་མགྲིན་པ་མཆི་མས་བརྣངས་ནས་ངག་མ་ཐོན། སེམས་སུ་ཁོ་ནི་ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་ཡིན་པར་ངེས་པས་ཅིས་ཀྱང་བཀའ་དྲིན་ཞུ་དགོས་སྙམ་ཞིང་མགོ་བོ་ལྕོག་ལྕོག་བྱས།

སྨྲ་ར་རིང་ཞིང་ཕྱིང་ཞྭ་གྱོན་པའི་རྒད་པོ་དེ་ཁོའི་གམ་དུ་བཅར་ནས་འཛུམ་ཞིག་ལངས།

“གསར་བུ་ཁྱོད་ནི་ངོ་མ་དཔའ་བོ་སྟག་འདྲ་བ་རེད། ཁྱོད་ཀྱིས་སྤྱང་མོ་གཅིག་བསད་ཅིང་སྤྱང་ཀི་གཅིག་རྨས་ཡོད།”

རྒད་པོ་དེས་ཡང་བསྐྱར་གཟབ་ནན་གྱི་སྒོ་ནས་ཁོ་བོའི་གདོང་ལ་ཅེར་ཞིང་མཐེ་བོང་བསྒྲེངས་ནས་འདི་ལྟར་སྨྲས།

“ཁར་སང་ང་ཚོས་ཐག་རིང་གི་ས་ནས་ཁྱོད་ཉེན་ཁར་འཕྲད་ཡོད་པ་མཐོང་དུས། མགྱོགས་མྱུར་གྱིས་སྤྱང་ཚོགས་ཕར་སྐྲོད་པར་བརྒྱུག་འོང་བ་ཡིན། ང་ཚོའི་ལག་ཏུ་བོའུ་བཟུང་ཡོད་ན་ཡང་སྤྱང་ཚོགས་ལ་བོའུ་ཤེད་བྱས་ན་ཁྱོད་ལ་ཕོག་འགྲོ་བར་དོགས། དེ་བས་གནམ་བོའུ་འགའ་བྱས་ཏེ་ཀི་བཏབ་ནས་བརྒྱུགས་འོངས་དུས་སྤྱང་ཁྱུ་ཡང་ཁ་འཐོར་དགུ་འཐོར་དུ་བྲོས་སོང་། ང་ཚོ་འགྲམ་ལ་སླེབས་དུས་སྤྱང་རོ་ཞིག་གི་འཁྲིས་སུ་ཁྱོད་ཀྱི་ཁ་ངོ་ཡོངས་རྫོགས་ཁྲག་གིས་ཁེངས་ནས་གན་རྐྱལ་དུ་འགྱེལ་འདུག ལག་གཡས་པས་གློ་གྲི་དེའང་མ་ལྷོད་པར་དམ་པོར་བསྡམས་ནས་འདུག ང་ཚོས་ཐེངས་མང་བོར་བོས་ཀྱང་ཁྱོད་ལ་ནི་གྲག་འགུལ་ཅི་ཡང་མེད་པས། ཤི་སོང་བར་འདོད་དེ་ལུང་སྐྱ་དགོན་པའི་ཕྱོགས་སུ་ཁྱེར་བ་ཡིན། ལམ་བར་ནས་ཁྱོད་ཀྱིས་ཁ་ནས་ཤེས་རབ་ཟླ་བ་ཞེས་ཡང་ཡང་བོས་བྱུང་། དེ་དུས་ང་ཚོས་ཁྱོད་ལ་འཆི་བ་བརྒྱ་ལས་གསོན་པའི་རེ་བ་ཉག་གཅིག་འདུག་སྙམ་དེ་ངེད་ཚང་ལ་ཁྱེར་ཡོང་བ་ཡིན། ”

རྒད་པོ་དེས་སྨིན་མདུད་ཕྱོགས་གཅིག་ཏུ་བསྡུས་ནས་ཁོ་བོར་བལྟས་ཏེ་མུ་མཐུད་དུ་བཤད་རྒྱུར།

“ཁྱོད་ནི་ངོ་མ་དཔའ་བོ་རེད། ཁྱོད་ཀྱིས་སྤྱང་ཀི་ཇི་ལྟར་བསད་པ་ཡིན་”ཞེས་དྲིས།

རྒད་པོའི་སྐད་ཆ་དེས་ཁོ་ལ་སྐྱི་གཡའ་བའི་སྣང་བ་ཞིག་བྱིན་ཏེ་ལུས་ཡོངས་ལ་འཁྱག་སིབ་སིབ་ཀྱི་ཚོར་བས་ཁྱབ།

“ཉིན་མོ་དེར། སྤྱང་མོ་བཀྲེས་ལྟོགས་ཀྱིས་མནར་ཡོད་པས་སུག་བཞིའི་སྡེར་མོ་ས་ལ་བགྲད་དེ་ཤུགས་ཀྱིས་ངའི་སྟེང་ལ་མཆོངས་ཡོང་། ཕྲག་པ་གཡོན་པར་སོ་བཏབ་ཏེ་བསིག་པས་ཚ་རུའི་གོང་བ་བྱ་སྤུ་གཏོར་བ་ཇི་བཞིན་སྐྱ་འཚུབ་བེར་འཐོར། མཆེ་བ་བརྡབས་ཤུལ་ནས་ཁྲག་དམར་བརྡོལ་ཏེ་ཟུག་གཟེར་ཞིག་ཀྱང་ལངས་བྱུང་། དེའི་ཚེ་ངས་གློ་གྲི་ཕྱུངས་ནས་སྤྱང་མོའི་མཁལ་རྩིབ་ཏུ་བསྟུད་མར་ལན་འགར་བསྣུན་པ་ཡིན། བཀྲེས་ལྟོགས་ཀྱིས་ཟུངས་ཟད་པའི་ཁར་ངས་གློ་གྲི་བསྣུན་པས་སྤྱང་མོ་ཚུགས་མི་ཐུབ་པར་ས་ལ་འགྱེལ་ནས་ངུ་ཟུག་བྱེད་ཅིང་འདུག”

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་སྐད་ཆའང་བཤད་མ་ཚར་བར་ངོ་མདོག་སྐྱ་བོར་གྱུར་ནས་སླར་ཡང་དྲན་མེད་དུ་བརྒྱལ་ལོ། །

ལྔ།

སྣ་ལམ་དུ་ཁྲག་དྲི་ཞིག་འཐུལ་བའི་སྐབས་དེར་ཁོས་དྲན་པ་སླར་ཡང་སོས་བར་གྱུར། མིག་གཉིས་ག་ལེར་ཕྱེས་པ་ན་མདུན་ན་སྔར་གྱི་བུད་མེད་དེས་དཀར་ཡོལ་ཞིག་བཟུང་སྟེ་ཁོ་ལ་ཅི་ཞིག་ལྡུད་གྲབས་བྱེད་ཀྱིན་འདུག ཁོས་མགོ་བོ་ཡར་བཀྱགས་ཏེ་ཞིབ་ཏུ་བལྟས་པ་ན་སྦྲའི་ཉི་ཐིག་ངོ་ལ་ཕོག་འདུག་ཅིང་། མདུན་གྱི་བུད་མེད་དེས་མཛུམ་དམུལ་དམུལ་བྱེད་ཅིང་ཁོ་ལ་“སད་བྱུང་ངམ། མྱུར་དུ་ཁྲག་འདི་འཐུང་དང་། ཁྱོད་ཀྱི་ཁྲག་བཞུར་ཚད་མང་བས་ཁྲག་གིས་འདང་ཀྱི་མི་འདུག ངེད་ཚང་གིས་ཆེད་དུ་ཁྱོད་ཀྱི་ལུས་ཟུངས་གསོ་ཕྱིར་ལུག་ཅིག་བཤས་ནས་ཁྲག་བླངས་བ་ཡིན། རེམ། ཁྱོད་ཀྱིས་འཐུང་དང་།”ཞེས་ངག་འཇམ་པོའི་སྒོ་ནས་སྨྲས།

དགེ་རྒན་སྣང་གསལ་ཡེ་ཤེས་འཕྲལ་དུ་སྨྲ་བརྗོད་ཁག་པོར་གྱུར་ཞིང་བཀའ་དྲིན་ཞུ་བའི་ཚུལ་དུ་ཁོ་མོར་འཛུམ་ཞིག་བསྟན། ཁྲག་ཁམ་བུ་གང་རེ་གང་རེ་བྱས་ནས་ཁོང་དུ་མིད་རྗེས་མགོ་བོ་སྔས་སུ་བསྙེས།

“ཁྱོད་ཀྱི་ཉལ་ས་བདེ་འམ།”

བུ་མོས་དེ་ལྟར་དྲིས་པའི་ལན་དུ་ཁོས་མགོ་གུག་ཙམ་བྱས་ནས་འཛུམ་ཞིག་ཤར། ཁོའི་ཕྲག་པ་གཡོན་མར་རྨས་ཚབས་ཆེན་ཕོག་འདུག་པས་ལག་པ་འགུལ་བསྐྱོད་མི་ནུས། དམར་འཐོམས་ཀྱིས་མགོ་ཡུར་འཁོར་བས་དབང་མེད་དུ་མིག་ཟུམ་དགོས་བྱུང་།

ཉིན་གུང་དུ་སླེབས་ཙ་ན་བུ་མོ་དེས་སླར་ཡང་ཁོ་གཉིད་ལས་བསླངས་ནས་གུང་ཇ་བླུད།

བུ་མོས་ཟུར་མིག་གིས་ཁོ་བོར་བལྟས་ཏེ་གདོང་ལ་དོགས་མི་བདེ་བའི་ཉམས་ཤིག་མངོན་སྟེ།
“ཁྱོད་ཀྱི་མིང་ལ་ཅི་ཟེར།”ཞེས་དྲིས་བྱུང་།
“ངའི་མིང་ལ་སྣང་གསལ་ཡེ་ཤེས་ཟེར།”ཁོས་ལན་བྱིན་རྗེས་སླར་ཡང་“འོ་ན་ཁྱོད་ཀྱི་མིང་ལ་ཅི་ཟེར་”ཞེས་ལྡོག་འདྲི་བྱས།
“ངའི་མིང་ལ་ལྷ་མཛེས་ཟེར།”
“ཅི་འདྲའི་མིང་ཡག་པོ་འདུག་ཨང་།”

སྐབས་དེར་ཁོ་མོར་འཛུམ་ཞིག་ལངས་ནས་ཁ་ཕྱིར་འཁོར་ཏེ་སྒྱེད་པུའི་འགྲམ་དུ་སོང་། ཁོས་མུ་མཐུད་དུ“ཁྱོད་ཀྱི་ཨ་ཕའི་མིང་ལ་ཅི་ཟེར་བ་ཡིན། དྲིན་ཆེན་དེ་མིན་ན་ང་གནའ་ནས་འཇིག་རྟེན་ཕྱི་མའི་ཡུལ་དུ་བུད་སོང་།”ཞེས་བཤད།

ལྷ་མཛེས་ཀྱིས་ཐབ་ཏུ་ཨོང་བ་འདེད་ཞོར་“ངའི་ཨ་ཕའི་མིང་ལ་དོན་འགྲུབ་ཟེར། ད་ལྟ་ཁྱོད་ལ་རྨས་ལྕི་མོ་ཕོག་ཡོད་པས་ངལ་གསོ་ཡག་པོ་བྱོས་”ཞེས་ཁ་བསྒོ་བྱས།

སྒྱེད་ཁུང་ནང་ན་གཡོ་བའི་མེ་ལྕེ་དམར་པོ་དེས་ཁོ་ལ་དབང་མེད་དུ་ཤེས་རབ་ཟླ་བའི་འཕྲིན་ཡིག་དེ་དྲན་དུ་བཅུག ཁོས་སེམས་ཀྱི་འགྱོད་པ་ད་དུང་དག་མེད་པས་ཤེས་རབ་ཟླ་བའི་ཕྱོགས་ལ་སེམས་ཚེགས་བྱས་ཤིང་དབུགས་རིང་ནར་ནར་དུ་ཤོར་རོ། །

དྲུག

རྒྱབ་ཕྱོགས་ན་གངས་རི་དཀར་པོའི་དབུ་རྩེ་དགུང་ལ་ཟུག་ཅིང་། མཐའ་ན་སྤྲིན་དང་སྨུག་པ་ཁ་ཞག་ལྟ་བུར་འཁྱིལ་བ། མདུན་གྱི་གཙང་ཆབ་སྔོན་མོས་མེ་ཏོག་གི་འདབ་མ་འཐུ་བཞིན་བཞུར་རྒྱུན་རིང་དུ་བརྐྱངས་ཤིང་རྩི་ཤིང་གི་འདབ་བརྒྱ་རྣམ་པར་བཞད་པའི་སྤང་ཁུད་ཅིག་ན། ཤེས་རབ་ཟླ་བའི་ངོ་ལ་འཛུམ་མདངས་ཞིག་མངོན་ནས་མཆོང་ལྡིང་བྱེད་ཞོར་དགེ་རྒན་གྱི་ཕྱོགས་སུ་རྒྱུག་ཡོང་། ཐག་ཉེ་མ་རིང་གི་སར་སླེབས་སྐབས་གློ་བུར་དུ་བར་སྣང་ལ་སྤྲིན་ནག་ལང་ལོང་དུ་འདུས་ཤིང་། ཆར་ཆེན་བུམ་པ་ལས་བྱོ་བ་བཞིན་བྱུང་། འུར་འུར་གྱི་ཆུ་སྒྲ་ཞིག་གྲགས་པའི་མོད་ལ་ཤེས་རབ་ཟླ་བ་ཆུ་ལོག་གིས་ཁུར་སོང་། དྲག་ཏུ་གཡོ་བའི་རྦ་རླབས་ཀྱི་ཁྲོད་ནས་ཤེས་རབ་ཟླ་བས་ལག་པ་གྱེན་ལ་བསྲིངས་ཤིང་། ངག་ནས་“དགེ་རྒན། སྲོག་སྐྱོབ།”ཞེས་འབོད་པའི་འོ་དོད་ཀྱི་སྐད་སྒྲ་བྲག་ཅ་འཁོར་བ་ལྟར་གྲག་ཡོང་། རིམ་བཞིན་སྐད་སྒྲ་ཇེ་ཞན་དུ་སོང་བ་དང་ཁོ་ལང་ལོང་འཕྱོ་བའི་རྦ་རླབས་ཀྱི་དཀྱིལ་དུ་ནུབ་སོང་།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་སྐད་ཤུགས་མཐོན་པོས་“ཤེས་རབ་ཟླ་བ”་ཞེས་ལན་མང་བོས་ཤིང་། ཁོའི་ཕྱོགས་སུ་ཇི་ལྟར་བསྐྱོད་ཀྱང་གོམ་གང་ཡང་མདུན་ལ་སྤོ་མ་ཐུབ་པར། མིག་གིས་བལྟས་བལྟས་རིག་རིག་ལ་སློབ་བུ་ཤེས་རབ་ཟླ་བ་ཆལ་ཆིལ་གྱི་རྦ་རླབས་ཀྱིས་བཏུམས་སོང་།

འཁྱག་སིབ་སིབ་ཀྱི་ཚོར་བ་དང་ལྷན་དུ་ཁོ་འཇིགས་རུང་གི་རྨི་ལམ་དེ་ལས་སད་དུས། ཨ་ཁུ་དོན་འགྲུབ་ཀྱིས་ལག་ཏུ་དམ་བུ་ཞིག་བཟུང་སྟེ་ཆང་སྔགས་ཁམ་གང་རེ་གང་རེ་བྱས་ནས་ཁོའི་གདོང་ལ་གཏོར་བཞིན་འདུག ཁོའི་ལུས་ཡོངས་རྫོགས་རྔུལ་ནག་གིས་བརླན་ཞིང་སྐྲ་གསེང་ནས་རྔུལ་ཆུ་ཤམ་ཤམ་དུ་བཞུར་ཀྱིན་འདུག་པས། ལྷ་མཛེས་ཀྱིས་ལག་རས་ཤིག་བླངས་ནས་ཁོའི་ཁ་ངོ་ཕྱིས།

ཨ་ཁུ་དོན་འགྲུབ་ཀྱིས་གདོང་ལ་གཟབ་ནན་གྱི་ཉམས་ཤིག་ཤར་ནས་“ཡ། གསར་བུ། ཁྱོད་ཀྱིས་ནམ་རྒྱུན་འབོད་པའི་ཤེས་རབ་ཟླ་བ་ཟེར་བ་དེ་དོན་ངོ་མར་སུ་ཞིག་ཡིན།”ཞེས་དྲིས། ཁོ་ཅུང་ལྷོད་ལ་བབས་ཏེ་“ང་ས་འདི་རུ་ཨ་ཁུ་བཟོད་པ་ཚང་གི་བུ་ཤེས་རབ་ཟླ་བ་འཚོལ་དུ་ཡོང་བ་ཡིན། ཁོ་ནི་ངའི་སློབ་མ་ཡིན།”ཞེས་ལན་བཏབ།

ཨ་ཁུ་དོན་འགྲུབ་ཀྱིས་རང་གི་སྨྲ་ར་ལ་བྱིལ་བྱིལ་འགའ་བྱས་ནས་འདི་ལྟར་བཤད།

“སྤྱིར་བཟོད་པ་ངེད་གཉིས་ལ་ཆ་རྒྱུས་ལོས་ཡོད་དེ། ངེད་གཉིས་ནི་ས་གཅིག་གི་མི་དང་། ནགས་གཅིག་གི་གླ་ཡིན། ཡིན་ཡང་ཤེས་རབ་ཟླ་བའི་ཨ་མ་མཐོ་རིས་མ་དེ་ཚེ་ལས་འདས་པ་ནས་བཟུང་། ངེད་ཁག་གཉིས་ཀྱི་བར་ལ་ཡང་འབྲེལ་འདྲིས་བྱེད་མ་ཐུབ།”

ཨ་ཁུ་དོན་འགྲུབ་ཀྱིས་མུ་མཐུད་དུ་བཤད་རྒྱུར།

“སྔོན་ཆད་མཐོ་རིས་མ་དེ་ཡོད་པའི་སྐབས་སུ་ཁོང་བཟའ་མི་གཉིས་ནི་ང་ཚོའི་སྡེ་བའི་ནང་གི་ཆེས་ནང་མཐུན་པའི་ཁྱིམ་ཚང་དེ་ཡིན། ཕན་ཚུན་ལ་ཁྱོས་མི་ཟ་ན་ངས་མི་འཐུང་དང་ཁྱོད་སྡོད་དང་ངས་ལས་ཟེར་བའི་གཟའ་ཚང་འདང་ཆེན་ཞིག་ཡིན། ཁོང་གཉིས་ལ་བུ་གཅིག་སྐྱེས་པ་ནས་བཟུང་ཕན་ཚུན་ལ་སྔར་ལས་བྱམས་པར་གྱུར་བ་དང་། བུ་ཆུང་གཅིག་པོ་དཔྲལ་བའི་སྟེང་གི་མིག་འབྲས་དང་སྒོ་ངའི་ནང་གི་སེར་སྤྲི་ལ་བརྩིས་ནས་གཅེས་སྐྱོང་བྱས་ཤིང་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བ་རེད། ཡིན་ན་ཡང་།”

ཨ་ཁུ་དོན་འགྲུབ་ཀྱིས་གདོང་ལ་སྐྱོ་བའི་ཉམས་ཤིག་ཤར་ནས་དབུགས་རིང་ནར་ནར་དུ་འཐེན།

“སྐྱིད་མི་རྟག་རྩྭ་མགོའི་ཟིལ་བ། ཚེ་མི་རྟག་ནམ་མཁའི་གློག་ཞགས་ཟེར་བ་ཅི་མ་བདེན། བུ་ཆུང་ལོ་དྲུག་ལ་སོན་པའི་ལོ་དེའི་སྟོན་དགུན་གྱི་མཚམས་སུ། མཐོ་རིས་མ་དེར་གློ་གཅོང་གི་ནད་ཕོག་ནས། སྨན་བཅོས་ནད་གསོ་དང་། བཅའ་བ་སྐུ་རིམ་གང་གིས་ཀྱང་རྐྱེན་བཟློག་མ་ནུས་ཏེ་འཇིག་རྟེན་ཕྱི་མའི་ཡུལ་ལ་བུད་སོང་། དེ་ནས་བཟུང་ཁོ་ཕ་བུ་གཉི་ཀས་སྡུག་གི་མགོ་བཟུང་ནས་ལྟོ་གོས་ཀྱི་འཚོ་བ་ཕྱིད་ཐབས་བྱས། རྗེས་སུ་བུ་ཆུང་སློབ་གྲྭར་བསྐྱལ་བའི་རྗེས་ནས་བཟོད་པ་གཅིག་པུ་ཁེར་འདུག་བྱེད་མ་འདོད་དེ་ཡར་འཁྱར་མ་འཁྱར་བྱས་པ་ཡིན་འདུག”

ཨ་ཁུ་དོན་འགྲུབ་ཀྱི་སྐད་ཆའི་མཇུག་མ་རྫོགས་གོང་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཁོའི་ཚིག་མཚམས་བཅད་དེ། བྲེལ་ཚུབ་ངང་“དེས་ན་ཤེས་རབ་ཟླ་བའི་མ་ཡར་གསར་བ་དེ་གང་ནས་ཡོང་བ་རེད་”ཅེས་དྲིས།

“ཨོ། དེ་ནི་སྡེ་ར་ཞོལ་མའི་སྡེ་བའི་བུད་མེད་མིང་ལ་མཚོ་མོ་ཟེར་བ་དེ་རེད། བཟོད་པ་ཁོ་ཡུལ་ལ་མ་བསྡད་པར་སྟོད་སྨད་བར་གསུམ་ཀུན་ལ་འཁྱར་ནས་འགྲོ་དུས། ཁོ་མོ་དང་མཐུན་སེམས་བྱུང་ཞིང་རྗེས་སུ་མཉམ་དུ་འདུག་རྒྱུ་ཟེར་ནས་ཁྲིད་འོང་བ་རེད། མོ་ནི་དང་ཐོག་གནས་མགོ་མ་ཐོན་ནས་ཕྱིར་རང་ཁྱིམ་སྙེག་ཡོང་བ་ཞིག་རེད། མོས་ཕ་མ་གཉིས་ཀས་ཀྱང་བུ་མོ་བློ་རང་འཐད་ཡིན་ནི་ཤེས་པ་དང་། བཟོད་པའང་མི་མ་རབས་ཤིག་མིན་པ་གོ་ནས་བུ་མོ་ཁོ་ལ་ཆུང་མར་བྱིན་པ་རེད་འདུག ཤེས་རབ་ཟླ་བ་ལ་དབྱར་གནང་དང་དགུན་གནང་གི་སྐབས་སུ། གསར་དུ་སླེབས་པའི་མ་ཡར་དེས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡིས་གཅེས་སྐྱོང་བྱེད་པ་དང་ཁྱིམ་ལས་ཡག་པོ་སྒྲུབ་པས། ཤེས་རབ་ཟླ་བས་ཀྱང་སླར་ཡང་ཁྱིམ་གྱི་དྲོད་ཁོལ་ཞིག་མྱངས་ཐུབ་པ་རེད།

“ཡིན་ན་ཡང་བར་སྐབས་ཤིག་ནས། མཚོ་མོ་གནས་སྡུག་བྱུང་སའི་སྔོན་གྱི་ཁྱོ་ག་དེས་མོ་རང་གསང་སྟབས་ཀྱིས་བཙལ་ཡོང་བ་དང་། གཏམ་གང་སྙན་དང་རྒྱུ་གང་བཟང་གིས་བྲིད་ནས་མོའི་བློ་ཁ་བསྒྱུར་སོང་བ་རེད། དུས་དེ་ནས་མོའི་ཁོག་ལ་གདོན་ཞུགས་པ་ལྟར་བཟོད་པ་ཕ་བུ་གཉིས་ལ་མི་བྱམས། ཁ་ནས་ཚིག་གཅིག་བུད་ནའང་མི་སྙན་པ་དག་དག་བཤད་ནས་ཁ་རྩོད་བསླངས། ད་དུང་ཡང་ཐེངས་འགར་ཕྱིར་ཡུལ་ལ་སྙེག་གྲབས་བྱས། དེས་མི་ཚད་པར་ཤེས་རབ་ཟླ་བ་ལ་ཟས་མནར་བྱེད་པ་དང་བཟོད་པ་ལ་ཁ་ཡ་རྣ་ལ་སྙན་པ་ཞིག་ཀྱང་མི་བྱེད། ངོ་མ་ཐབས་རྡུགས་ཞིག་རེད།”

ཨ་ཁུ་དོན་འགྲུབ་ཀྱིས་ངོ་ནས་མི་སྡུག་པའི་རྣམ་འགྱུར་ཞིག་བསྟན་པས་རྒས་གཉེར་ཀྱང་ཇེ་ཟབ་ཏུ་གྱུར་བའི་སྣང་བ་སྦྱིན།

“དེས་ན། ཨ་ཁུ་བཟོད་པའི་ནད་གཞི་ཅི་འདྲ་ཡིན་པ་ཨེ་ཤེས།”

དགེ་རྒན་སྣང་གསལ་ཡེ་ཤེས་ལ་འཚུབ་ཆ་ཞིག་ལངས་ནས་དེ་ལྟར་དྲིས་པའི་ཚེ། ཨ་ཁུ་དོན་འགྲུབ་ཀྱི་གདོང་ནས་ཧང་སངས་བའི་རྣམ་འགྱུར་ཞིག་མངོན་བཞིན་“ཨ། ནམ་ཞིག་ལ་ན་བ་རེད། ཁྱོད་ཀྱིས་ཇི་ལྟར་རྣ་ཐོས་བྱུང་བ་ཡིན་”ཞེས་གཏམ་ལན་དུ་དོགས་འདྲི་བྱས།

“ཨོ། དེ་ནི་སློབ་བུ་ཤེས་རབ་ཟླ་བའི་འཕྲིན་ཡིག་གི་ནང་ན་བྲིས་འདུག ཟླ་འདིའི་ཟླ་མགོར་ནད་ཅུང་ལྕི་བ་ཞིག་ཕོག་འདུག་ཞེས་བྲིས་འདུག ད་ལྟའི་གནས་ཚུལ་ཅི་ཡང་མི་ཤེས།”ཞེས་བཤད།

ཨ་ཁུ་དོན་འགྲུབ་ཀྱིས་“ཨ་ཁ། མ་འགྲིག རྒད་པོ་སྙིང་མ་རྗེ་ད་ནི་ལས་ཡག་པོ་ཞིག་མ་མཐའ། རྒན་མོ་ཁ་ནག་མ་དེ་བསམ་ངན་སྦྱོར་རྩུབ་ཞིག་ཡིན་པས་ཅི་བྱེད་མི་ཤེས།”ཞེས་ཟེར་ཞིང་གདུང་སེམས་བཅིངས་པས་དཔྲལ་བའི་གཉེར་རིས་སྔར་ལས་ཇེ་ཟབ་ཏུ་གྱུར།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་སེམས་ནས་བཟོད་པ་ཕ་བུ་གཉིས་པོར་སྐྱབས་འཇུག་རེ་ཞུས་ཤིང་དོགས་སེམས་སུ་གཞི་མང་པོ་ཤར་ནས། ཕྱི་ལུས་ཀྱི་རྨ་ཁའི་གཟེར་ཟུག་ཀྱང་བརྗེད་ནས་ཁོང་ཕ་བུ་གཉིས་པོའི་ཕྱོགས་སུ་སེམས་ཚེགས་བྱས།

ཁོ་གསུམ་པོས་ནུབ་འཚལ་འཐུང་ནས་མལ་དུ་ཉལ་རྗེས། སྨག་རིམ་དང་ལྷིང་འཇགས་གཞི་གཅིག་ཏུ་འདྲེས་པས་སྦྲའི་མཐའ་འཁོར་ཐམས་ཅད་དབེན་ཐིང་ངེར་གནས་སོ། །

བདུན།

གྲང་རླུང་གི་འུར་སྒྲ་ཡིས་ཉིན་མོ་གསར་བ་འདིའི་ཞོགས་པ་བསུས་བྱུང་། ནང་ཇའི་མཚམས་སུ་ལྷ་མཛེས་ཀྱིས་དགེ་རྒན་སྣང་གསལ་ཡེ་ཤེས་གཉིད་ལས་བསླངས་ཏེ་གཏུལ་མ་བྱས་ནས་ཇ་བླུགས། འབྲོག་པ་ཚོས་རྩམ་སྐྱ་ཇ་ཁར་གཡེང་ན་བྲེལ་བ་ལངས་ཀྱིན་ཡོད་ཟེར་སྲོལ་ཡོད་པས། ལྷ་མཛེས་ཀྱིས་ཁོའི་ཅ་ནེའི་ནང་གི་རྩམ་སྐྱ་འོ་ཇའི་ཁ་རུ་གཡེང་འདུག་པ་མཐོང་འཕྲལ། ཀུ་རེའི་ཚུལ་དུ་“དགེ་རྒན་ལགས་ལ་བྲེལ་བ་ལངས་ཀྱི་འདུག་གམ་”ཞེས་བཤད། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་“ཨིན། དེ་རིང་ང་འགྲོ་རྒྱུ་ཡིན། བྲེལ་ཚུབ་ལངས་ཀྱིན་འདུག་”ཞེས་ཟེར་བར་མོ་དོགས་སྣང་དང་བཅས་“ཁྱོད་གང་ལ་འགྲོ་རྒྱུ་ཡིན། ད་དུང་ཁྱོད་ཀྱི་རྨ་སངས་དྲག་བྱུང་མེད་པས་་་་་་་”ཞེས་ཚིག་རྔ་རིང་དུ་འཐེན།

ཁོས་ཇ་ཧུབ་གང་མིད་དེ་“ད་དྲིན་ཆེན་ཚང་། ཁྱེད་ཚང་གི་དྲིན་ཀྱིས་ངའི་སྲོག་བསྐྱབས། ད་དུང་ནད་གསོས་ནས་ལྟ་སྐྱོང་བྱས་པས་ངས་ཁྱེད་གཉིས་ཀ་སྡུག་ལ་གཏད་སོང་། ད་ནི་རང་གིས་དོན་གཅིག་ཀྱང་མི་ཆོད་པར་ཉིན་རྒྱུན་དུ་འདི་ལྟར་ཉལ་ནས་ནམ་ཟླ་བཏང་ན། ཁྱེད་གཉིས་ཀྱི་གསོ་བསྡོས་སུ་གྱུར་སོང་བ་རེད། དེ་བས་དེ་རིང་ང་ཤེས་རབ་ཟླ་བ་འཚོལ་དུ་འགྲོ་རྒྱུ་ཡིན།”ཞེས་བཤད།

ཨ་ཁུ་དོན་འགྲུབ་གྱིས་ཕྱི་རོལ་གྱི་ཉི་མའི་ནང་དུ་ཆ་རུ་བཞོག་བཞིན་ཡོད་པས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་སྐད་ཆ་ཚང་མ་གོ་སོང་། ཁོས་ལས་མཚམས་བཞག་ཏེ་ནང་དུ་ཡོང་ནས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་འགྲམ་དུ་བཅར། གདོང་ན་མི་རྟོག་པའི་རྣམ་འགྱུར་ཞིག་མངོན་ནས་“དགེ་རྒན་ལོ་ཉུང་ཁྱོད་ངོ་མ་བཟང་གི ང་རང་ཁྱོད་ཀྱི་སྙིང་སྟོབས་ལ་ཧ་ལས་སོང་། ད་ཁྱོད་འགྲོ་སྲོལ་ཞིག་གང་ན་ཡོད། ང་ཁྱོད་ཀྱི་ཚབ་ཏུ་དོན་སྒྲུབ་པར་འགྲོ ཁྱོད་ཀྱིས་དཀའ་ལས་སྐུ་ཚེགས་གང་མང་མྱངས་བ་དང་རྨ་ཁ་ཡང་སངས་དྲག་བྱུང་མེད་པས་ངལ་གསོ་ཡག་པོ་གྱིས།”ཞེས་ཟེར།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་“དེ་འདྲ་བྱས་ན་གང་ནས་འགྲིག ཁྱེད་ཚང་ལ་སྡུག་མ་གཏད་པའི་བསམ་པ་གཅིག་ཀྱང་མེད། དེ་བས་ང་རང་འཚོལ་དུ་སོང་བས་ཆོག”ཞེས་བཤད་ཞོར་མལ་ལས་ལྡང་གྲབས་བྱས་ཀྱང་། ཨ་ཁུ་དོན་འགྲུབ་ཀྱིས་ཁོ་ལ་འགུལ་སྐྱོད་བྱས་ན་རྨ་ལ་གནོད་པ་དང། ལུས་ཕུང་གསོ་དགོས་པའི་ཁ་བསྒོ་གང་མང་བྱས་པས་མཐར་ཁོས་ཀྱང་ཁས་མི་ལེན་ཀ་མེད་བྱུང་།

ཨ་ཁུ་དོན་འགྲུབ་ཀྱིས་རྟ་ལ་སྒ་ཆས་སྤྲས་ཏེ་ཡོབ་ཆེན་མནན་ཞིང་བྱ་གླག་གིས་ཁ་ལོ་བསྒྱུར་བ་བཞིན་རྟའི་གོང་ལ་བུད། འཚེར་སྐད་ཅིག་དང་ལྷན་དུ་རྟས་གོམ་པར་ཁྱེར་ནས་སྐྱ་མོའི་ལམ་ལ་སྙེག ལྷ་མཛེས་ཀྱིས་ཨ་ཁུ་ལ་མིག་གིས་སྐྱེལ་མ་བྱས་ཏེ་ད་དུང་སྒོ་དར་གྱི་འགྲམ་ན་ལངས་འདུག

ཉིན་གུང་ཡོལ་བ་ན། ལྷ་མཛེས་ཀྱིས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་གུང་ཇ་དྲངས་བ་དང་། ཕྲག་པའི་རྨ་ཁ་གཙང་མར་བཀྲུས་ཤིང་སྨན་བསྐུས་ནས་རྨ་དཀྲིས་གསར་དུ་བསྡམས།

“བཀའ་དྲིན་ཆེ། ད་ཁྱོད་ལ་དཀའ་ལས་གཏད་སོང་།”

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ངག་འཇམ་པོའི་སྒོ་ནས་དེ་སྐད་སྨྲས་པས། ལྷ་མཛེས་འཛུམ་ཙམ་བྱས་ཤིང་ཅུང་ཟད་སྐྱེངས་པའི་སྒོ་ནས་“དེར་ཅི་སྐྱོན། འཛེམ་དོགས་གནང་མི་དགོས་”ཞེས་བཤད་དེ་དལ་ཅིག་ལ་ཁ་རོག་གེར་བསྡད།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་ངོ་ན་གཟབ་ནན་གྱི་ཉམས་ཤིག་ཤར་ནས་འདང་རྒྱག་གི་ནང་དུ་ལྷུང་སོང་། ཕྱི་རོལ་གྱི་རླུང་བུ་འཇགས་པར་གྱུར་ནས་སྦྲ་ནང་དུ་གསལ་ཆ་གཉོམ་པའི་ཉི་འོད་ཅིག་གིས་ཁྱབ། ཐབ་ཁ་རུ་དུ་བ་དང་མེ་དྲོད་ཀྱི་སྨིག་རྒྱུ་ཆུའི་རླབས་རིས་ལྟར་ཁུ་སིམ་པོའི་ངང་ནས་གཡོ་བཞིན་འདུག

“དགེ་རྒན་སྣང་གསལ། ཁྱེད་ཀྱིས་ཅི་ཞིག་ལ་འདང་རྒྱག་གིན་ཡོད།”

ལྷ་མཛེས་ཀྱིས་འཕང་འཁེལ་བཞིན་དེ་སྐད་བཤད་པས་ཁོ་བོའི་རྣམ་ཤེས་འདང་རྒྱག་གི་དྲ་བ་ལས་ཕྱིར་དྲངས་བ་དང་ལན་ཇི་ལྟར་ལྡོན་དགོས་པའང་མ་ཤེས།

“ཨོ། ཅང་མ་རེད།”

“ཁྱོད་ཀྱིས་ཤེས་རབ་ཟླ་བའི་ཕྱོགས་ལ་སེམས་ཁུར་བྱེད་ཀྱི་ཡོད་པ་འདྲ།”

མོའི་སྐར་ཆེན་འདྲ་བའི་མིག་ཟུང་གིས་ཁོ་བོའི་ངོ་ལ་བལྟས་ཏེ་དེ་སྐད་བཤད་པས་ཁོས་ཀྱང་ཡིན་པའི་བརྡ་ལ་མགོ་བོ་གུག་ཙམ་བྱས། ཁོ་གཉིས་ཀྱིས་དལ་ཅིག་ཏུ་ཕན་ཚུན་བལྟས་ནས་ཡང་སླར་ཡང་དོགས་མི་བདེ་བའི་སྣང་བ་ཞིག་སྦྱིན་ནས་མིག་ཟུང་གཞན་དུ་གཏད།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་སྦྲའི་ཁ་ཚུབ་ཀྱི་མཐོངས་སུ་ལྡང་བའི་སྤྲིན་པ་དཀར་པོ་དེ་མཐོང་བ་ན་ཡི་མུག་པའི་སྣང་བ་ཞིག་ཡིད་ཀྱི་གཏིང་ནས་སྐྱེས་སོ། །

བརྒྱད།

ཁྲི་གདུགས་ཉི་མ་རི་བོའི་ཕག་ཏུ་བཞུད་པ་དང་སྨག་རིམ་གྱི་ཡོལ་བས་འབྲོག་ཐང་གི་ཁོར་ཡུག་ཐམས་ཅད་ག་ལེར་གཡོགས་སོང་། མཚན་རླུང་ལྡང་བྱུང་བས་སྦྲ་ཡི་འདབས་ཁ་ནི་རླུང་ཟད་དར་ལྕོག་བཞིན་ལྷབ་ལྷུབ་ཏུ་བསྐྱོད་ཅིང་གདའ། མཆོད་མེའི་འོད་དང་མེ་འོད་མག་མོག་གི་འོག་ནས་ལྷ་མཛེས་དང་དགེ་རྒན་སྣང་གསལ་ཡེ་ཤེས་གཉིས་ཀྱིས་ནུབ་འཚལ་འཐུང་གྲབས་བྱེད་པའི་ཚེ། རླུང་ཁ་ནས་སྒོ་ཁྱིའི་ཟུག་སྐད་ཐན་ཐུན་རེ་གྲགས་ཡོང་བས་བློ་མི་བདེ་བ་རེ་བྱུང་།

ཁྱིའི་ཟུག་སྐད་ཇེ་ཆེར་སོང་བ་ན་ལྷ་མཛེས་ཀྱིས་དཀར་ཡོལ་ཐང་དུ་བཞག་ནས་སྒོ་སོ་བྱེད་པར་སོང་།

“ཨ་ཕ་ཕྱིར་སླེབས་བྱུང་།”

ལྷ་མཛེས་ཀྱི་སྐད་དེ་ཐོས་པས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་བྱ་ཁུ་བྱུག་གིས་གནམ་ཆུ་རེག་པ་ནང་བཞིན་དུ་སྤྲོ་བ་རྒྱས་ཏེ་ཧར་གྱིས་ལྡང་ཞིང་། མལ་ཁྲི་ལས་བབས་ཏེ་རྐང་འཐེང་ལག་གྱོལ་གྱིས་ལྷ་མཛེས་ཀྱི་རྗེས་སྙེག་ནས་སྒོ་ཕྱི་ལ་བུད།

ཁོ་གཉིས་ཀྱིས་ཨ་ཁུ་དོན་འགྲུབ་ཀྱི་རྟ་ཁ་ལེན་བཞིན་ཤེས་རབ་ཟླ་བའི་གནས་ཚུལ་དྲིས་པ་ན། ཨ་ཁུ་དོན་འགྲུབ་ཀྱིས་ཅི་ཡང་མི་སྨྲ་བར་སྒ་སྲབ་བླངས་ཏེ་འཚུབ་ཉི་ལེར་སྦྲ་ནང་དུ་བུད་སོང་།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱང་ཕྱི་བཞིན་འབྲངས་ནས་ཡང་བསྐྱར་ཤེས་རབ་ཟླ་བའི་གནས་ཚུལ་དྲིས། ཨ་ཁུ་དོན་འགྲུབ་ཐད་ཀར་སོང་ནས་གོ་ཁར་སྐྱིལ་གྲུང་དུ་བཅོས་ནས་བསྡད་ཅིང་། གདོང་ལ་ཡི་མུག་ཡིད་ཆད་ཀྱི་རྣམ་འགྱུར་ཞིག་མངོན་ནས་འགོ་བོ་འཕྲེད་དུ་གཡུག་བཞིན་དབུགས་རིང་འཐེན་ཞོར་དུ་ཡིད་ཙམ་བསྡད་དེ་འདི་ལྟར་བཤད།

“དགེ་རྒན་ལགས། ངོ་མ་གནས་ཚུལ་ཡག་མི་འདུག ཕྱིར་ལམ་དུ་ང་རང་ཡང་ཨེན་ཙམ་མིན་ན་སྤྱང་ཀིས་ཟོས་ཐལ། ”

སྐད་ཆ་འདི་རྣ་བར་ཐོས་མ་ཐག་ལྷ་མཛེས་དང་དགེ་རྒན་སྣང་གསལ་ཡེ་ཤེས་གཉིས་ཀྱི་སྙིང་ལ་ཚ་ཙག་ཅིག་རྒྱབ་ཅིང་མིག་ཧྲུག་གེར་བལྟས་ནས་བསྡད། ཨ་ཁུ་དོན་འགྲུབ་ཀྱིས་མུ་མཐུད་དུ་བཤད་རྒྱུར།

“ང་ཁར་སང་ཤེས་རབ་ཟླ་བ་ཚང་ལ་ཐོན་དུས་བསྟན་ནོར་དང་ཁོ་ཚང་གི་བུ་ཆེ་ཆུང་གཉིས་བཅས་ནས་གཡག་སྒ་སྟོང་མ་འགའ་དེད་དེ། མཐོ་རིས་པོ་ཚང་གི་སྒོ་ཕྱི་ཟོག་ནང་རྫས་ཐམས་ཅད་ཁལ་མ་ལ་འགེལ་བཞིན་འདུག ངས་ནི་ཅི་ཡིན་འདི་ཡིན་མ་ཤེས་པར་དྲིས་པའི་ཚེ་བསྟན་ནོར་གྱིས་བཟོད་བླ་བདེ་པོ་ནི་སྔོན་ནས་ཤི་ཚར། སྐར་མ་ཡང་བྱས་ཟིན། ད་ནི་སྒོ་ཕྱི་ཟོག་ནང་རྫས་ཐམས་ཅད་དགོན་པར་སྐྱེལ་བར་འགྲོ་བ་ཡིན་ཟེར། དེ་དུས་ངས་རང་གི་རྣ་བ་ལ་ཡང་ཡིད་མི་ཆེས་པའི་སྣང་བ་བྱུང་།”

གཏམ་དེ་ཐོས་རྗེས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་སེམས་སུ་འཆི་བ་མི་རྟག་ཟེར་བ་ནི་ཇི་འདྲའི་གདུག་རྩུབ་ཞིག་རེད་བསམས་ཤིང་སེམས་སྡུག་གཏིང་ནས་སྐྱེས་ཏེ་དར་ཅིག་ལ་ངག་མ་འཁྲོལ། ཁོ་བོ་ཧད་དེ་ཡུད་ཙམ་ནས་ངག་ཐོན་བྱུང་།

“དེས་ན་ཤེས་རབ་ཟླ་བ་ཡོད་དམ།”

“ཤེས་རབ་ཟླ་བ་ད་དུང་ཤི་གསོན་གང་ཡིན་ཡང་ཧ་གོ་ཡི་མི་འདུག བསྟན་ནོར་གྱིས་བཤད་པ་ལྟར་ན་ཉི་མ་ཉི་ཤུ་ལྷག་གི་ཡར་སྔོན་གྱི་ཕྱི་དྲོ་ཞིག་ལ། ཤེས་རབ་ཟླ་བ་ཁོ་ཚང་ལ་ཡོང་ནས་ཨ་ཕ་ན་རབས་དང་སྨན་བསྟན་པར་འགྲོ་རོགས་དགོས་ཚུལ་སོགས་བཤད་པས། ཁོ་ཚོས་གྲོས་བྱས་ཏེ་ཕྱི་ཉིན་ཡུལ་ཚོའི་སྨན་པ་བསུས་ནས་ཡོང་བར་ཐག་བཅད། དེ་དག་ལ་ཉན་རྗེས་ཤེས་རབ་ཟླ་བས་ཕྱིར་འཁོར་ཏེ་ཡུལ་ལ་ལོག་གྲབས་བྱས། བསྟན་ནོར་གྱིས་ཁོས་ལམ་མི་ཆོད་པར་སེམས་ཁུར་བྱས་ཏེ་ཞག་སྡོད་བྱེད་པར་ཁ་བསྒོ་གང་མང་བྱས་ཀྱང་། ཁོས་ཨ་ཕ་སེམས་ནས་མ་ལོངས་བར་དེ་འཕྲལ་དུ་ཕྱིར་ལོག་ནས་ཨ་ཕར་བདག་སྐྱོང་བྱེད་དུ་འགྲོ་དགོས་ཚུལ་བཤད། བསྟན་ནོར་གྱིས་ཀྱང་བདེན་པར་གོ་ནས་ཞོན་རྟ་དང་ལམ་གྲོ་གྲ་སྒྲིག་བྱས་ནས་ཡུལ་ལ་མངགས་པ་ཡིན་འདུག

“ ཡིན་ཡང་ཕྱིར་ཉིན་བསྟན་ནོར་ཕ་བུ་གཉིས་ཀྱིས་སྨན་པ་བསུས་ཏེ་ཤེས་རབ་ཟླ་བ་ཚང་ལ་ཐོན་སྐབས། ཤེས་རབ་ཟླ་བ་ཕྱིར་ཡུལ་ལ་ཐོན་མེད་པ་མ་ཟད་ཁོའི་ཨ་ཕ་ཚེ་ལས་འདས་འདུག་སྐད། མ་ཡར་དེའི་གྲིབ་མ་ཙམ་ཡང་མི་མཐོང་ཟེར་བས་བསྟན་ནོར་གྱིས་བུ་ནོར་སྐྱབས་མངགས་ནས་ཤེས་རབ་ཟླ་བ་འཚོལ་དུ་བཅུག ནོར་སྐྱབས་ཀྱིས་ཤེས་རབ་ཟླ་བ་རྙེད་པ་ཕར་ཞོག་རྗེས་ཤུལ་ཙམ་ཡང་མ་མཐོང་ཟེར་འདུག ད་ནི་ཕལ་ཆེར་སྤྱང་དམག་གིས་ཟོས་སོང་ཡོད་ནའང་ཐང་།”

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་གཏམ་དེ་ཐོས་འཕྲལ་དུ་བཙན་དུག་གི་ཁུ་བ་འཐུངས་པ་ལྟར་ལུས་ཡོངས་རྫོགས་སྦྲིད་ཆི་ལེར་གྱུར་སོང་། སྐྱི་གཡའ་བའི་ཚོར་སྣང་ཞིག་གིས་ནོན་ཞིང་སྤྱང་དམག་གི་ངར་སྐད་རྣ་ལམ་དུ་འཁོར་བྱུང་། ཁ་གདངས་ཤིང་སྣ་བསྙེར་བ། མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བའི་སྤྱང་ཀི་ཆེན་པོ་རེ་རེ་མིག་ལམ་དུ་མངོན་པའི་མུ་ལ་ཤེས་རབ་ཟླ་བའི་འཛུམ་ཞལ་དེའང་དྲན་པས་སྙིང་ལ་གཟོད་པར་དཀའ་བའི་ཚ་ཙག་རེ་རེ་འཕྲོ་རིམ་དུ་རྒྱུག ཁོས་ཡིད་མི་ཆེས་པ་དང་དོན་དངོས་དང་ལེན་བྱེད་མ་ནུས་ཏེ་ངོ་མདངས་ཤོར་ནས་མགོ་བོ་འཕྲེད་དུ་བར་མེད་གཡུགས།

ཨ་ཁུ་དོན་འགྲུབ་ཀྱིས་ཁོ་ལ་གདུང་སེམས་ཚད་མེད་བཅིངས་ཤིང་ཐང་ཆད་པའི་ངོ་གདོང་ལ་སྐྱོ་བའི་ཉམས་ཤིག་ཤར་ནས་མགོ་བོ་འཕྲེད་ལ་གཡུགས་ཞོར་དུ། “ད་སེམས་མ་སྡུག དགེ་རྒན་བཟང་བོ བྱ་སྔར་སོང་བྱ་རྒྱལ་རྒོད་པོས་མི་ཟིན་ལ། བྱ་ཚུར་ཡོང་བྱམས་པ་མགོན་པོས་མི་གཟིགས་ཟེར་བ་རེད། ཚེ་སྔོན་ལས་ཀྱི་བསྐོས་ཐང་ལྟར་སྐྱེ་རྒ་ན་འཆི་འདི་ཅིས་ཀྱང་བརྒྱུད་དགོས་ནི་རེད། ཚེ་མི་རྟག་ནམ་མཁའི་གློག་ཞགས་ཟེར་བ་དེ་དང་ལེན་བྱེད་དགོས། སྐྱིད་སྡུག་ཅི་ཡོང་ན་སྐྱབས་དཀོན་མཆོག་གསུམ་ལ་བློ་མ་ལོག་ཏེ་ཤུལ་ནས་ཆོས་ཡག་པོ་ཞིག་ཨེ་འགྲུབ་བལྟ་”ཞེས་ཟེར།

ཚིག་དེ་ནི་གནམ་ལྕགས་ཐོག་མདའ་དང་འདྲ་བར་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་འཚོ་བའི་སྙིང་པོ་དང་རེ་བ་ཐམས་ཅད་སྐད་ཅིག་གིས་བཅོམས།

“ང་ཤེས་རབ་ཟླ་བ་དང་དུས་གཏན་དུ་འཕྲད་མི་ཐུབ་པ་མ་ཡིན་ནམ།”

ཁོའི་སྐད་འདར་ཞོར་དུ་ངག་ནས་དབང་མེད་དུ་ཤོར་བ་ན་ལྷ་མཛེས་ཀྱིས་ཀྱང་སེམས་ཀྱིས་མ་བཟོད་དེ་ངུ་ངག་ཐོན།

ཨ་ཁུ་དོན་འགྲུབ་ཀྱིས་“ད་སེམས་སྡུག་གིས་གང་ལའང་མི་ཕན། ངལ་སོས་དང་སང་ཉིན་ངས་ཁྱོད་ཕྱིར་སློབ་གྲྭ་ལ་སྐྱེལ།”ཞེས་བཤད་ཞོར་དུ་ལག་པས་ཁོའི་ཕྲག་པ་ལ་རྡེབ་ཙམ་བྱས།

ལྷ་མཛེས་ཀྱིས་མིག་མཐའ་མཆི་རིས་ཤ་རེར་ཁོ་གཉིས་ལ་ཇ་བླུད་ཀྱང་དགེ་རྒན་སྣང་གསལ་ཡེ་ཤེས་ལ་འཐུང་ཡིད་ཡེ་ནས་མ་བྱུང་སྟེ་ཐོ་ཡོར་དང་འདྲ་བར་འགུལ་ཙམ་ཡང་མི་བྱེད་པར་གོ་འགྲམ་དུ་ལུས། ཨ་ཁུ་དོན་འགྲུབ་ཀྱིས་ཁོ་ལ་སེམས་གསོ་གང་མང་བྱས་ཀྱང་ཁོས་ཐོས་ཀྱི་མེད་པ་དང་འདྲ་བར་མིག་གིས་གོ་ཁར་ཅེར་ནས་སེམས་སྡུག་བྱས། དེ་དུས་ལྷ་མཛེས་ཀྱིས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་སེམས་ཁྲལ་བྱས་ཏེ་སེམས་གསོའི་ཚུལ་དུ་“ཤེས་རབ་ཟླ་བ་ད་དུང་འཇིག་རྟེན་འདིར་ཡོད་ནའང་ཐང་”ཞེས་ཟེས་དུས། ཁོ་རང་གློ་བུར་དུ་སད་པ་ལྟ་བུ་བྱས་ཏེ་མགོ་བཀྱགས་ནས་ལྷ་མཛེས་ལ་བལྟས། ངག་འདར་བའི་སྒོ་ནས་རེད། “ཤེས་རབ་ཟླ་བ་ད་དུང་འཇིག་རྟེན་འདིར་ཡོད་ངེས་ཡིན། ང་སང་ཉིན་འཚོལ་དུ་འགྲོ་རྒྱུ་ཞེས་ཟེར།” དེ་གོ་བ་ན་ཨ་ཁུ་དོན་འགྲུབ་ཀྱིས་མགོ་བོ་སྨད་དེ་གཡུག་ཞོར་དུ་དགེ་རྒན་ལགས། “འཆི་བ་བརྒྱ་ལ་གསོན་པའི་རེ་བ་གཅིག་ཟེར་བ་ཡིན་མོད། ད་ལོའི་སྤྱང་ཀི་ཇི་འདྲའི་རྒོད། སེམས་ཅན་དབུགས་ཐོགས་ཤིག་གསོན་ལ་མི་གཏོང་། ཤེས་རབ་ཟླ་བ་དེ་དག་དང་འཕྲད་ཡོད་ན་གནའ་ནས་བཟས་ཟིན་པ་ཁོ་ཐག་ཡིན། ད་ཐེངས་རེ་བ་ཕལ་ཆེར་ཡོད་རྒྱུ་མ་རེད”ཟེར་བར་ཁོའི་རྣར་མ་སོང་སྟེ་“མིན། ཤེས་རབ་ཟླ་བ་འཆི་མི་སྲིད། ཁོ་འཆི་མི་སྲིད།” ཞེས་ཡིད་ཆེས་བརྟན་པོ་བཅངས་ནས་དེ་སྐད་སྨྲས།

ཅུང་ཞིག་ལ་འཇམ་ཅག་གེར་གྱུར་ནས་སྦྲ་ནང་དུ་སྐྱོ་སྡུག་གི་མཁའ་དབུགས་ཤིག་གིས་ཁྱབ་པར་གྱུར། ཨ་ཁུ་དོན་འགྲུབ་ཀྱིས་ཁོ་གཉིས་ལ་ད་ཉོལ། ད་ཉོལ། འདི་ལྟར་བསྡད་ན་ལུས་ཀྱི་རྨ་ཁ་ལ་ཡང་གནོད་ཟེར་བཞིན་མལ་ས་རུ་ཉལ་དུ་བུད་སོང་། ཁོ་གཉིས་ཀྱང་ཅི་ཡང་མི་སྨྲ་བར་རང་རང་གི་གནས་སུ་སོང་ནས་ཉལ།

དགེ་རྒན་སྣང་གསལ་ཡེ་ཤེས་ནམ་སྨད་མ་གཏོགས་གཉིད་མ་ཁུགས་པས་དགོང་རེའི་ཁ་ཏོན་དེ་ཡང་དང་བསྐྱར་དུ་བཏོན་ནས་ནམ་འཁྱོལ་ཐབས་བྱས་སོ། །

དགུ

ནམ་སྨད་ཀྱི་རྨི་ལམ་ནང་དུ་ཡང་བསྐྱར་ཤེས་རབ་ཟླ་བའི་ཞལ་རས་སྒོར་མོ་འཛུམ་གྱིས་ཁེངས་ཏེ་ཁོ་གཉིས་ཞལ་འཛོམས་བྱུང་། ཁོ་ལ་སྨྲ་བརྗོད་ལས་འདས་པའི་དགའ་སྤྲོ་སྐྱེས་ཏེ་ཤེས་རབ་ཟླ་བ་ལ་དམ་དུ་འཁྱུད། ཤེས་རབ་ཟླ་བའི་མིག་མཐར་དགའ་སྐྱོ་འདྲེས་མའི་མིག་ཆུའི་མེ་ཏོག་བྱུང་ཞིང་ཡུན་རིང་བྲལ་བའི་དགེ་རྒན་ལ་འཁྱུད་པ་དང་མགོ་བོའང་དགེ་རྒན་ལ་བསྙེས། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཁོའི་མགོ་ལ་བྱིལ་བྱིལ་བྱེད་འདོད་དེ་ལག་པ་ནང་དུ་བཀུག་པའི་ཚེ་འཁྱག་སིབ་སིབ་ཀྱི་དངོས་པོ་ཞིག་དང་འཕྲད། རིམ་བཞིན་ཤེས་རབ་ཟླ་བ་འཇའ་བཞིན་ཡལ་བར་གྱུར་ཏེ་ཁོ་བོ་གཉིད་ལས་སད། ཁོ་ལ་བཟོད་གླགས་མེད་པའི་སྐྱོ་ཤས་དྲག་པོ་སྐྱེས་ཏེ་མཆི་མ་ཤར་ཤར་ཤོར།

ནང་ཇ་ཡོལ་འཚམས་སུ། དགེ་རྒན་སྣང་གསལ་ཡེ་ཤེས་ཕྱིར་ལོག་པར་སྟ་གོན་བྱེད་པ་དང་ཨ་ཁུ་དོན་འགྲུབ་ཀྱིས་ཕྱི་རོལ་ནས་རྟ་གཉིས་ལ་སྒ་འཇོག་སྲབ་བསྐོན་བྱས། ལྷ་མཛེས་ཀྱི་གདོང་ན་མི་སྡུག་པའི་མདངས་ཤིག་ཤར་ནས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་ཇ་བླུགས། ཨ་ཕ་ཕྱི་རོལ་དུ་སོང་བའི་གོ་སྐབས་དང་བསྟུན་ནས་མོ་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་འགྲམ་དུ་སོང་ནས་རང་གི་སྐེ་ནས་མུ་ཏིག་གི་སྐེ་རྒྱན་དེ་དཀྲོལ་ནས་ཁོའི་ལག་ཏུ་སྤྲད་ཅིང་དུས་མཚུངས་སུ། སྐྱོ་བ་སྐད་གདངས་དང་འདྲེས་ནས་“འདི་ནི་ངའི་ཁྱེད་ལ་བྱིན་པའི་དྲན་རྟེན་ཡིན། ང་རང་མ་བརྗེད་ཅིག་”ཅེས་བཤད་པ་ན་འགྲིན་པ་འཆི་མས་བརྣངས་ཏེ་མུ་འཐུད་དུ་བཤད་མ་ཐུབ། འཕྲལ་དུ་ཕྱིར་འཁོར་བ་ན་མིག་མཐའ་རུ་མཆི་ཞགས་འཁྱིལ་སོང་། དགེ་རྒན་སྣང་གསལ་ཡེ་ཤེས་འགྲིན་པའི་ཕུག་ཏུ་སྐྱུར་ཤ་ཞིག་ལངས་ཤིང་ངག་ནས་“ངས་ཁྱོད་རང་ཚེ་གང་བོར་བརྗེད་མི་སྲིད་”ཅེས་སྨྲས།

ཨ་ཁུ་དོན་འགྲུབ་ཀྱིས་ཕྱི་རོལ་ནས་“དགེ་རྒན་སྣང་གསལ། ད་འུ་གཉིས་འགྲོ་གྲབས་བྱེད།”ཟེར་བ་དེ་ཐོས་འཕྲལ་ཁོ་འདང་རྒྱག་ཞིག་གི་ནང་ལ་ལྷུང་ཡང་ཤིན་ཏུ་ལྕི་བའི་གོམ་ཁ་དེ་དབང་མེད་དུ་ལྷ་མཛེས་དང་གྱེས་ནས་སྦྲ་སྒོར་སྤོ་དགོས་བྱུང་།

ཁོ་གཉིས་རྟའི་གོང་ལ་བུད་ནས་རྒྱང་རིང་དུ་འཐེན་པའི་ལམ་ཆེན་ལ་ཞུགས་ཏེ་སྦྲ་ཁྱིམ་དང་ཐག་ཇེ་རིང་དུ་ཕྱིན། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་མགོ་བོ་ཕྱིར་དཀྱོག་ཏེ་ལྷ་མཛེས་ལ་ཕྱིར་མིག་ཡང་ཡང་ཤོར། ལྷ་མཛེས་ཀྱིས་མཆི་མ་འབྱིད་ཞོར་ཁོ་གཉིས་ལ་མིག་གི་སྐྱེལ་མ་བྱས་ཏེ་སྒོ་དར་གྱི་འགྲམ་དུ་ཐོ་ཡོར་ཞིག་དང་འདྲ་བར་ལངས་འདུག

ལ་ཁ་བརྒྱུད་དེ་རྒྱང་ཐག་རིང་བོར་སླེབས་པ་ན་སྦྲ་ནག་དང་ལྷ་མཛེས་གང་ཡང་མི་མཐོང་བར་གྱུར། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་གློ་བུར་དུ་རྟ་ཁ་གློད་ནས་བང་གིས་བརྒྱུགས། ཨ་ཁུ་དོན་འགྲུབ་ཀྱིས་ཁོའི་ཕྱི་ལྟར་རྟ་ལ་ལྕག་གིས་གྲབས་ཏེ་རྒྱུག་ན་ཡང་རྗེས་མ་ཆོད་དེ་ཁོ་གཉིས་ཀྱི་བར་ལ་རྒྱང་ཐག་རིང་བོ་ཁྱད་པར་གྱུར།

དགེ་རྒན་སྣང་གསལ་ཡེ་ཤེས་ལམ་གྱི་སུམ་མདོ་ཞིག་ལ་སླེབས་པ་ན་འགྲམ་གྱི་དེའུ་རི་གཅིག་གི་སྟེང་ལ་བུད་ནས་རྟ་ཁ་བསྒགས་ཤིང་ཁ་ཕྱིར་འཁོར། སྐད་གསེང་མཐོན་པོས་ཀི་བཏབ་པ་ན་ཨ་ཁུ་དོན་འགྲུབ་ཀྱིས་རྟ་ཁ་བསྒགས་ནས་བསྡད་དེ་ཁོས་ཅི་ཟེར་ལ་ཉན་ནས་སྒུག དེའི་མུ་ལ་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་གསལ་ཅིང་མཐོ་བའི་སྐད་ཐོས་འོངས།

“ཨ་ཁུ་དོན་འགྲུབ། ད་ང་ལ་སྐྱེལ་མ་བྱེད་མི་དགོས། ཁྱོད་རང་ཕྱིར་ལོག་དང་། ངའི་སྲོག་བསྐྱབས་པ་དང་ང་ལ་བདག་སྐྱོང་གནང་བའི་དྲིན་ལན་ངས་མྱུར་དུ་འཇལ་ཡོང་། རྟ་འདི་ང་ལ་ཉིན་འགར་གཡོར་དང་ང་རང་ཤེས་རབ་ཟླ་བ་འཚོལ་དུ་འགྲོ་རྒྱུ་ཡིན། སང་གནངས་མ་འཇལ་བར་དུ་བདེ་མོ་གྱིས།”

ཨ་ཁུ་དོན་འགྲུབ་ཀྱིས་ཐོས་འཕྲལ་ཕྱིང་ཞྭ་ཕུད་ཅིང་ལག་པ་མཐོན་པོར་བཀྱགས་ནས་བྲེལ་ཟིང་གི་ལག་བརྡ་བར་མེད་དུ་བྱེད་ཀྱིན་སྐད་གསེང་མཐོན་པོས་“དགེ་རྒན་སྣང་གསལ། ཁྱོད་རང་སློབ་མ་འཚོལ་དུ་རྩ་བ་ནས་འགྲོ་མི་ཉན། རྩ་བ་ནས་འགྲིག་ནི་མ་རེད། ཅེས་”ཀི་འབོད་བྱེད་བཞིན་བཤད་ཀྱང་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་མ་ཐོས་པ་ལྟར་བྱས་ཏེ། རྟ་ཁ་སྤྲུགས་ཏེ་གཡས་སུ་གྱེས་པའི་ལམ་ཕྲན་དེའི་ནང་དུ་རྨིག་སྒྲ་ཐག་གེར་བརྒྱུགས་སོང་། མ་གཞི་ལམ་ཕྲན་དེ་ནི་ལུང་སྐྱ་སྡེ་བའི་སྡེ་སྨད་དུ་འཐེན་ཡོད། ཨ་ཁུ་དོན་འགྲུབ་ཀྱིས་ཁོའི་རྗེས་སུ་བལྟས་ཏེ་སེམས་ཁུར་ཚད་མེད་བྱེད་ཞོར་དུ་རྟ་ཁ་ཕྱིར་ཡུལ་ལ་བསྐོར། དལ་མེད་བྲེལ་མེད་ཀྱི་ངང་ནས་སྒྲོལ་མ་འདོན་བཞིན་ལམ་ལ་ཞུགས་སོ། །

བཅུ།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་རྟ་ལ་ལྕག་གིས་བསྐུལ་ནས་ལུང་སྐྱ་སྡེ་བའི་ལམ་ཕྲན་དང་ས་ཀྱོག་ལུང་ཀྱོག་ཀུན་དུ་སོང་བ་དང་། ཉིན་ཞག་ཁ་ཤས་ལ་དུད་ཁྱིམ་སུམ་ཅུ་ཡས་མས་ལྷག་གི་སྦྲ་སྒོ་ཉུལ་ཏེ། ཤེས་རབ་ཟླ་བའི་གནས་ཚུལ་རྩར་གཅོད་བྱས་ཀྱང་ཀུན་གྱིས་མཐོང་ཐོས་སུ་མ་གྱུར་བས། མི་ཤེས་དང་མ་མཐོང་ཟེར་བ་ལས་ཤེས་རབ་ཟླ་བ་གར་སོང་འདིར་བསྡད་ཀྱི་སྐད་ཆའི་ཚིག་སྣེ་གཅིག་ཀྱང་མ་གོ ཁོ་རང་ལ་ཁ་ནས་བུ་ཡུག་དང་ལྷན་དུ་ཆས་ཤིང་ལུང་མཐིལ་ནས་ཁ་བ་དང་མཉམ་དུ་སོང་ཏེ་རི་ཐང་ཀུན་ནས་ཤེས་རབ་ཟླ་བ་བཙལ་ཀྱང་མི་ཙམ་ཕར་ཞོག་མིའི་གྲིབ་མ་ཙམ་ཡང་མ་མཐོང་། ཕྱིར་ཤེས་རབ་ཟླ་བ་ཚང་གི་དགུན་སར་སོང་བ་ན་མི་ལ་རས་པའི་ཕ་ཡུལ་ལས་ཀྱང་སྐྱོ་བོ་འདུག མཚེར་ཤུལ་ན་སྒྱེད་པུ་ཞིག་རོ་དང་ལྷས་ཤུལ་སྟོང་བ་ལས་ཅི་ཡང་མེད། རླུང་གིས་འུར་སྒྲ་དང་བཅས་ཐལ་སྤུངས་སྐྱ་འཚུབ་བེར་འཁྱེར་བ་ནི་སུ་ཞིག་ལ་སྨྲེ་སྔགས་འདོན་པ་དང་མཚུངས།

ལ་འདབས་ཀྱི་སྡེ་ལམ་དེད་ནས་འགྲོ་སྐབས་ཁོས་ཐག་རིང་གི་ས་ན་སྐྱ་མི་ཞིག་ཚུར་འོངས་བཞིན་པ་མཐོང་། ཁོས་སེམས་སུ་སྐྱ་མི་དེར་ཤེས་རབ་ཟླ་བའི་གནས་ཚུལ་རེ་འདྲི་དགོས་སྙམ་ཞིང་མདུན་དུ་བརྒྱུགས་པས་དེ་དང་རིམ་བཞིན་ཐག་ཇེ་ཉེར་སོང་། སྐྱ་མི་དེ་དང་འཕྲད་པ་ན་ཁོས་མིག་མདུན་གྱི་མི་དེ་ནི་ཧ་ཅང་རྒྱུས་ཡོད་ཅིག་ཡིན་པ་ངོ་ཤེས། མི་དེས་ཀྱང་གདོང་ལ་དགའ་སྐྱོ་འདྲེས་མའི་འཛུམ་མདངས་ཤིག་མངོན་ནས་བལྟས་པ་ན། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་གདོང་དབྱིབས་ནི་སྔར་བཞིན་ལྷུན་ཆགས་ཤིང་ཡག་ན་ཡང་དྲེག་པ་དང་སྐྱོ་བའི་ཉམས་ཀྱིས་ཁེངས་འདུག ཐང་ཆད་པའི་མིག་འབྲས་ལ་ཡང་སྔར་གྱི་འོད་མདངས་དེ་མི་འདུག སྐྲ་ནི་སྔར་ལས་རིང་ཞིང་རྫོབ་པ་དང་གྱོན་པ་ཐམས་ཅད་རྙིང་ཧྲུལ་དུ་གྱུར་ཡོད། ཚ་རུ་ནི་གཅན་གཟན་གྱི་ཁ་རུ་ཤོར་སོང་བ་དང་འདྲ་བར་རལ་ཐེད་དུ་གྱུར་འདུག ཨ་ཙི། ད་དུང་ལག་གཡོན་པ་སེང་རས་ཀྱིས་བསྡམས་ཏེ་སྐེ་ལ་བཏགས་འདུག་པ་དང་སེང་རས་ཀྱི་སྟེང་ལ་ཁྲག་ཀྱང་འགོས་འདུག མི་དེས་ཞིབ་ལྟ་ཞིག་བྱས་རྗེས་སྐྱོ་བ་དང་ཐེ་ཚོམ་ཀྱི་ཉམས་ཤིག་མངོན་ནས་ཁོའི་མིང་ནས་བོས་བྱུང་།

“དགེ་རྒན་སྣང་གསལ། ཁྱོད་གང་དུ་སོང་བ་ཡིན། ཁྱོད་ལ་ཅི་བྱུང་བ་རེད། ངས་ཁྱོད་བཙལ་ནས་ཉིན་ཤས་འགོར་སོང་། ད་དུང་ཁྱོད་ཀྱི་ལག་པ་་་་་”

མི་དེ་ནི་ཁོའི་ལས་གྲོགས་བསྟན་འཛིན་བཀྲ་ཤིས་རེད། སློབ་སྟོན་པ་གཞོན་པ་ཡིན་ཞིང་ཁོ་གཉིས་ནི་ཁ་ཞེ་གཉིས་མཐུན་གྱི་སྤུན་གྲོགས་རེད། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་རང་ལུས་ལ་བལྟ་ཙམ་བྱས་རྗེས་ཁོ་ལ་འདི་ལྟར་བཤད།

“ང་ལ་ཅི་ཡང་མ་བྱུང་། ཡིན་ཡང་ཡིད་ཕངས་བ་ཞིག་ལ་ཤེས་རབ་ཟླ་བ་སྤྱང་ཀིས་ཟོས་པའམ་ཅི་ཡིན་མི་ཤེས་པར་བོར་སོང་།”

དགེ་རྒན་བསྟན་འཛིན་བཀྲ་ཤིས་ཀྱིས་གཏམ་དེ་ཐོས་འཕྲལ་ཧང་སངས་བའི་རྣམ་འགྱུར་གདོང་ལ་ཤར་ནས་ཁ་ནས་“ཨ་ཁ། ད་མ་འགྲིག་”ཅེས་དབང་མེད་དུ་ཐལ། ཡང་དོགས་པའི་མིག་མདངས་མངོན་ནས་“ཁྱོད་ཀྱི་ལག་པར་ཅི་བྱུང་བ་རེད་”ཅེས་དྲིས་པ་ན། ཁོས་ཀྱང་རང་ཉིད་འཕྲད་པའི་གནས་ཚུལ་རྣམས་གསོང་བོར་སྨྲས།

དགེ་རྒན་བསྟན་འཛིན་བཀྲ་ཤིས་ཀྱིས་ཉན་རྗེས་ཡིད་འགུལ་ཚད་མེད་ཐེབས་ཏེ་རེ་ཞིག་ངག་སྒོ་ལས་གཏམ་ཀྱང་མ་ཐོན།

“ད་ནི་ཤེས་རབ་ཟླ་བ་མི་རྙེད་པ་ཐག་གིས་ཆོད། འུ་གཉིས་ཕྱིར་སློབ་གྲྭར་ལོག་ན་དགའ།”ཞེས་དགེ་རྒན་བསྟན་འཛིན་བཀྲ་ཤིས་ཀྱིས་ཁོ་ལ་སེམས་གསོ་དང་ཁ་བསྒོ་གང་མང་བྱས་མཐར་། ཕྱིར་ལོག་དགོས་པར་གྲོས་འདེབས་བྱས།
དེ་ནས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཤེས་རབ་ཟླ་བ་རྙེད་པར་རེ་ཐག་ཆད་ནས་ཡིད་ཕམ་པ་ཡ་ཆུང་ཁོག་དང་། ཡུ་མུག་པ་རྒྱུ་མའི་མཐིལ་ཞེས་པར་གྱུར་བས་ཕྱིར་སློབ་གྲྭ་ལ་ལོག་པའི་ལམ་དུ་ཞུགས།
ཁོ་གཉིས་ཕྱིར་སློབ་གྲྭར་འབྱོར་བའི་ས་སྲོད་དེར་ཁ་བ་ལྷབ་ལྷུབ་བབས་བྱུང་། དྭངས་གཙང་གི་ཁ་བའི་འདབ་མ་རེ་རེ་ཁོའི་འཇིལ་ལིར་འཁྱིལ་ཞིང་ཤིན་ཏུ་རྫོབ་པའི་སྐྲ་ལོའི་གསེང་ལ་འཐིམས། ས་གཞི་ཐམས་ཅད་དངུལ་དཀར་གྱི་འཇིག་རྟེན་དུ་གྱུར་ཞིང་ཁ་བ་ལེབ་མོའི་འཕུར་ལྡིང་མཚམས་མི་ཆད་པར་འདུག འོད་མདངས་ཉམས་པའི་མིག་ཟུང་གི་མཐའ་རུ་མཆི་མ་འཁོར་འདུག་གོ །

བཅུ་གཅིག

ཁ་བ་སྲབ་མོ་ས་ལ་ཆགས་ཤིང་ཉི་མའི་འོད་གུར་མཁའ་རུ་ཕུབ་པའི་སྔ་དྲོ་དེ་ལ། ཉི་ཐིག་འཇམ་པོ་ཞིག་སློབ་ཁང་གི་སྒེའུ་ཁུང་བརྒྱུད་ནས་ནང་གི་ཅོག་ཙེ་དང་དཔེ་ཆ། ད་དུང་སློབ་གྲོགས་ཚོའི་ངོ་གདོང་སོགས་སུ་འཕྲོས་འདུག བློ་རིག་སྤྱང་པའི་སློབ་གྲོགས་ཚོ་དལ་ཅག་གེར་བློ་རྩེ་གཅིག་སྒྲིམ་གྱི་སྒོ་ནས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་སྒོ་སམ་དུ་འཁོད་པའི་གྲལ་དག་ཅིང་ཚར་དུ་དངར་བའི་ཡིག་ཕྲེང་དག་ལ་ཅེར། སློབ་ཁང་ནང་ཡོངས་སུ་ཞི་འཇམ་དྲོད་སྐྱིད་ཀྱི་སྣང་བ་ཞིག་གིས་ཁྱབ་འདུག་པ་མ་ཟད། ཕྱི་རོལ་དུ་ཡོད་པའི་བྱིས་པ་པྲ་ཚག་དག་གིས་ཀྱང་སློབ་ཁང་གི་སྒེའུ་ཁུང་ཁ་རུ་འཐམས་ཏེ་རྣམ་ཤེས་སྒྲིམ་ནས་སློབ་ཁྲིད་ལ་ཉན་འདུག
དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་མགུལ་དུ་དཔྱངས་ཐག་གིས་འཕྱང་པའི་ལག་པ་གཡོན་མ་དེ་དོགས་མི་བདེ་བའིི་ངང་ནས་འགུལ་ཙམ་བྱས་ཏེ། སྐད་གདངས་མཐོན་པོའི་སྒོ་ནས་མཇུག་མཐའི་སློབ་ཐུན་གཅིག་ཞེས་སློབ་ཚན་ཁ་བྱང་ནས་རིམ་བཞིན་དུ་ནང་དོན་གྱི་སྙིང་པོ་ལ་བསེད་བཀྲོལ་གནང་། དེ་ནས་ཡང་ཕྱིར་འཁོར་ནས་ནག་པང་དུ་གཙོ་གནད་དེ་་་་་་་་ཞེས་འབྲི་བའི་ཚེ་ན་དགེ་རྒན་སྣང་གསལ་ཡེ་ཤེས་ལ་མགོ་ཡུར་འཁོར་ཞིང་ལུས་པོ་ཡོངས་རྫོགས་དབང་མེད་དུ་ཁྱོར་ནས་སྡོང་རྒན་འགྱེལ་བ་ཇི་བཞིན་ཁྲོབ་པང་གི་སྒྲ་དང་བཅས་ཁྲིད་སྟེགས་སུ་འགྱེལ་སོང་། སློབ་གྲོགས་བུ་མོ་ཁ་ཤས་ཞེད་སྣང་ཆེན་པོས་ནོན་ནས་ཁ་གདངས་མིག་ཅེར་བ་སོགས་ཧང་སངས་བའི་རྣམ་འགྱུར་སྣ་ཚོགས་གདོང་ལ་འཕྱུར་ཞིང་ཁ་ནས་ངུ་སྐད་ཐོན། སློབ་བུ་ཁ་ཅིག་མྱུར་མོར་ཁྲིད་སྟེགས་སུ་བརྒྱུགས་ཤིང་ས་ལ་འགྱེལ་བའི་དགེ་རྒན་སྣང་གསལ་ཡེ་ཤེས་བསྐྱོར་ནས་ཡར་བསླང་པའི་ཚེ། དགེ་རྒན་ལགས་ནི་དྲན་པ་ཐོར་བའམ་གང་འདྲ་བྱས་སོང་བ་མི་གསལ་བར་བེམ་པོ་ལྟ་བུར་གྱུར་འདུག སློབ་བུ་ཞིག་འཕྲལ་དུ་སྒོ་ཕྱིར་བུད་ནས་དགེ་རྒན་གཞན་རྣམས་ལ་གནས་ཚུལ་ཤོད་པར་བརྒྱུགས།
ཡུད་ཙམ་ན། དགེ་རྒན་འགའ་ཞིག་གིས་དགེ་རྒན་སྣང་གསལ་ཡེ་ཤེས་པང་དུ་བཟུང་ཞིང་ལམ་འགྲམ་ནས་ཅི་ཞིག་ལ་ངང་སྒུག་བྱེད་པའི་ཚུལ་དུ་འདུག སློབ་གྲོགས་རྣམས་ཀྱང་སྒོ་ཆེན་ཁ་རུ་རུབ་ནས་ངུད་མོ་བྱེད་པ་དང་གསོལ་འདེབས་བྱེད་པ་སོགས་འུར་སྒྲ་དིར་རེར་ལུས། དེའི་མུ་ལ་དགེ་རྒན་བསྟན་འཛིན་བཀྲ་ཤིས་ཀྱིས་ཡུལ་ཤོག་སྲིད་གཞུང་གི་པེ་ཅིང་ལྗིབས་འཁོར་རྙིང་པ་དེ་བཏང་ནས་འབྱོར་བྱུང་བ་མཐོང་འཕྲལ། དགེ་རྒན་རྣམས་ཀྱིས་བྲེལ་བྲེལ་ཟང་ཟིང་གི་ངང་ནས་དགེ་རྒན་སྣང་གསལ་ཡེ་ཤེས་པང་ཞིང་གཅིག་རྗེས་གཉིས་མཐུད་ཀྱིས་རླངས་འཁོར་ལ་ཞུགས་ཏེ་བྱ་འཕུར་བ་ལྟར་ཡུལ་ཤོག་དང་ཁ་བྲལ་ཏེ་རྒྱང་རིང་དུ་བརྐྱངས་པའི་ལམ་ཆེན་ལ་བསྙེགས། སླར་ཡང་ཁ་བ་ལེབ་མོ་མཁའ་ནས་འཐོར་ཏེ་དུས་ཀྱི་གོམ་ཁ་མང་དུ་བསྒྱུར་བར་གྱུར་ནའང་སློབ་བུའི་ཚོགས་སྔར་ལྟར་སྒོ་ཆེན་གྱི་ཁ་རུ་རུབ་ནས་ལུས་འདུག་གོ །

བཅུ་གཉིས།

དགེ་རྒན་སྣང་གསལ་ཡེ་ཤེས་ཨ་ཁུ་དོན་འགྲུབ་ཚང་དང་ཁ་གྱེས་ནས་དུས་ཡུན་རིང་པོ་འགོར་བའི་ཡུན་ལ། ལྷ་མཛེས་ཀྱིས་ཉིན་རྟག་པར་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་ཕྱོགས་སུ་སེམས་ཁྲལ་ཚད་མེད་བྱས་ཡོད་དེ། ལན་རེར་ཨ་ཁུ་དོན་འགྲུབ་ཡུལ་ཤོག་སོགས་སུ་དོན་དག་ཙ་ཙིག་སྒྲུབ་ཏུ་སོང་སྟེ་ཕྱིར་ལོག་སྐབས་མོས་དགེ་རྒན་གྱི་གནས་ཚུལ་རྣ་ཐོས་བྱུང་ཡོད་མེད་འདྲི་བར་བྱེད་ཅིང་། ཡང་ལན་རེར་ཡང་འདང་རྒྱག་གི་རྒྱ་མཚོར་ལྷུང་སྟེ་སྨྲ་བ་མེད་པར་ཡུན་རིང་ལ་ཧད་དེ་འདུག

ཉིན་ཞིག་ལ་སློབ་བཤོལ་སློབ་མ་ཞིག་ཡུལ་འབྲོ་སྐབས། ཨ་ཁུ་དོན་འགྲུབ་ཚང་གི་རུ་མཐོང་སྟེ་གུང་ཇ་འཐུང་བར་ཡོང་། ཉིན་དེར་ཨ་ཁུ་དོན་འགྲུབ་ཡུལ་ན་མེད་པས་ལྷ་མཛེས་ཀྱི་སེམས་སུ། དེ་རིང་དལ་ལྷོད་ལྷོད་ཀྱི་ངང་ནས་སློབ་བྱོལ་སློབ་མ་འདི་ལ་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་གནས་ཚུལ་ཞིབ་མོ་ཞིག་འདྲི་དགོས་སྙམ་སྟེ། ཇ་ཞིམ་པོ་དང་ཟས་ཡག་པོ་སྒྲིག་ནས་སྣེ་ལེན་བྱས།

ལྷ་མཛེས་ཀྱིས་ཁོ་ལ་ཕར་འདྲི་ཚུར་གླེང་བྱེད་པའི་ཚེ། སློབ་བྱོལ་སློབ་མ་དེ་ཟས་ཀྱིས་ངོམ་སྟེ་དགའ་ཐག་ཆོད་ནས་གཏམ་གྱི་སྒོ་མོ་ཕྱེས་བྱུང་། ཁོས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་ནད་གློ་བུར་བ་ཞིག་བྱུང་ནས་སྨན་ཁང་དུ་སོང་ཚུལ་དང་། དགེ་རྒན་སྣང་གསལ་ཡེ་ཤེས་མེད་པས་ད་ལྟ་སློབ་གྲྭའི་ནང་དུ་སྔོན་ལྟ་བུར་སྐྱིད་པོ་མེད་ཚུལ། ད་དུང་སློབ་བྱོལ་སློབ་མ་སྔར་ལས་ཇེ་མང་དུ་སོང་ཡོད་པ་སོགས་ཞིབ་ཅིང་རྒྱས་པ་བཤད་དེ་ངོ་ལ་ཡལ་བ་མེད་པའི་འཛུམ་ཞིག་ལངས་ནས་བསྡད། ཡིན་ན་ཡང་། ལྷ་མཛེས་ཀྱིས་མི་འདོད་པའི་གཏམ་དེ་དག་ཐོས་རྗེས་སེམས་མི་སྐྱིད་ཅིང་བློ་མི་བདེ་བར་གྱུར་རོ། །

ཉི་ནུབ་ཏུ་ཨ་ཁུ་དོན་འགྲུབ་ཕྱིར་ལོག་པ་ན། ལྷ་མཛེས་ཀྱིས་ཨ་ཕ་ལ་ཇ་ཞིམ་པོ་སྐོལ་ནས་ནུབ་འཚལ་འཐུང་གྲབས་བྱས།

ལྷ་མཛེས་ཀྱིས་ཇ་དཀར་ཡོལ་གང་བླུགས་ནས་ཨ་ཕའི་ལག་ཏུ་སྤྲད་པ་དང་སློབ་བྱོལ་སློབ་མའི་སྐད་ཆ་མཐའ་དག་ལྷག་ལུས་མེད་པར་ཨ་ཕ་ལ་བཤད།

ཨ་ཁུ་དོན་འགྲུབ་ཀྱིས་ཉན་རྗེས་ཇ་ཡང་མི་འཐུང་བར་ཧོན་ཐོར་ཏེ་ཡུད་ཙམ་ལ་ལུས་རྗེས་སླར་ཡང་སད་པ་ལྟར་གྱུར།

“ཨ་ཁ། མ་བཟང་། མ་བཟང་། དགེ་རྒན་སྣང་གསལ་ཡེ་ཤེས་ལགས་ལ་ནད་ཅི་ཞིག་ཕོག་པ་ཡིན་ནམ། ”

“ནད་ཅི་ཞིག་ཡིན་པ་མི་ཤེས། གང་ལྟར་གནས་ཚུལ་ཡག་མི་འདུག”ཞེས་ལྷ་མཛེས་ཀྱིས་གདོང་ལ་མི་སྡུག་པའི་ཉམས་ཤིག་དོད་དེ་དེ་ལྟར་བཤད་རྗེས་ཁ་ཕྱིར་ལ་འཁོར།

ཨ་ཁུ་དོན་འགྲུབ་སླར་ཡང་འདང་རྒྱག་གི་དྲ་བར་ལྷུང་ནས་སྦྲ་ཁྱིམ་ཧྲིལ་བོ་ཡུན་རིང་དུ་ཁ་ཁུ་སིམ་པོར་གནས་ཀྱང་། ཁོས་ཤེས་རྟོགས་བྱུང་མེད་པར་སྨྲ་བ་འགག་ཏེ་ལུས།

“ཨ་ཕ། སང་ཉིན་ང་རང་རྫོང་མཁར་དུ་དགེ་རྒན་སྣང་གསལ་ཡེ་ཤེས་ལ་སྐོར་རྒྱག་ཏུ་སོང་ན་ཨེ་ཆོག”

ལྷ་མཛེས་ཀྱི་སྐད་ཆ་དེས་སྦྲ་ཁྱིམ་གྱི་ལྷིང་འཇགས་འཕྲལ་དུ་བཅོམས་པས་ཨ་ཁུ་དོན་འགྲུབ་རྨོངས་འཐོམས་ལས་སད་པར་བྱས། མིག་སྒོར་རེར་ལྷ་མཛེས་ལ་བལྟས་ཏེ་ཧད་པར་གྱུར། ལྷ་མཛེས་ཀྱིས་དོགས་མི་བདེ་བའི་མིག་མདངས་ཕྱུང་བས་ཨ་ཁུ་དོན་འགྲུབ་ཀྱིས་འདི་སྙམ་དུ་བསམས། ངའི་བུ་མོ་འདི་དགེ་རྒན་སྣང་གསལ་ཡེ་ཤེས་ལ་དགའ་སྣང་བྱུང་ཡོད་པ་མ་ཟད་ཞེའང་ཆགས་ཟིན་འདུག གལ་སྲིད་ཁོ་གཉིས་ལ་ལས་རེ་ཡོད་ན་འབྲེལ་འདྲིས་བྱས་ཀྱང་མི་འགྲིག་པ་ནི་རྩ་བ་ནས་མི་འདུག ཡག་ཕོ་སྒོ་ཡིན་ནའང་འདྲ་ཞེ་ལྷག་བསམ་ཡིན་ནའང་འདྲ་དགེ་རྒན་སྣང་གསལ་ཡེ་ཤེས་དང་འདྲ་བ་ཞིག་ད་སྔ་ཡན་ལ་རིག་མ་མྱོང་། ལྷ་མཛེས་མོ་རང་འདི་འདྲའི་མི་བཟང་པོ་ཞིག་དང་མཐུན་ཐབས་བྱུང་ན་རྒད་པོ་ངའི་བསོད་ནམས་ཀྱང་རེད། ད་སྔོན་ངས་ཀྱང་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་སྲོག་བསྐྱབས་མྱོང་བས་ཁར་ལྷ་མཛེས་ཀྱིས་ཁོ་ལ་བདག་སྐྱོང་ཡག་པོ་བྱས་ཡོད་པས། ཁོས་བུ་མོ་ལྷ་མཛེས་ལའང་བསམ་བློ་འཁོར་སྲིད། སང་ཉིན་ལྷ་མཛེས་ཁོ་ལ་བལྟ་བར་སོང་ན་ཁོ་རང་ཡང་ཡིད་སེམས་དགའ་བར་ངེས་སོགས་བསམ་བློ་མང་དུ་འཁོར་སྐབས་གཞི་ནས་ལྷ་མཛེས་ཀྱིས་གམ་ནས་འབོད་ཀྱིན་པ་ཐོས་ཏེ་གློ་བུར་དུ་སད་པ་ལྟར་འཛུམ་མདངས་ཞིག་མངོན་བྱུང་།

“ ཨ་ཕའི་ལོ་ལོ། དགེ་རྒན་སྣང་གསལ་ཡེ་ཤེས་མི་བཟང་པོ་ཞིག་འདུག འུ་གཉིས་ཀྱིས་ཁོ་ལ་ཅི་ནུས་ཅི་ལྕོགས་སྒོས་རོགས་རེ་ཨེ་ཐུབ་བལྟ། སང་ཉིན་འུ་གཉིས་ཁོ་རང་ཡོད་སར་འགྲོ། ཁོའི་ནད་གཞི་མྱུར་དུ་དྲག་སྐྱེད་ཡོང་ངེས་ཡིན། ”ཞེས་བཤད་སྐབས་ལྷ་མཛེས་དགའ་ཐག་ཆོད་དེ་འཛུམ་མདངས་སྙིང་རྗེ་བ་ཞིག་མངོན།

ཁོ་གཉིས་ཀྱིས་གང་དགར་ལབ་གླེང་བྱེད་ཞོར་ནུབ་འཚལ་འཐུང་རྗེས། སྒྲོལ་མའི་དགོང་ཚོགས་བཏོན་སྟེ་མལ་དུ་ཉལ་ལོ། །

བཅུ་གསུམ།

ནམ་གང་བོར་གཉིད་སྐྱིད་པོ་མ་ཁུག་པའི་ལྷ་མཛེས་ནི་སྐྱ་རེངས་མ་གསལ་གོང་ནས་ཡར་ལངས་ཏེ་བཞོ་ཟེའུ་བཟུང་ནས་ལྷས་རའི་ནང་དུ་སོང་། འབྲི་མོས་ལྡད་ལྷོད་རྒྱག་པའི་སྒྲ་ལ་ཉན་བཞིན་མོས་འབྲི་འོ་དཀར་མོ་བཞོ་ཟེའུ་ཁ་རུ་མེར་བ་ཞིག་བཞོས། མོའི་སེམས་སུ་དེ་རིང་གི་འོ་མ་མང་བོ་འདི་དགེ་རྒན་སྣང་གསལ་ཡེ་ཤེས་ལ་འཁྱེར་ན་ཁོའི་ལུས་ཁམས་གསོ་བར་ཕན་པ་ཡོད་ངེས་ཡིན་སྙམ། དུས་མཚུངས་སུ་མོར་བྲེལ་ཚུབ་ཞིག་ལངས་ནས་ནོར་ཁྱུ་ལྷས་ནས་ཕུད་དེ་མདུན་གྱི་ན་ཁུགས་ཏུ་བཀྲམ། ཕྱིར་ཁྱིམ་ལ་ལོག་རྗེས་ལྕི་བ་འཕུད་པ་དང་འོ་མ་བཤིག་པ་སོགས་ཁྱིམ་ལས་ཙ་ཙིག་རྣམས་ཚགས་སུ་ཆུད་པར་བྱས་པ་དང་ཨ་ཁུ་དོན་འགྲུབ་མོ་གཉིས་ཀྱིས་ནངས་ཇ་ལ་རོལ།

ཡུད་ཙམ་ནས། ཉི་མའི་དཀྱིལ་འཁོར་ཤར་རིའི་ཁྲག་པ་ནས་ལྷམ་མེར་ལྷང་ངེར་མངོན་སྟེ་འོད་ཟེར་གྱི་སྣང་བ་ཕངས་སེམས་མེད་པར་ཡངས་བའི་ས་ཆེན་ལ་སྤྲོས་བྱུང་། ཨ་ཁུ་དོན་འགྲུབ་ཀྱིས་བཞོན་རྟ་གཉིས་ལ་སྒ་རྒྱག་སྲབ་བསྐོན་དུས་གཅིག་ཏུ་བྱས་རྗེས། ལྷ་མཛེས་ཀྱིས་ཏ་ལེན་ནང་ལ་ཤ་མར་ཐུད་གསུམ་དང་འོ་མ་སོགས་བསྡུ་བསོག་བརྒྱབ་ཏེ་ལམ་ལ་ཞུགས།

ཁོ་གཉིས་ཀྱིས་ལ་ལུང་གསུམ་བཞི་ཙམ་གྱི་ལམ་ཐག་བཅད་ནས་ཉག་ག་ཞིག་ཏུ་སླེབས་སྐབས། ཨ་ཁུ་དོན་འགྲུབ་ཀྱིས་བུ་མོ་ལྷ་མཛེས་ལ་འདི་སྐད་བཤད། “ད་ནི་འུ་གཉིས་སླེབས་ཐལ། དགེ་རྒན་སྣང་གསལ་ཡེ་ཤེས་ལ་ངོ་ཐུག་པར་ཁྱེད་རང་གཅིག་པུ་སོང་བས་ཆོག ཨ་ཕ་ཕྱིར་ཁྱིམ་ལ་ལོག་ནས་ཕྱུགས་ཟོག་ལ་འཚོ་སྐྱོང་དང་སྒོའི་ཕྱི་ཁྱིམ་ཀུན་གྱི་ལས་ཀ་སྒྲུབ་ནས་འདུག ཁྱེད་ཀྱིས་ཉིན་གསུམ་གྱི་རིང་ལ་དགེ་རྒན་སྣང་གསལ་ལ་ལྟ་སྐྱོང་བཟང་པོ་གྱིས། ཁོ་ནི་ཡ་རབས་ཚུལ་མཐུན་ཞིག་ཡིན་པས་ཁྱེད་རང་གིས་ཁོ་ལ་ནད་གཡོག་དང་བདག་སྐྱོང་ཡག་པོ་བྱེད་དགོས་པ་དང་སུན་ཏུ་མ་འཇུག དགའ་གུས་ཀྱི་སྒོ་ནས་ཁོ་ལ་ཞབས་ཕྱི་ཡག་པོ་འགྲུབ་ལེ་གྱིས་ཤོག”ཅེས་ཡིད་ཆེས་ཀྱི་འཛུམ་དང་བཅས་གོ་རྒྱུ་ཡོད་པའི་སྒོ་ནས་དེ་ལྟར་ལབ། ལྷ་མཛེས་ཀྱིས་བདེན་པར་གོ་ནས་མགོ་བོ་ལྕོག་ལྕོག་བྱེད་བཞིན་“ཡ། ངས་ཤེས་སོང་། ངས་ཁོ་ལ་ཞབས་ཞུ་ཡག་པོ་བསྒྲུབ་ངེས་ཡིན། ཨ་ཕ་ཁྱེད་ཀྱིས་ཀྱང་གཟུགས་པོ་ལ་བདག་སྐྱོང་ཡག་པོ་གྱིས།”ཟེར་ཏེ་ཁོ་གཉིས་ཉག་ག་དེ་ནས་ནས་གྱེས་ཏེ་སོ་སོར་སོང་།

རྫོང་སྨན་ཁང་ནི་རྫོང་མཁར་རྒྱབ་ཕྱོགས་ན་གྱང་ར་ཆེན་པོ་ཞིག་གིས་མཐའ་བསྐོར་ཞིང་རྫ་གྱོ་དམར་པོས་ཀླད་བཀབ་པའི་ཁང་ཤར་གཉིས་ཡོད་པ་དེ་རེད། ཁང་པའི་སྒོ་ཡོལ་དང་དྲ་མའི་ངོས་སུ་རྒྱ་གྲམ་དམར་པོའི་རྟགས་འཁོད་ཡོད་པ་དང་། རྒྱལ་སྒོའི་འགྲམ་གཡས་གཡོན་དུའང་རྫོང་མི་དམངས་སྨན་ཁང་ཞེས་བྲིས་པའི་པང་ལེབ་ནར་མོ་རེ་སྦྱར་ཡོད། སྨན་ཁང་གི་ཁང་ཤར་གཉིས་པོའི་མདུན་ན་རྟ་རྡང་འཕངས་ཡོད་པ་མ་ཟད་བཞོན་རྟ་གཉིས་ཙམ་བཏགས་ཡོད། རྫོང་སྨན་ཁང་དུ་རྒྱ་མི་སྨན་པ་དྲུག་དང་བོད་ཀྱི་སྨན་པ་གཉིས་བཅས་ནས་ལས་ཀ་བསྒྲུབ་བཞིན་ཡོད་ལ། ཁང་མཐིལ་ལ་སོ་ཕག་དམར་པོ་སྒྲིག་ཡོད་པའི་ནད་ཁང་ནང་ན་དམག་ལྭའི་མདོག་ལྟ་བུའི་མལ་གོས་ལྗང་སེར་གྱོན་པའི་ནད་པ་བཞི་ལྔ་ཙམ་ཞིག་ནད་ཁྲིའི་སྟེང་ན་ཉལ་མ་ལངས་བྱས་ནས་བསྡད་ཡོད། ནད་ཁང་གི་སྒེའུ་ཁུང་དང་བཅར་བའི་ནད་ཁྲིའི་སྟེང་ན་དགེ་རྒན་སྣང་གསལ་ཡེ་ཤེས་ཉལ་ཡོད་ལ། ཁོའི་འགྲམ་ན་ཁོ་རང་གི་ཨ་མ་དང་བོད་སྨན་སྨན་པ་ཅིག་ཤོས་དེས་བསྲུང་འདུག

ལྷ་མཛེས་ཀྱིས་བཞོན་རྟ་སྨན་ཁང་གི་ར་བའི་ནང་དུ་བཏགས་ནས་ཁང་ཤར་གྱི་ནང་དུ་སྨན་པ་འཚོལ་བར་སོང་། སྨན་པས་མོ་རང་དགེ་རྒན་སྣང་གསལ་ཡེ་ཤེས་འཚོལ་མཁན་ཡིན་པ་རྟོགས་ནས་ནད་ཁང་གི་ནང་དུ་ཁྲིད།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ལྷ་མཛེས་ནད་ཁང་དུ་འཛུལ་བ་མ་མཐོང་པར། གམ་ན་ཡོད་པའི་བོད་མི་སྨན་པ་དང་ཨ་མ་གཉིས་ལ་བོད་ཀྱི་ལོ་རྒྱུས་སྐོར་གྱི་སྐད་ཆ་མང་པོ་ལབ་གྱིན་འདུག་པ་དང་། བོད་སྨན་དེ་དང་ཁོའི་ཨ་མ་གཉིས་ཀས་ཀྱང་གཡོ་འགུལ་མེད་པར་ཁོས་བཤད་པ་ལ་ཡིད་གཟབ་གྱིས་ཉན་ནས་འདུག

རྒྱ་མི་སྨན་པ་དེས་དགེ་རྒན་སྣང་གསལ་ཡེ་ཤེས་བོས་ནས་ལྷ་མཛེས་བསྟན་པ་ན། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་སྐད་ཆ་ཤོད་མཚམས་འཕྲལ་དུ་བཞག་ཅིང་མིག་ཧུ་རེར་ལྷ་མཛེས་ལ་བལྟས་ནས་ཧད་པར་གྱུར། ལྷ་མཛེས་ལ་ཤོད་མི་ཐུབ་པའི་གདུང་བ་ཞིག་སྐྱེས་ཏེ་མིག་མཐར་མཆི་མའི་ཟེར་རྒྱུན་འཁོར་ནས་བལྟས་ཙ་ན། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་ལུས་ཟུངས་ཡོངས་སུ་ཉམས་ནས་མི་ངོ་ཟིན་དཀའ་བའི་ཚད་དུ་ལྷུང་འདུག གདོང་ལ་སྔར་གྱི་ལྷུན་ཆགས་པའི་ཉམས་ནི་ཤུལ་ཙམ་ཡང་མི་མངོན་པར་ཤ་པགས་སྐེམ་རིད་དུ་གྱུར་པ་དང་། མིག་ཟུང་མིག་ཀོང་ནང་དུ་ལྷུང་ནས་ཕ་རོལ་པོའི་ཡིད་དབང་འགུག་ནུས་པའི་ཟེར་མདངས་ཉམས་ཟིན། ཤ་མདོག་སེར་སྐྱ་རུ་གྱུར་པ་དང་ལུས་ཀྱི་ཡན་ལག་ཀུན་རིད་པར་གྱུར་བ་སོགས་མཐོང་བ་ན་ལྷ་མཛེས་ལ་གདུང་སེམས་ཚད་མེད་པ་ཞིག་སྐྱེས་བར་གྱུར།

དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་སེམས་སུ་ལྷ་མཛེས་ནི་ཇི་འདྲའི་བུ་མོ་སེམས་བཟང་ཞིག་རེད། ཨ་ཁུ་དོན་འགྲུབ་ཚང་དུ་ཡོད་དུས་ཀྱང་ང་ལ་བདག་སྐྱོང་ནན་མོ་བྱས། ད་དུང་ད་ཐེངས་ཡང་ངའི་གནས་ཚུལ་རྩར་བཅད་དེ་སྨན་ཁང་འདིར་ང་ལ་བལྟ་བར་འོངས་བས་དངོས་གནས་བཀའ་དྲིན་ཆེན་པོ་འདུག་སྙམ་སྟེ་ཡིད་འགུལ་དྲག་པོ་ཐེབས་པ་དང་སེམས་སུ་སྐྱོ་བས་གདུངས། མིག་མཐར་མཆི་མའི་ཟིལ་བས་ཁེངས་པར་གྱུར། འཕྲལ་དུ་སད་པ་ལྟར་གམ་ན་ཡོད་པའི་ཨ་མ་ལ་“ཨ་མ། ལྟོས་དང་ངའི་སྲོག་བསྐྱབས་མཁན་དང་བདག་སྐྱོང་གནང་མཁན་ནི་མོ་དང་ཨ་ཁུ་དོན་འགྲུབ་གཉིས་རེད།”ཅེས་བཤད་དེ་ལྷ་མཛེས་གམ་དུ་བོས།

ཨ་མས་ལྷ་མཛེས་ཀྱི་ལག་པར་འཇུས་ཏེ་མིག་དུ་མཆི་མའི་འོད་ཞགས་འཁོར་ནས་“ཨ་ནེའི་ལོ་ལོ། ཁྱོད་རང་སྣང་གསལ་ཡེ་ཤེས་ཀྱིས་ང་ལ་སྔོན་ནས་བཤད་ཐལ། ཁྱོད་ཀྱི་ཨ་ཕ་ཁྱོད་གཉིས་མིན་ན་ངེད་ཚང་གི་བུ་གནའ་ནས་འཇིག་རྟེན་ཕྱི་མའི་ཡུལ་ལ་བུད་སོང་བ་ཁོ་ཐག་རེད། ཁྱེད་ཚང་གི་དྲིན་ལན་མགོ་རུས་ས་ལ་འཐོར་རུང་བརྗེད་ཐབས་ཤིག་མེད།”ཅེས་ཟེར་ཞོར་མིག་ཆུ་ཕུ་ཐུང་གིས་འཕྱིས་ཏེ་སླར་ཡང་ངུ་ངག་འདྲེས་ངའི་སྐད་ཀྱིས་“ངེད་ཚང་གི་བུ་སྣང་གསལ་ཡེ་ཤེས་ནི་སྨན་ཁང་དུ་བསྡད་ནས་ཟླ་གཅིག་འགོར་ལ་ཉེ་ཡང་ནད་དྲག་སྐྱེད་ཡོང་རྒྱུ་ཅི་ཡང་མེད་པར་ལུས་ཟུངས་ཉིན་རེ་ནས་ཉིན་རེ་བཞིན་ཇེ་སྡུག་རེད། སྨན་པས་བཤད་རྒྱུར་ནད་གཞི་ནི་ཁྱི་ནད་ཡིན་འདུག་ཟེར་ན་ཡང་ལུས་ཟུངས་གསོས་ན་ཡར་དྲག་ཡོང་བར་རེ་བ་འདུག་ཟེར་མོད་་་་་་་་”ཞེས་ཚིག་རྔ་མ་ཐོན་པར་ངུད་མོ་བྱས། དེ་ཐོས་རྗེས་ལྷ་མཛེས་ལ་ཤོད་མི་ཐུབ་པའི་གདུང་སེམས་ཆེན་པོ་སྐྱེས་ཏེ་ཨ་མ་གམ་གྱི་འདུག་སྟེགས་ལ་འཁོད་ནས་སེམས་གསོ་བྱེད་པའི་ཚུལ་གྱིས་“ཨ་ནེ། དགེ་རྒན་སྣང་གསལ་མྱུར་དུ་དྲག་སྐྱེད་ཡོང་ངེས་ཡིན། ཨ་ནེའི་སེམས་སྡུག་དེ་འདྲ་མ་བྱེད།”

ཞེས་བཤད་པ་དང་ཁ་ཕྱིར་འཁོར་ནས་ཏ་ལེན་ཞིག་ནས་འོ་མ་འགྱིག་ཟེའུ་གང་དང་མར། ཤ་སོགས་བླངས་ནས་སླར་ཡང་“ཨ་ནེ། དགེ་རྒན་སྣང་གསལ་ཁྱེད་གཉིས་རྫོང་མཁར་གྱི་སྨན་ཁང་འདི་ནས་རང་ཁྱིམ་ལྟར་ཁ་སྐྱིད་པོ་མེད་པས། ངས་ཁྱེད་གཉིས་ལ་ཤ་མར་སོགས་ཁྱེར་ཡོང་ཡོད། འདི།”ཞེས་ལག་གི་འོ་མ་ཨ་མའི་ལག་ཏུ་གཏད་པ་ན་དགེ་རྒན་སྣང་གསལ་ཡེ་ཤེས་དང་ཨ་མ་གཉིས་ལྷག་ཏུ་ཡིད་འགུལ་ཐེབས་ནས་མིག་ཆུ་དབང་མེད་དུ་འཐོར་བར་གྱུར།

ལྷ་མཛེས་ཀྱིས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་ཁ་ཕྱོགས་ནས་མི་སྡུག་པའི་ངོ་མདངས་སྟོན་བཞིན་“དང་ཐོག་ཁྱེད་ཀྱིས་ངེད་ཚང་ནས་རྨ་ཡག་པོ་གསོས་ཡོད་རྒྱུ་ན་ད་ལྟའི་ཚད་འདི་ལ་རྒྱག་མི་སྲིད། ཁྱོད་ཀྱང་ཕྱིར་སློབ་གྲྭར་ཡག་པོ་མི་འགྲོ་བར་སློབ་མ་མི་རྙེད་པ་ཤེས་བཞིན་དུ་འཚོལ་བར་ཅི་ལ་འགྲོ་བ་ཡིན། ”ཞེས་འཁང་ར་བྱེད་པའི་རྣམ་འགྱུར་དང་བཅས་ཏེ་བཤད་དུས། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཤུགས་རིང་གཏོང་བཞིན་སྒེའུ་ཁུང་གི་ཕྱི་ལ་བལྟས་ནས་“རེད། དེ་དུས་ངས་སློབ་མ་ལག་ཏུ་རྙེད་འོངས་བསམ་པ་རེད། ཡིན་ནའང་ཚད་འདིར་ལྷུང་རུང་ང་ལ་འགྱོད་པ་སྤུ་ཙམ་ཡང་མེད། མ་ཟད་ད་དུང་ཤེས་རབ་ཟླ་བ་འཚོལ་བར་འགྲོ་བསམ་བཞིན་ཡོད།”ཞེས་ཟེར་བ་ན་ལྷ་མཛེས་དང་ཨ་མ་གཉིས་ཧང་སངས་བར་གྱུར།

ཁོས་མུ་མཐུད་དུ་“ ཁྱེད་རྣམས་ཀྱིས་ཤེས་རབ་ཟླ་བ་ཤི་སོང་བར་ཆ་འཇོག་ཙམ་བྱེད་པ་ལས། དོན་དངོས་ཀྱི་བདེན་དཔང་གང་ཡང་རྙེད་མེད་པར་མ་ཟད་ཁོ་ཤི་སོང་བའི་གཏམ་འཁྱར་ཙམ་ཡང་གོ་མེད། ཆ་འཇོག་ཙམ་ལ་བརྟེན་ནས་རེ་བ་ཐམས་ཅད་རྒྱབ་ཏུ་དོར་ན་གང་ནས་འགྲིག ཤེས་རབ་ཟླ་བ་ལྟ་བུའི་སློབ་བུ་ཕུལ་དུ་བྱུང་བ་ཧ་ཅང་དཀོན། འདི་ལྟ་བའི་བུ་རེ་བ་ཅན་བསྐྱེད་བསྲིང་དང་གསོ་སྐྱོང་བྱེད་རྒྱུ་ནི་དགེ་རྒན་ཙམ་དུ་མ་ཟད་ང་ཚོ་ཚང་མའི་ལས་འགན་རེད། ”ཅེས་བཤད་པས་ལྷ་མཛེས་ཀྱི་ཧ་ལས་པར་གྱུར་ཏེ་སེམས་སུ་དགེ་རྒན་སྣང་གསལ་ནི་ཇི་འདྲའི་མི་སྙིང་སྟོབས་ཅན་དང་ལྷག་བསམ་ཅན་ཞིག་རེད། ཁོས་བཤད་པ་ལའང་མི་བདེན་པ་གང་ཡང་མི་འདུག ཁོའི་རེ་བ་མཐའ་དག་དང་སེམས་ཁྲལ་བྱེད་སའི་གཞི་ནི་ཤེས་རབ་ཟླ་བ་རེད། གལ་ཏེ་ངས་ཁོ་བོར་ཤེས་རབ་ཟླ་བ་འཚོལ་རོགས་བྱས་ན་ཁོ་རང་གིས་སེམས་ཁྲལ་མེད་པར་བྱེད་ཐུབ། ལུས་སེམས་ལྷོད་ལ་འབབ་ཐུབ་ན་ཁོའི་ནད་གཞི་དྲག་སྐྱེད་ཡོང་བར་ཕན་པ་ཆེན་པོ་ཡོད་པ་དང་ག་ལེར་ནད་གསོས་ནའང་ཆོག་གི་རེད་སྙམ་སྟེ་ཚིག་ཐག་ཆོད་པོས་སྒོ་ནས“་དགེ་རྒན་སྣང་གསལ། ཤེས་རབ་ཟླ་བ་ང་ཕྱིར་སོང་ནས་འཚོལ་ངེས་ཡིན། ང་རང་གིས་ནུས་ཚད་ལྕོགས་ཚད་ཀྱིས་བཙལ་ཏེ་རྙེད་པར་བྱ་འོངས། ཁྱེད་རང་གིས་འདི་ནས་ནད་གསོ་ཡག་པོ་བྱོས། ཉིན་རྟག་པར་སེམས་ཁྲལ་མ་བྱེད་དང་དུས་ཡིན་རིང་པོ་མི་དགོས་པར་ངས་ཤེས་རབ་ཟླ་བ་རྙེད་པར་བྱེད་ངེས་ཡིན།”ཞེས་བཤད། དེ་ཐོས་རྗེས་ཨ་མ་དང་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་གདོང་ལ་འཕྲལ་དུ་འཛུམ་མདངས་མངོན་པ་དང་བསྟུན་སེམས་འགུལ་ཡང་ཡང་ཐེབས་ནས་མིག་ཆུ་ཤར་མར་ཐོན། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ལྷ་མཛེས་ལ་སྔར་ལས་ལྷག་པའི་དགའ་ཞེན་ཆེན་པོ་བཅིངས་ཏེ་“བཀའ་དྲིན་ཆེ། ཁྱོད་ཀྱི་དྲིན་ལན་དེ་ཚེ་འདི་ཕྱི་བརྗེས་ཀྱང་བརྗེད་པ་མི་སྲིད།”ཞེས་བཀའ་དྲིན་ཡང་ཡང་ཞུས། ལྷ་མཛེས་ལ་མཛུམ་ཞིག་ལངས་ནས“དེར་འཛེམ་དོགས་མི་དགོས། གཙོ་བོ་ཁྱོད་ཀྱི་ནད་གཞི་སངས་དྲག་འབྱུང་དགོས།” ཞེས་སྨྲས་ཏེ་ཁོ་ཚོ་དང་ཡར་མར་ཀུན་ལ་ཁ་བརྡ་མང་པོ་གློད་རྗེས། ལྷ་མཛེས་ཀྱི་སེམས་སུ་འདི་རུ་དགེ་རྒན་སྣང་གསལ་ལ་བདག་སྐྱོང་བྱེད་མཁན་ཡོད་པས། ང་རང་འདིར་འདུག་པ་ལས་ཕྱིར་སོང་ནས་ཤེས་རབ་ཟླ་བ་འཚོལ་ན་དགའ་སྙམ་སྟེ། ཁོ་རྣམས་མོ་རང་འགྲོ་དགོས་ཚུལ་སོགས་ལབ་ནས་ཕྱི་ཕྱག་བཞག

མོ་དགེ་རྒན་སྣང་གསལ་ཡེ་ཤེས་དང་འབྲལ་འདོད་ཡེ་ནས་མེད་ཀྱང་གོམ་ཁ་ལྕི་མོ་དེ་སྨན་ཁང་གི་ཕྱི་ལ་སྤོ་དགོས་བྱུང་། ཕྱི་རོལ་ནས་བཞོན་རྟ་ལ་ཞོན་ཏེ་སྨན་ཁང་གི་ཕྱོགས་ལ་བལྟ་དུས། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་དྲ་མའི་ནང་ནས་མོ་ལ་བལྟས་འདུག བརྗོད་མི་ཐུབ་པའི་བརྩེ་དུང་གི་འཆིང་རྒྱས་ཁོ་གཉིས་དམ་དུ་སྦྲེལ་ཟིན་ནའང་། སྙིང་དུ་སྡུག་པའི་རྒྱུས་ཡོད་ཀྱི་ངོ་གདོང་དེ་བསྐྱུར་ནས་རེ་འདུན་གསར་བ་ཞིག་གི་ཆེད་དུ་རྒྱང་དུ་འཐེན་པའི་སྐྱ་མོའི་ལམ་ལ་ཞུགས་དགོས་བྱུང་། །

ལྷ་མཛེས་རྫོང་མཁར་དང་གྱེས་ཏེ་ལ་ལུང་ཀུན་དུ་ཀྱ་ཀྱུར་འཐེན་པའི་ལམ་བུ་ལ་སྙེག་བཞིན་འདི་སྙམ་དུ་བསམས་སོ། ། རང་ཉིད་ཀྱི་ཨ་མ་ནི་སྔ་མོ་ནས་ཚེ་ལས་འདས་སོང་། སྤྱིར་ཁྱིམ་ཚང་ཞིག་ལ་མཚོན་ན་བཟའ་མི་ལ་ཤི་ཆད་བྱུང་ན་སྡུག་བསྔལ་གྱི་འཚོ་བར་འབག་དགོས་པར་ངེས་ཀྱང་། ཨ་མ་གྲོངས་བ་ནས་བཟུང་ཨ་ཕ་དོན་འགྲུབ་ཀྱིས་ང་རང་ལ་ལྷག་ཏུ་བྱམས་པ་དང་། ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་བསྐྱངས་ནས་སྡུག་བསྔལ་དེ་ཙམ་མྱངས་མ་དགོས་པར་ཆེ་རུ་སོན། རང་ལ་ཨ་ཕ་བཟང་བོ་ཞིག་ཡོད་པ་ནི་རང་གི་སྔར་བསགས་ཀྱི་བསོད་ནམས་ཡིན་པར་ངེས། ད་ལྟའི་བར་དུ་ལོ་ངོ་བཅུ་གཉིས་ཙམ་འགོར་ཡོད་ནའང་ཨ་ཕས་ང་ལ་མ་ཡར་གཞན་ཞིག་གཏན་ནས་བླངས་མེད་པར་མ་ཟད། དུས་རྟག་ཏུ་ཨ་མ་ལ་བདེ་འགྲོ་ཐོབ་པའི་ཕྱིར་དུ་མ་ཎི་དང་ཁ་ཏོན་གྱི་རྒྱུན་ནི་རྩ་བ་ནས་ཆད་མ་མྱོང་། དེ་ནི་ང་ལ་མ་ཡར་གསར་བ་ཞིག་བླངས་ན་དེས་ང་ལ་མི་གཅེས་མི་བྱམས་པ་ཡོང་བར་དོགས་པ་མ་ཡིན་པར་ཨ་མ་ལ་བཅིངས་པའི་བརྩེ་དུང་ཤིན་ཏུ་ཟབ་པས་རེད། ད་དུང་ཨ་ཕས་ང་ལ་ཡི་གེ་དང་འདོན་པ་སོགས་བསླབས་ནས་ཡིག་རྨོངས་གྲལ་དུ་འདུག་མ་དགོས་བྱུང་། ངེད་ཚང་གི་འབྱོར་འཁོས་དེ་ཙམ་མི་ཕྱུག་ནའང་ཁ་མི་སོས་པ་དང་རྒྱབ་མི་ཁེབས་པའི་ཚད་ན་ནི་མེད། ལོ་ངོ་ཉི་ཤུ་རྩ་གསུམ་གྱི་མི་ཚེ་ནི་རང་གི་ཨ་ཕ་དང་མཉམ་དུ་བདེ་སྐྱིད་འཛོམས་པའི་ཁྱིམ་གྱི་དྲོད་ཁོལ་ལ་རོལ་ནས་ཡོང་བ་ཡིན། ལོ་ཟླ་འདི་དག་གི་རིང་ལ་ངའི་སེམས་ཁམས་དང་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེ་ནི་ངའི་འཚོ་བའི་ནང་དུ་དགེ་རྒན་སྣང་གསལ་འཛུལ་བྱུང་བས་རེད། ཁོ་ནི་སྐྱེས་གཟུགས་མཚར་ཞིང་ཕོ་སྒོ་འཛོམས་པ་ཞིག་ཡིན་པ་མ་ཟད། ལྷག་བསམ་དང་སྙིང་སྟོབས་ལྡན་ཞིང་གཡོ་ཟོལ་དང་བྲལ་བའི་དགེ་རྒན་བཟང་པོ་ཞིག་རེད། ཁོ་རང་ཐོག་དང་པོར་ཨ་ཕ་དང་ཨ་ཁུ་རྣམས་ཀྱིས་ཁུར་ནས་ངེད་ཚང་ལ་ཡོང་བ་ནས་བཟུང་། ཁོའི་སྐྱེས་གཟུགས་དང་གཤིས་རྒྱུད་དྲང་མོས་ངའི་ཡིད་ཀྱི་དབང་པོ་འཕྲོག་སོང་། ཉིན་ལྟར་ཁོ་ལ་བདག་སྐྱོང་བྱེད་རྒྱུ་དང་ཇ་བསྐོལ་རྒྱུ་ནི་ངའི་ཆེས་སྒྲུབ་པར་འདོད་པའི་བྱ་བ་དེ་ཡིན། ཁོ་གཉིད་ལ་ཡུར་སྐབས་ངས་ཁོ་ལ་ཞིབ་ལྟ་བྱེད་པ་ཡིན་ལ་ད་དུང་ཁོའི་ལྭ་བ་ལ་སྲུབས་ཚེགས་བསྡམས་པ་སོགས་རོགས་ཅི་ཐུབ་བྱེད་པ་ཡིན། ཨ་ཁུ་དོན་འགྲུབ་ཤེས་རབ་ཟླ་བ་འཚོལ་བར་ཕྱིན་པའི་ཕྱི་དྲོ་དེར་ངེད་གཉིས་ཀ་སྒང་ལ་བུད་དེ་ཕྱོགས་ཀུན་ལ་རྒྱང་ལྟ་དང་ལབ་གླེང་སྣ་ཚོགས་བྱས་པ་ཡིན།

ངེད་གཉིས་ཀྱིས་ལབ་གླེང་གང་དགར་བྱས་རྗེས་ཉི་མའང་ནུབ་ཏུ་བཞུད་ལ་ཉེ་བས་ངེད་གཉིས་ཀྱིས་ལབ་གླེང་སྣ་ཚོགས་བྱེད་བཞིན་ཕྱིར་ཁྱིམ་དུ་ལོག་པ་ཡིན། ནུབ་མོར་ཨ་ཕས་གཏམ་ངན་ཁྱེར་འོངས་བ་དེ་ལ་རྐྱེན་བྱས་ནས་ཕྱི་ཉིན་ཁོ་རང་ང་དང་གྱེས་དགོས་བྱུང་། དེ་དུས་ངའི་སེམས་སྐྱོ་སྡུག་གི་གཡང་དུ་ལྷུང་ནས་མིག་ཆུའི་རྒྱུན་ཐག་དབང་མེད་འཐོར་སོང་། ཁོ་བོ་བྲལ་བའི་རྗེས་སུ་ང་ལ་ཟས་ཀྱི་ཡི་ག་ཡང་ཆད་ནས་ཉི་མ་འཁྱོལ་ཐབས་བྱེད་དགོས་བྱུང་། ང་རང་གཉིད་མི་ཁུགས་པའི་སྐབས་སོགས་དུས་ནམ་ཞིག་ཡིན་རུང་ངས་ཁོའི་སྐུ་རིམ་དུ་བར་ཆད་ལམ་སེལ་སོགས་ཁ་འདོན་མང་པོ་འདོན་པ་དང་། དུས་རྟག་ཏུ་ཁོའི་ཆེད་དུ་སྨོན་ལམ་བརྒྱབ་པ་ཡིན། དྲན་གདུང་དང་སེམས་ཁྲལ་གྱིས་ནོན་ནས་ཟླ་བ་གསུམ་ཙམ་ཕར་བསྐྱལ་བའི་དེ་རིང་གི་དུས་སུ་ང་ཁོ་དང་འཕྲད་ཐབས་བྱུང་སོང་། ད་ནི་རེ་བ་གསར་བ་ཞིག་ཁྱེར་ནས་དགེ་རྒན་སྣང་གསལ་ཡེ་ཤེས་དང་བརྩེ་དུང་ལས་སྨོན་འགྲུབ་པར་སྨོན་སྙམ་སྟེ་སྨོན་ལམ་ཞིག་བཏབ་བོ། །

བཅུ་བཞི།

དགོང་རྒས་ཀྱི་ཉི་ཟེར་སྤྱང་ལུང་གི་ལུང་པའི་ཕུ་མདའ་ཀུན་ལ་ཁྱབ་ཏེ་སེར་ལམ་མེར་གྱུར་འདུག ལྷ་མཛེས་ཕྱིར་ཁྱིམ་ལ་འབྱོར་དུས་ཨ་ཕ་དོན་འགྲུབ་ཀྱིས་མོའི་རྟ་ཁ་བླངས་ནས་སྦྲ་ནང་དུ་ཁྲིད། ཨ་ཕ་དོན་འགྲུབ་ཀྱིས་ལྷ་མཛེས་དེ་འདྲས་མགྱོགས་པོར་ཕྱིར་ཐོན་པ་དེ་ཅི་ཡིན་གང་ཡིན་མ་ཤེས་པར། གནས་ཚུལ་ལ་ཁ་འདྲི་གཏིང་འདྲི་བྱེད་དུས་མོས་དོན་ཐམས་ཅད་ཇི་མ་ཇི་བཞིན་དུ་རྒྱས་པར་བཤད། ལྷ་མཛེས་ཀྱིས་སླར་ཡང་མོ་རང་སློབ་བུ་ཤེས་རབ་ཟླ་བ་འཚོལ་དུ་འགྲོ་རྒྱུའི་དོན་དག་བཤད་སྐབས། ཨ་ཕ་དོན་འགྲུབ་འཕྲལ་མ་ཉིད་དུ་ངོ་མདོག་ནག་རོག་གེར་གྱུར་ནས་མི་འཐད་པའི་བརྡ་ལ་མགོ་བོ་འཕྲེད་དུ་གཡུག་བཞིན་ཁ་ནས་“ཤེས་རབ་ཟླ་བ་རྙེད་རྒྱུ་མི་སྲིད། སློབ་མ་ཆུང་ཆུང་དེ་འདྲ་ཞིག་སྤྱང་དམག་ལ་ཐུག་རྒྱུ་ན་གསོན་པའི་རེ་བ་ཞིག་ཡོད་དམ། ”ཞེས་སྡིགས་མོའི་ཚུལ་གྱིས་དེ་ལྟར་བཤད། ལྷ་མཛེས་ཀྱིས་ཨ་ཕའི་དུས་རྒྱུན་དང་མི་འདྲ་བའི་བྱ་བྱེད་དེ་ལ་ཧ་ལས་པ་དང་སྦྲགས་རེ་བ་མཐའ་དག་འཕྲལ་དུ་སྟོང་པར་གྱུར་བའི་སྣང་བ་སྐྱེས།

སྦྲ་ནང་ལྷིང་འཇགས་སུ་གྱུར་ནས་ཡུད་ཙམ་འགོར་བ་ན་ལྷ་མཛེས་ཀྱིས་སྐད་གདངས་དམའ་མོས་སྒོ་ནས་“དེས་ན་སང་ཉིན་ང་ལུང་སྔོན་དགོན་པར་སོང་ནས་བླ་མ་ཞིག་གི་མདུན་དུ་མོ་རྩིས་ལུང་གསུམ་ཞུ་རུ་སོང་ན་ཨེ་ཆོག གལ་ཏེ་ཤེས་བ་ཟླ་བར་མི་རྙེད་པར་ཐག་གིས་ཆོད་ན་ང་རང་ཕྱིར་ཡོང་ནས་གང་དུའང་མི་འགྲོ། ”ཞེས་བཤད་དེ་མགོ་བོ་ནང་ལ་གུག་ནས་འཇིངས་པ་གློད། ཨ་ཕ་དོན་འགྲུབ་ལ་ལན་བྱིན་རྒྱུ་མེད་པར་ཐད་གར་སྒོ་ཕྱི་ལ་བུད་ནས་ཟོག་ལྷས་སུ་བསྐྱིལ་བར་སོང་། ལྷ་མཛེས་ལ་སྐྱོ་བ་དྲག་པོ་སྐྱེས་ནས་སྦྲ་སྒོ་ནས་ཨ་ཕའི་རྒྱབ་གཟུགས་ལ་བལྟས་ཏེ་མིག་ཆུ་དབང་མེད་དུ་ལྷུང་།

ཁོ་གཉིས་ཀྱིས་ཟོག་ལྷས་ལ་བཏགས་ཚར་རྗེས་སྦྲ་ནང་དུ་ལོག་ནས་ནུབ་འཚལ་འཐུང་མགོ་བརྩམས། ཨ་ཕ་དོན་འགྲུབ་ཀྱིས་ལྷ་མཛེས་ལ་ཡུལ་ཚོའི་ལས་བྱེད་རྣམས་ཀྱིས་ཚོགས་པ་བརྒྱུད་ནས་རང་ཉིད་གཞི་རིམ་ལས་བྱེད་པར་བདམས་འདུག་ཟེར་བཞིན་འཛུམ་ཞིག་ལངས་ནས་ཇ་ལ་ཧུབ་ཡང་ཡང་བྱས། ལྷ་མཛེས་ལ་ཉན་འདོད་གཏན་ནས་མ་བྱུང་བར་མོ་ཁྱིམ་གྱི་སྒྱེད་པུའི་འགྲམ་ནས་ཅི་ཡང་མི་སྨྲ་བར་བསྡད། གཏམ་ལ་གཏམ་ལན་མེད་པས་སྒྱེད་པུའི་ནང་གི་མེ་ལྕེ་ལྷབ་ལྷུབ་གྱི་སྒྲ་དེ་ལས་སྦྲ་ནང་ཐམས་ཅད་དུ་གྲག་འགུལ་མེད་པར་གྱུར།

ཁོ་གཉིས་མལ་དུ་ཉལ་གྲབས་བྱེད་སྐབས་ཨ་ཁུ་དོན་འགྲུབ་ཀྱིས་ལྷ་མཛེས་ལ་ཁ་གཏད་ནས་“སང་ཉིན་ཁྱེད་རང་དགོན་པར་སོང་ནས་མོ་རྩིས་གྱིས་དང་ཆོག ད་དེ་རིང་ཁྱོད་ལ་སྐྱ་ཆད་བྱུང་ཡོད་པས་ངལ་གསོ་ཡག་པོ་བྱོས་”ཞེས་བཤད། དེ་ཐོས་རྗེས་ལྷ་མཛེས་དགའ་ཐག་ཆོད་ནས་མགོ་བོ་ལྕོག་ལྕོག་བར་མེད་དུ་བྱེད་བཞིན་“ཨོ་ཡ། ཨ་ཕ་བཀའ་དྲིན་ཆེ།” ཟེར་ཏེ་ཨ་ཁུ་དོན་འགྲུབ་ཀྱི་མལ་གོས་ལེན་པར་ཕྱིན།

ཨ་ཕ་དོན་འགྲུབ་སྔ་མོ་ནས་གཉིད་ལ་ཡུར་རྗེས་རྔུར་བ་ཐན་ཐུན་གྱི་དབྱངས་རྟ་དུས་མིན་དུ་སྒྲོག་པར་བྱེད་ནའང་། ལྷ་མཛེས་ནི་གཉིད་གང་ནས་ཁུགས། རྣམ་རིག་གྲུང་དུ་ཕྱིན་སྟེ་མིག་ཟུང་ཁྲ་རིག་རིག་ཏུ་འཁོར་ནས་ཁ་ཏོན་འདོན་པ་དང་བསམ་བློ་གཏོང་བཞིན་འདུག སང་ཉིན་ནི་མོ་ལ་མཚོན་ན་ཉིན་མོ་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་སྟེ། ཁ་དཔེ་ལ་ཡར་འགྲོ་མར་འགྲོའི་ས་མཚམས་དང་རྟ་ཁ་སྲབ་ཀྱིས་བསྒྱུར་མཚམས་ལྟ་བུ་དེ་ཡིན་པ་རེད། གལ་སྲིད་ཤེས་རབ་ཟླ་བ་རྙེད་པར་ལུང་བསྟན་ན་ཁོ་མོའི་ཤེས་རབ་ཟླ་བ་རྙེད་པར་བྱས་ནས་དགེ་རྒན་སྣང་གསལ་ཡེ་ཤེས་དང་མཉམ་དུ་ལས་འཕྲོ་ཡི་ལམ་ཆེན་ལ་ཞུགས་མི་ནུས་པའི་ངེས་པ་ག་ལ་ཡོད། གལ་སྲིད་ཤེས་རབ་ཟླ་བ་མི་རྙེད་པར་ལུང་བསྟན་ན་མོ་རང་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་གམ་དུ་ཇི་ལྟར་འགྲོ། ཤེས་རབ་ཟླ་བ་མ་རྙེད་ན་དགེ་རྒན་སྣང་གསལ་ཡེ་ཤེས་སེམས་སྡུག་གིས་མནར་ནས་ནད་གཞི་ཇེ་སྡུག་ཏུ་གྱུར་ཏེ་འཆི་བར་འགྱུར་ནའང་ཐང་། གང་ལྟར་ལྷ་མཛེས་ཀྱི་བློ་སེམས་ནི་སྤྲིན་སྣ་འཐབ་འཐབ་དང་། ཆུ་ནང་ཟླ་གཟུགས་ཇི་བཞིན་འཇགས་ཐབས་མེད་པ་ཞིག་རེད་ཨང་། ཁོ་མོས་བློ་ཕུགས་དཀོན་མཆོག་ལ་གཏད་དེ་རྒྱན་ལྐུགས་པ་ལྟར་སང་ཉིན་གྱི་དུས་སུ། བཟང་ངན་དོན་གྱི་སྒོ་འཕར་འབྱེད་ངེས་རེད་དོ།

སྐྱ་རེངས་བུ་མོས་མིའི་ཡིད་སེམས་གཡོ་བར་བྱེད་པའི་ཉིན་མོ་ཁྱབ་པར་བ་འདིའི་ནངས་མོ་བསུས་བྱུང་། ལྷ་མཛེས་སྔ་མོ་ནས་ཡར་ལངས་ཏེ་ཁྱིམ་ལས་རྣམས་ལེགས་འགྲུབ་འབྱུང་བ་བྱས་ནས། ཨ་ཕ་དོན་འགྲུབ་ལ་ཕྱི་ཕྱག་བཞག་ཏེ་རྟ་ལ་ཞོན་ནས་ལུང་སྔོན་དགོན་པའི་ཕྱོགས་སུ་བསྐྱོད།

ལུང་སྔོན་དགོན་པ་ནི་དར་གྱིས་གཡོགས་པའི་གཙང་ཆུ་སྔོན་མོས་ཕ་རོལ་གྱི་ལུང་པ་ཞིག་གི་མཐིལ་དུ་ཆགས་ཡོད་ལ། རྒྱང་ནས་མཐོང་ནའང་དགོན་པའི་འདུ་ཁང་དག་ནི་ངོ་མཚར་བའི་གཟི་འོད་ཅིག་གིས་ཡོངས་སུ་བཏུམས་འདུག ད་ནི་ས་ཆུ་དྲོས་ནས་དར་གྱི་རབ་ཁ་ཅུང་ཟད་ཕྱེ་གྲབས་འདུག་པས། ལྷ་མཛེས་ཀྱིས་དར་ཕྱེས་པའི་རབ་ཁ་ནས་ཆུ་ལ་བརྒལ་རྗེས་ཡིད་སེམས་བློང་བློང་བོར་གྱུར་ཏེ་དགོན་པའི་འདུ་ཁང་ལ་ཡང་ཡང་ལྟ་བཞིན་མདུན་ལ་སྐྱོད།

དགོན་པའི་འདུ་ཁང་གི་གཡས་གཡོན་གཉིས་སུ་གྲྭ་ཤག་ཁང་ཤར་གཉིས་ཡོད་ལ་དེ་དག་ཀུན་ཀྱང་གྱང་བརྡུང་ནས་བསྐྲུན་པ་ཡིན་པར་ར་སྤྲོད་བྱེད་མི་དགོས། དགོན་པ་དང་ཐག་ཇེ་ཉེར་ཕྱིན་པ་ན་གྲྭ་པ་ཚོས་གསུང་སྐད་དང་འབུད་རྡུང་དཀྲོལ་སོགས་ཀྱི་རོལ་མོའི་སྒྲ་དབྱངས་ལྷང་ལྷང་དུ་རྣ་བའི་བུ་གར་ཞུགས་འོངས། །དགོན་པའི་ལྕགས་རི་ནི་གྱང་ར་ཞིག་པོ་ཞིག་ལས་མེད་པ་དང་ལྕགས་རི་ནང་དུ་རྩྭ་ཀུ་ཤ་རྫུབས་འཐུག་པོར་སྐྱེས་ཡོད། ལྷ་མཛེས་ཀྱིས་རྟ་དེ་གར་བརྟོད་ནས་འདུ་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར་ནས། འདུ་ཁང་གི་སྒོ་དྲུང་ནས་ཕྱག་མང་དུ་བཙལ་ཏེ་ཡུད་ཙམ་ལ་འགྲེང་ནའང་མོ་ལ་ནང་དུ་འཛུལ་བའི་སྤོབས་པ་ཏིལ་འབྲུ་ཙམ་ཡང་སྐྱེ་མ་ནུས། སེམས་ཀྱི་གདུང་བ་དྲག་པོས་ལྷ་དཀོན་མཆོག་ལ་གསོལ་བ་རྩེ་གཅིག་ཏུ་བཏབ། མོས་སླར་ཡང་སྙིང་སྟོབས་བསྐྱེད་ནས་གོམ་པ་འདུ་ཁང་གི་སྒོ་ནང་དུ་བསྒྱུར་བར་བརྩམས་ཀྱང་། བླ་མའི་ཅི་གསུང་དང་ལུང་བསྟན་ཅི་འདྲ་ཡོད་པར་སེམས་ཁྲལ་ཚད་མེད་བྱས་དྲགས་པས། རྐང་པར་རྐང་སྒྲོག་ལྗིད་མོ་བརྒྱབ་ཡོད་པ་ཇི་བཞིན་སྔར་མལ་དུ་ལུས།

ཁོ་མོས་བསམ་ཞིང་བསམ་ཞིང་ཞེད་སྣང་གིས་གཙེས་ཏེ་ལུས་སེམས་ཀུན་ཏུ་ཙག་ཤད་བརྒྱབ། འདུ་ཁང་གི་ནང་དུ་འཛུལ་བའི་སྤོབས་པ་ཡོངས་སུ་བྲལ་བས། ཕྱིར་ལ་ལོག་དགོས་པའམ་ཡང་ན་སྔུན་ལ་འགྲོ་དགོས་པའང་མི་ཤེས་པར་གྱུར།

སྐབས་དེར། གཡས་ཕྱོགས་ཀྱི་གྲྭ་ཤག་གོང་མ་དེ་ནས་ལོ་ན་བཅོ་ལྔ་བཅུ་དྲུག་ཙམ་གྱི་བན་དེ་ཞིག་གིས་བན་ཆུང་ཞིག་གི་ལག་པ་ནས་བསྐྱོར་ཏེ་སྒོར་བུད་པ་མཐོང་།

བན་ཆུང་དེའི་རྐང་པ་བསྣད་འདུག་པ་འདྲ་སྟེ་གྱོལ་མ་ལྡིང་གིས་འགྲོ་བཞིན་པ་དང་། ངོ་མདོག་མི་སྡུག་པ་ཡིས་བན་ཆུང་དེ་ནི་ནད་པ་ཞིག་ཡིན་པར་ར་སྤྲོད་བྱེད་ཐུབ། བན་དེ་ཆེ་བ་དེས་བན་ཆུང་གི་མཆན་ནས་བསྐྱོར་བཞིན་བན་ཆུང་ལ་ཁ་གཏད་ནས་“གཅོད་པ་སྐྱབས། དལ་མོ་གྱིས་”ཟེར་བར་བན་ཆུང་དེ་ཤིན་ཏུ་མ་རངས་ཏེ། སེམས་འཚིག་པའི་རྣམ་འགྱུར་མངོན་ནས་“ངས་ཁྱོད་ལ་ཐེངས་དུ་ལ་བཤད་མྱོང་། ངའི་མིང་ལ་གཅོད་པ་སྐྱབས་མི་ཟེར། ངའི་མིང་ལ་ཤེས་རབ་ཟླ་བ་ཟེར། རྗེས་སུ་ང་ལ་དེ་ལྟར་བོས་དང་འུ་གཉིས་འཛིང་རེས་བྱེད་ངེས་ཡིན་”ཟེར་ཞོར་གྲྭ་ཤག་གི་རྒྱབ་ཕྱོགས་སུ་བསྐྱོད། ལྷ་མཛེས་ཀྱིས་དེ་ཐོས་འཕྲལ་ཅི་འདྲ་གང་འདྲ་བཤད་སོང་བར་འདང་ཡག་པོ་མ་ཕོག་ནས་མིག་ཕོར་བ་ཙམ་བགྲད་ནས་ད་ཅི་བན་ཆུང་དེས་བཤད་པའི་སྐད་ཆར་བསམ་བློ་ཡང་ཡང་འཁོར།

བན་ཆུང་གཉིས་པོ་གྲྭ་ཤག་གི་རྒྱབ་ཕྱོགས་སུ་ཐང་བཞེངས་བྱེད་དུ་ཕྱིན་པའི་ཤུལ་ནས། ལྷ་མཛེས་ཀྱིས་བན་ཆུང་དེ་ཤེས་རབ་ཟླ་བ་ཡིན་པར་ཤེས་ནས་སེམས་སུ། ཨ་ཙི། ང་ནི་ཇི་འདྲའི་མི་ལས་ཅན་ལམ་འགྲོ་ཅན་ཞིག་རེད་ཨང་། བརྐོ་མི་དགོས་པའི་གྲོ་མ་རྟ་མགོ་ཞེས་པ་འདི་མ་ཡིན་ནམ། མོ་རྩིས་ལུང་གསུམ་གྱི་ཉེན་ཁའི་ཁ་ཚོན་གང་ཡང་བརྒྱུད་མ་དགོས་པར་ཤེས་རབ་ཟླ་བ་རྙེད་པ་ནི་མཚན་མོའི་རྨི་ལམ་ལའང་འཁོར་མི་སྲིད་པའི་དོན་ཞིག་མ་རེད་དམ། ད་ནི་ངའི་བསམ་དོན་ཐམས་ཅད་འགྲུབ་ལ་ཉེ་འདུག འདི་ཐམས་ཅད་དཀོན་མཆོག་གསུམ་ལ་གསོལ་བ་དྲག་པོ་རྩེ་གཅིག་ཏུ་བཏབ་པའི་རྐྱེན་གྱིས་རེད། བླ་མ་མཁྱེན་སྙམ་ནས་ཤོད་མི་ཐུབ་པའི་དགའ་ཚོར་སྐྱེས་ནས་མཆུ་ཡང་ཟུམ་མི་ཐུབ་པ་བྱུང་། སླར་ཡང་སྐྱེན་འགྱུར་གྱི་བསམ་བློ་ཡང་ཡང་འཁོར་བས་སེམས་སུ། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་གནས་ཚུལ་དག་ད་ལྟ་ཉིད་ནས་ཤེས་རབ་ཟླ་བ་ལ་ཤོད་མི་ཉན། ལོ་ཆུང་སློབ་མ་ཞིག་སེམས་སྡུག་གིས་གསོད་མི་རུང་བས། རྗེས་སུ་རིམ་གྱིས་ཤེས་སུ་འཇུག་པས་དགའ་སྙམ་སྟེ་ཡུད་ཙམ་དུ་ལུས།

བན་ཆུང་གཉིས་པོ་ཕྱིར་ལོག་སྐབས། ལྷ་མཛེས་ཀྱིས་ཁོ་གཉིས་ཀྱི་མདུན་བཀག་ནས་དགའ་གུས་ཀྱི་སྒོ་ནས་ཉམས་སད་ལེན་པའི་ཕྱིར་“ཁྱེད་གཉིས་སྐུ་ཁམས་བཟང་། ཁྱེད་གཉིས་ཀྱི་མིང་ལ་ཅི་ཟེར།”ཞེས་དྲིས་པ་ན་བན་དེ་ཆེ་བ་དེས་“ངའི་མིང་ལ་ཡིད་བཞིན་ཟེར་”ཞེས་ཟེར་བཞིན་ཁོང་དགོད་ཅིག་དང་གྲེ་བསལ་ཞིག་དུས་མཚུངས་སུ་བྱས་ནས། གན་དུ་ཡོད་པའི་བན་ཆུང་དེར་བལྟ་ཙམ་བྱས་ཏེ་“འདིའི་མིང་ལ་གཅོད་པ་སྐྱབས་ཟེར་”ཞེས་བཤད།

གམ་གྱི་བན་ཆུང་དེའི་ངོ་མདོག་འཕྲལ་མ་ཉིད་དུ་དམར་པོར་གྱུར་ནས་“ངའི་མིང་ལ་ཤེས་རབ་ཟླ་བ་ཟེར། གཅོད་པ་སྐྱབས་མི་ཟེར།”ཞེས་གསལ་བཤད་བྱས་པ་ན་བན་དེ་ཆེ་བ་དེ་ལའང་བཤད་ངར་ལངས་ཏེ། མིག་ཅེར་ཅེར་དང་ལྕེ་བདེ་བདེ་བྱས་ནས་“ཁོའི་མིང་ལ་གཅོད་པ་སྐྱབས་ཟེར། ཁོ་ཨ་ཁུ་གཅོད་པས་བསྐྱབས་པ་རེད། ཁོ་རང་ཤི་ནས་བེམ་རོ་དུར་རྡོའི་སྟེང་དུ་བཞག་ནས་བཤའ་རན་དུས། ཨ་ཁུ་གཅོད་པས་ཁོའི་རྣམ་ཤེས་ཕྱིར་བཀུག་ནས་སྲོག་བསྐྱབས་པ་རེད། ཧ་ཧ་ཧ། ”ཞེས་གད་མོ་དགོད་བཞིན་དུ་དེ་ལྟར་སྨྲས་པས། བན་ཆུང་དེ་ལ་ངོ་ཚ་བ་དང་སེམས་རབ་ཏུ་འཚིག་པ་གཉིས་དུས་མཚུངས་སུ་སྐྱེས་ཤིང་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་ཁ་ཕར་འཁོར་ནས་གྲྭ་ཤག་གི་ཕྱོགས་སུ་གྱོལ་མ་ལྡིང་གིས་མྱུར་དུ་བསྐྱོད། དེ་མཐོང་ནས་བན་དེ་ཆེ་བ་དེར་འཚུབ་ཆ་ཞིག་ལངས་ནས་བན་ཆུང་དེའི་རྗེས་སུ་སྙེག་གིན་“ཤེས་རབ་ཟླ་བ། ཤེས་རབ་ཟླ་བ། ངར་མ་ལངས་དང་། ང་མྱུར་དུ་ཁྱོད་བསྐྱོར་བར་ཡོང་”ཞེས་འབོད་བཞིན་བརྒྱུགས་སོང་ངོ། །

ལྷ་མཛེས་ཀྱིས་བན་ཆུང་གཉི་ཀའི་བྱ་བྱེད་དེ་མཐོང་ཐོས་སུ་གྱུར་པས་སེམས་སུ་དོགས་པ་དང་ཐེ་ཚོམ་གྱི་ཕུང་པོ་སྤུངས། ཤེས་རབ་ཟླ་བའི་གནས་ཚུལ་རྟོགས་འདོད་ཀྱི་འདུན་པ་འགོག་མེད་དུ་ཤར་ནས་ཁོ་གཉིས་ཀྱི་རྗེས་སུ་བསྙེགས་ནས་གྲྭ་ཤག་ཏུ་སོང་།

ལྷ་མཛེས་གྲྭ་ཤག་གི་ནང་དུ་འཛུལ་བ་ན། ནང་གི་དཀར་ཆ་སྙོམས་པ་དང་སྤོས་ངད་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་བཞིན་ཡོད། ཁང་པའི་ནང་གི་ཡར་ངོས་སུ་ཤིང་གི་མལ་ཁྲི་དམའ་མོ་ཞིག་དང་སྒེའུ་ཁུང་གི་འགྲམ་གྱི་ཐང་དུ་མལ་གདན་དང་མལ་གོས་གཉིས་བཏིང་ཡོད་ལ། ཕར་བལྟས་ཚོད་ཀྱིས་གྲྭ་ཤག་ཏུ་ཁོ་གཉིས་དང་ཨ་ཁུ་གཞན་ཞིག་བསྡད་ཡོད་པ་འདྲ། ཤེས་རབ་ཟླ་བ་མལ་སའི་ནང་དུ་སྐྱིལ་ཀྲུང་བཅོས་ནས་ངོ་མདོག་ནག་རོག་གེར་བསྡད་ཡོད་པ་དང་བན་དེ་ཆེ་བ་དེས་ཤེས་རབ་ཟླ་བའི་གམ་དུ་ཙོག་པོར་བསྡད་ནས་ཁ་ཡག་ངོ་དགའི་གཏམ་སྣ་ཚོགས་བཤད་བཞིན་འདུག

ལྷ་མཛེས་ཀྱིས་ཤེས་རབ་ཟླ་བའི་མདུན་དུ་སོང་ནས་ཤིན་ཏུ་གཟབ་ནན་གྱི་ངང་ནས་ “ ཤེས་རབ་ཟླ་བ། ང་ནི་ཁྱོད་ཀྱི་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་ཁྱོད་རང་འཚོལ་བར་བཏང་བ་ཡིན། དགེ་རྒན་སྣང་གསལ་གྱིས་ག་ས་གང་དུ་ཁྱོད་རང་བཙལ་ཀྱང་མི་རྙེད་པར་འདུག”ཅེས་བཤད་དུས་ཤེས་རབ་ཟླ་བ་རེ་ཞིག་ཧ་ལས་ནས་མིག་ཀྱང་གོར་གོར་དུ་གྱུར་ཏེ། འཚུབ་ཆ་ལངས་པའི་སྒོས་ཁ་ནས་“ད་ལྟ་དགེ་རྒན་སྣང་གསལ་གང་ན་འདུག”་ཞེས་དྲིས།

“དགེ་རྒན་ད་ལྟ་རྫོང་ཐོག་ན་འདུག འུ་གཉིས་སོང་ན་གནངས་ཉིན་གཞིས་ཉིན་ཙམ་ལ་ངོ་ཐུག་ཐུབ་གི་རེད་” ཅེས་ལྷ་མཛེས་ཀྱིས་ལན་བཏབ།

“ཨ་ཅེ་ལགས། འུ་གཉིས་འགྲོ་ཆོག ཡིན་ཡང་ཐོག་མར་ཨ་ཁུ་དཔལ་ལྡན་བློ་གྲོས་ཚང་ལ་དགོངས་པ་ཞུ་དགོས་ཀྱི་རེད།”

“ཨ་ཁུ་དཔལ་ལྡན་བློ་གྲོས་ཚང་ནི་སུ་ཞིག་རེད།” ཅེས་ལྷ་མཛེས་ཀྱིས་དྲིས་པར། ཤེས་རབ་ཟླ་བས་ཡིད་བཞིན་གྱི་ཕྲག་པའི་སྟེང་དུ་ལག་པས་ལྕག་ལྕག་བྱས་ཏེ་མཛུམ་ཞིག་ཐོན་ནས་“ཨོ། དེ་ནི་ཡིད་བཞིན་ངེད་གཉིས་ཀྱི་ཨ་ཁུ་རེད། ཁྱོད་འདིར་དར་ཅིག་ལ་སྡོད་དང་། ངེད་གཉིས་ཨ་ཁུའི་རྩར་དགོངས་པ་ཞུ་རུ་འགྲོ་དང་། ལས་ལམ་དྲང་ན་དགོངས་པ་གནང་སྲིད། ”ཅེས་སྨྲས་པ་དང་། ཡིད་བཞིན་ཁྲིད་ནས་སྒོ་ཕྱི་ལ་བུད་སོང་།

ལྷ་མཛེས་ཀྱིས་དུས་ཡུན་རིང་བོར་སྒུག་ཀྱང་ཁོ་གཉིས་ཕྱིར་ལོག་མ་བྱུང་བས་སེམས་ཅུང་ཞིག་འཚིག་སྟེ་སྒོ་ཕྱིར་བུད་ནས་འདུ་ཁང་གི་ཕྱོགས་སུ་སོང་། དུས་དེར་འདུ་ཁང་ལས་སྐུ་ལུས་བརྗིད་ཉམས་དང་ལྡན་པའི་བླ་མ་ཞིག་མངོན་པ་དང་དེའི་རྗེས་སུ་ཤེས་རབ་ཟླ་བ་དང་ཡིད་བཞིན་གཉིས་མངོན་བྱུང་། ལྷ་མཛེས་ཀྱི་སེམས་སུ་ཨ་ཁུ་དེ་ནི་ད་ཅི་བཤད་པའི་དཔལ་ལྡན་བློ་གྲོས་ཚང་ཡིན་འདུག་སྙམ་ནས་དགའ་གུས་ཀྱིས་ཐལ་མོ་སྦྱར། ཨ་ཁུ་དཔལ་ལྡན་བློ་གྲོས་ཀྱིས་ལྷ་མཛེས་ཉེ་སར་བཀུག་ནས་དོན་དག་རྣམས་ཞིབ་ཏུ་དྲིས་པ་ན། ལྷ་མཛེས་ཀྱིས་ཁོང་ཚང་ལ་སྦ་གསང་གང་ཡང་མེད་པར་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་གནས་ཚུལ་མཐའ་དག་ཤུབ་པོར་སྨྲས། ཨ་ཁུ་དཔལ་ལྡན་བློ་གྲོས་ཀྱིས་ཞལ་ངོ་ནག་རོག་གེར་གྱུར་ནས་ཐུགས་འདང་གཏོང་ཙམ་བྱས་ཤིང་ཤེས་རབ་ཟླ་བ་ལ་བདུན་ཕྲག་གཅིག་གི་རིང་ལ་གནང་བ་བསྩལ།

དེ་ནས་ལྷ་མཛེས་ཀྱིས་ཤེས་རབ་ཟླ་བའི་ལག་པ་ནས་ཁྲིད་དེ་ཕྱིར་ཡུལ་ལ་འགྲོ་གྲབས་བྱས།

ལྷ་མཛེས་དང་ཤེས་རབ་ཟླ་བ་གཉིས་ཀྱིས་དགོན་པ་ལ་ཕྱག་འཚལ་བ་དང་གསོལ་འདེབས་ཡང་ཡང་བྱས་རྗེས་བཞོན་རྟ་ལ་ཞོན་སྐབས། བན་དེ་ཡིད་བཞིན་རྗེས་ནས་བརྒྱུགས་འོངས་ཏེ་ཤེས་རབ་ཟླ་བ་ལ་དམ་དུ་འཐམས་ནས་ངུ་བཞིན་དུ་ཐོད་པ་ཡང་ཡང་གཏུགས།

དེར་མཐུད་ནས་རྟ་ལ་བཞོན་ནས་ཨ་ཁུ་དཔལ་ལྡན་བློ་གྲོས་ཚང་དང་ཡིད་བཞིན། དགོན་པ་སོགས་རྒྱབ་ཏུ་བསྐྱུར་ཏེ་རྒྱང་དུ་བསྐྱོད། ཤེས་རབ་ཟླ་བས་རྟ་འཕོང་ནས་ཕྱིར་མིག་ཡང་ཡང་ཤོར་བའི་ཚེ་ན། དགོན་པའི་འདུ་ཁང་དང་། གྲྭ་ཤག་རེ་རེ། བྱམས་སེམས་ལྡན་པའི་ཨ་ཁུ་དཔལ་ལྡན་བློ་གྲོས། ད་དུང་དགོན་པའི་ལྕགས་རིའི་ཁ་རུ་འགྲེངས་ནས་མིག་ཆུ་འབྱིད་ཞོར་དང་། ཁོ་ལ་མིག་གི་སྐྱེལ་མ་བྱེད་བཞིན་པའི་བན་དེ་ཡིད་བཞིན་སོགས་སེམས་ཀྱི་གཏིང་དང་སྐྱོ་ཤས་ཀྱི་ཟབ་སར་འཁོད་ཟིན་པས། བརྩེ་བས་ཀུན་ནས་བསླངས་བའི་དྭངས་གསལ་དྲི་མེད་ཀྱི་མིག་ཆུའི་འཕྲེང་བ་ནི་མཁུར་ཀོང་བརྒྱུད་ནས་མར་མར་ལྷུང་དགོས་བྱུང་།

“ ཤེས་རབ་ཟླ་བ། ཁྱོད་རང་ཇི་ལྟར་དགོན་པར་སོང་བ་ཡིན།”

ཁོ་གཉིས་ཚུར་ཆུ་ལ་བརྒལ་ནས་ཡུད་ཙམ་བསྐྱོད་རྗེས་ལྷ་མཛེས་ཀྱིས་རྟ་གོང་ནས་ཁ་ཕྱིར་ལ་གཅུ་ཙམ་བྱས་ཏེ་དེ་ལྟར་དྲིས་པས། ཤེས་རབ་ཟླ་བས་སྐད་མདངས་གཉོམ་པོའི་ངག་གི་སྒོ་མོ་ཕྱེས་པ་འདི་ལྟར་རོ།

“ངའི་ཨ་ཕ་ནད་ཀྱིས་མནར་ནས་མལ་སར་ལྷུང་ཡོད་དུས་ཀྱི་སྔ་དྲོ་ཞིག་ལ་ངས་ཕྱུགས་ཟོག་གཟས་རྩྭ་རུ་འདེད་པར་སོང་བ་ཡིན། ཕྱིར་སླེབས་སྐབས་བློ་ཡུལ་ལས་འདས་པ་ཞིག་ལ་མ་ཡར་ནི་གར་སོང་ཆ་མེད་དུ་གྱུར་འདུག མོ་དེའི་ཡར་སྔོན་དུའང་ཐེངས་འགར་ཡུལ་ལ་འབྲོ་གྲབས་བྱས་པ་ཡིན་པས། དེ་དུས་མོ་ཕྱིར་རང་ཡུལ་ལ་བྲོས་སོང་བ་གཞི་ནས་ཤེས་སོང་། ཨ་ཕ་ནི་འཆི་ཉེན་འདུག་པས་ང་ལ་ཤོད་མི་ཐུབ་པའི་འཚུབ་ཆ་ལངས་ཏེ་ཨ་ཕར་ཟ་འཐུང་བླུགས་པ་དང་མལ་གོས་ལེགས་པར་བཀབ་ནས་རྐང་ཐང་དུ་ཨ་ཁུ་བསྟན་ནོར་ཚང་འབོད་པར་བུད་སོང་བ་ཡིན། ཨ་ཁུ་བསྟན་ནོར་ཚང་ལ་ཐོན་དུས་ས་རྩ་རུབ་ལ་ཉེ་བར་འདུག ངས་ཨ་ཁུ་བསྟན་ནོར་ལ་དོན་ཐམས་ཅད་བཤད་ནས་རོགས་བྱེད་པར་ཞུས་པ་ན། ཨ་ཁུས་‘ད་ཚོད་ས་རུབ་སྐབས་འདིར་ཡུལ་ཚོའི་སྨན་པ་གདན་འདྲེན་ཞུ་རུ་སོང་ཡང་ཡོང་ནི་མི་སྲིད། དེ་བས་སང་ཉིན་ནངས་མོར་ཡུལ་ཚོའི་སྨན་པ་འབོད་དུ་སོང་ན་དགའ་’ཟེར། ངས་ཀྱང་སྐད་ཆ་དེ་བདེན་པར་གོ་ནས་ཕྱིར་ལོག་གྲབས་བྱས་པ་ཡིན། ཨ་ཁུ་བསྟན་ནོར་གྱིས་ངས་ལམ་མི་ཆོད་པར་སེམས་ཁྲལ་བྱས་ནས་ཞག་འདུག་བྱེད་དགོས་ཞུས་ཀྱང་ངས་ཨ་ཕ་སེམས་ཀྱིས་མ་ལོངས་བས་འགྲོ་དགོས་ཚུལ་བཤད། དེ་དུས་ཨ་ཁུས་ང་ལ་རྟ་ཞིག་གཡར་བས་ངས་རྟ་ལ་ཞོན་ནས་ཕྱིར་ལོག་པའི་ལམ་ལ་ཞུགས་པ་ཡིན།

“ང་རང་ན་ཁུགས་ཤིག་ཏུ་སླེབས་སྐབས། སྐྱ་མི་གཉིས་སམ་གསུམ་གྱི་གྲིབ་མ་ནག་ནག་ཡོར་བྱེད་བཞིན་ངའི་ཕྱོགས་སུ་གློད་ཡོང་མཐོང་། སྣང་བརྙན་དེ་ནི་ངའི་དྲན་ཡུལ་དུ་ཤིན་ཏུ་མག་མོག་རབ་རིབ་ཞིག་རེད། སྐྱ་མི་དེ་དག་ངའི་འགྲམ་དུ་བསླེབས་ནས་ང་ལ་སྐོར་བ་བྱེད་བཞིན་སྐད་ཤུགས་ཆེན་པོའི་ཅི་ཞིག་ཟེར་གྱིན་འདུག དེར་མཐུད་ནས་མི་ཞིག་ངའི་ཕྱོགས་སུ་བཅར་བཞིན་དངོས་པོ་ཞིག་བར་སྣང་ལ་འཕྱར་གྱིན་འདུག སྣང་བརྙན་རབ་རབ་དེ་ཙམ་ལས་ང་ལ་དྲན་གྱི་ཡེ་ནས་མི་འདུག སྐྱ་མི་དེ་དག་གི་ངོ་གདོང་དང་ཆ་བྱད་སོགས་ལ་ངས་རྗེས་སོར་ནས་བསམ་བློ་ཇི་ལྟར་བཏང་ཡང་། དྲན་ཡུལ་དུ་འཁོར་ཐབས་ཡེ་ནས་མ་བྱུང་། ངའི་དྲན་པ་ཐོར་བའི་ཚུལ་ལ་བལྟས་ན་ང་རང་སྐྱ་མི་དེ་དག་གིས་བརྒྱལ་བར་བྱས་པ་ཡིན་ནའང་ཐང་།”

ཤེས་རབ་ཟླ་བས་དེ་ལྟར་བཤད་པའི་མཚམས་སུ། ལྷ་མཛེས་ཀྱིས་སེམས་འཚིག་པའི་ཉམས་ཀྱིས་འདང་རྒྱབ་པ་དང་སླར་ཡང་འཚུབ་ཆ་ལངས་བའི་ཚུལ་གྱིས་“དེས་ན་ཁྱོད་ཀྱིས་དྲན་པ་སླར་སོས་དུས་ཅི་འདྲ་རེད་འདུག”ཅེས་དྲིས་པ་ན། ཤེས་རབ་ཟླ་བས་རང་གི་དོན་རྣམས་བཤད་དོ། །

“ངས་དྲན་པ་རྙེད་དེ་མིག་ག་ལེར་འབྱེད་དུས་དཀར་འོད་ཆེན་པོས་མིག་ཀྱང་ལྡོངས་བ་ཙམ་བྱས་སོང་། རིམ་བཞིན་དུ་འཇིག་རྟེན་གྱི་ཁ་དོག་མཐོང་ལམ་དུ་གསལ་དུས་ལོ་ན་ཅུང་ཞིག་བགྲེས་པའི་ཨ་ཁུ་ཞིག་གིས་མིག་ཕོར་བ་ཙམ་ཞིག་བགྲད། ཁ་བྲག་ཁུང་ཙམ་ཞིག་གདངས། གླང་རྒན་ཚ་ཆུས་འགྲངས་པ་ཇི་བཞིན་དུ་ང་རང་ཀན་རྐྱལ་དུ་འགྱེལ་བར་ཧད་དེ་བལྟས་འདུག

“དེ་དུས་དགུང་དྲོ་ཙམ་དུ་སླེབས་འདུག རྔ་དང་དུང་། དྲིལ་བུ་སོགས་འབུད་རྡུང་དཀྲོལ་བའི་སྒྲ་རྣ་ལམ་དུ་འཁོར་ཡོང་བ་དང་སྣ་ལམ་དུ་སྐྱུགས་བྲོ་བའི་ཁྲག་དྲི་ཞིག་འཐུལ་ཡོང་། དེའི་དུས་སུ་ངའི་མགོ་ལ་གཟེར་ཟུག་དྲག་པོ་ལངས་བ་དང་ལུས་ཀྱི་ཡན་ལག་ཐམས་ཅད་དང་། ལྷག་པར་དུའང་རྐང་པ་གཡས་པར་ཟུག་ངུ་དང་གྲང་ཟུག་གིས་ཁེངས། ཕོ་བ་བཀྲེས་ནས་ལྟོགས་མཆིན་གཟེར། ང་རང་ཡར་འགྲེང་འདོད་སྐྱེས་ཏེ་རོ་སྟོད་ཤུགས་ཀྱིས་ཡར་བཀྱགས་དུས་ངའི་སྐེ་ལ་སིལ་སྒྲ་སྒྲོག་པའི་ལྕགས་ཐག་ནག་པོ་ཞིག་བསྐོན་འདུག་པ་དང་ངའི་ལུས་ཡོངས་སྔོ་ཧྲེང་ངེར་གཅེར་བུ་ལ་གྱུར་འདུག ངས་ཅི་ཡིན་འདི་ཡིན་མ་ཤེས་ཏེ་མཐའ་འཁོར་ཡར་མར་ཀུན་ལ་མིག་ཉུལ་བྱས་པ་ན། ང་རང་ཁང་བུ་ཆུང་ངུ་ཞིག་གི་སྒོ་མདུན་གྱི་རྡོ་གཅལ་དུ་བསྣར་འདུག་པ་དང་། རྡོ་གཅལ་གྱི་ངོས་སུ་ཁྲག་དང་ཚིལ། ཞག་སོགས་ཀྱིས་གཡོགས་འདུག་ལ་སྐྱུགས་བྲོ་བའི་དྲི་མ་བར་མེད་དུ་ལྡང་བར་བྱེད། ཡར་སྣེ་ན་ལྕགས་ཀྱི་འདྲེན་ཕུར་རིང་བོ་ཞིག་བརྡབས་ཡོད་ལ་ངའི་སྐེ་ཡི་ལྕགས་ཐག་དེ་འདྲེན་ཕུར་དེ་ལ་སྦྲེལ་འདུག ཐག་མི་རིང་བའི་མཐའ་འཁོར་དུ་མཆུ་ཏོ་ཁྲག་གིས་བརྫིས་པའི་བྱ་རྒོད་དག་འགྲོས་མ་འདུར་གྱིས་འགྲོ་བ་དང་སྒང་ཁ་རུ་བྱ་རྒོད་མང་པོས་རུ་ཕྲེང་ཞིག་བསྒྲིགས་འདུག དེ་དུས་ངས་གཞི་ནས་ང་རང་ནི་དུར་ཁྲོད་དུ་བསྐྱལ་ནས་ཨ་ཁུ་གཅོད་པས་བཤའ་གྲབས་བྱེད་སྐབས་བརྒྱལ་ལས་སངས་བ་ཡིན་པ་རྟོགས་སོང་། ངས་ཨ་ཁུ་གཅོད་པར་ང་བཏང་རོགས་ཞེས་ཞུས་པ་ན་ལུས་ཀྱི་ཟུངས་ཡོངས་སུ་ཟད་དེ་སླར་ཡང་ཀན་རྐྱལ་ལ་དབང་མེད་དུ་འགྱེལ་སོང་།

“དེའི་མུར་བདག་གིས་ཨ་ཕའི་ངོ་གདོང་དྲན་བྱུང་བས་མིག་ཟུམ་ནས་བསམ་པའི་གཞུ་མོ་ནང་དུ་བཀུག་ཙ་ན། རང་གིས་དྲན་པ་ཇི་ལྟར་ཤོར་བ་དང་། དུར་ཁྲོད་དུ་ཇི་ལྟར་ཡོང་བ་དང་། དྲན་པ་ཤོར་ནས་ག་ཙམ་འགོར་སོང་བ། ད་ལྟ་ཨ་ཕའི་གནས་ཚུལ་ཇི་འདྲ་ཡིན་པ་སོགས་ལ་འདང་མང་པོ་འཁོར་ཡང་། ངའི་དྲན་ཡུལ་ནག་འཐོམས་མེར་འདུག་པས་གང་ཡང་མ་ཤེས། དེ་དུས་ང་ལ་དཀའ་སྣང་དང་སྐྱོ་སྣང་། སྡུག་སྣང་དྲག་པོ་བཅས་དུས་མཚུངས་སུ་སྐྱེས་པས་མིག་ཆུའི་ཐིགས་པ་རེ་རེ་མཁུར་ཚོས་བརྒྱུད་ནས་དུར་རྡོའི་སྟེང་དུ་ཟེགས་པར་གྱུར། རེ་ཞིག་འགོར་རྗེས་ཨ་ཁུ་གཅོད་པས་ཚིག་འབྲུ་མི་གསལ་བའི་ཁ་ཏོན་ལྡབ་ལྡིབ་མང་པོ་འདོན་བཞིན་དུ་ངའི་འགྲམ་དུ་ཡོང་ནས་ངའི་སྐེ་ཡི་ལྕགས་ཐག་བཀྲོལ་བ་དང་ང་རང་གྲུ་ཁུགས་དུ་བླངས་ནས་ཡར་བཀྱགས་སོང་།

“དེའི་རྗེས་ནས་ཨ་ཁུ་གཅོད་པས་ང་རང་དགོན་པར་བསྐྱལ་བ་རེད། དགོན་པ་དང་དུར་ཁྲོད་ཀྱི་བར་ལ་ཐག་རིང་པོ་ཙམ་ཡོད་པས་དེའི་ཕྱིན་དུ་ངས་ཨ་ཁུ་གཅོད་པ་མཐོང་སྐབས་མ་བྱུང་། དེའི་ཕྱིས་དང་ཕྱིས་ཞིག་ལ་ཁོའང་ཞིང་ལ་གཤེགས་པའི་རྣ་ཐོས་རེ་འདུག དགོན་པའི་ནང་ན་གསོ་རིག་ལ་ལག་ལེན་ཤིན་ཏུ་མཁས་པ་ནི་ཨ་ཁུ་དཔལ་ལྡན་བློ་གྲོས་ཚང་ཡིན་པས། ཁོང་གིས་ང་རང་ཁོང་ཚང་གི་གྲྭ་ཤག་ཏུ་ཁྲིད་ནས་ངའི་མགོ་ཡི་རྨས་སྐྱོན་དང་དབང་རྩའི་བསྣད་སྐྱོན། ལུས་ཀྱི་རྨ་ཁ་སོགས་ལ་སྨན་གསོ་བྱས་པ་རེད། ཁོང་ཚང་གིས་ངའི་འདས་སོང་གི་གནས་ཚུལ་ཅི་ཞིག་དྲིས་ཀྱང་། ངས་དུས་ཚོད་ངེས་ཅན་ཞིག་ལ་གཏན་ནས་མ་བཤད། ཡུལ་གྱི་ཨ་ཕ་ནི་ཨ་ཁུ་བསྟན་ནོར་སོགས་ཀྱིས་སྨན་ལ་བསྟན་ཡོད་པར་ཆ་འཇོག་བྱས་ནས་ཉིན་ཤས་འགོར་རྗེས། ངས་ཨ་ཕ་ཇེ་དྲན་དུ་གྱུར་ནས་ཕྱིར་རང་ཁྱིམ་ལ་ལོག་འདོད་སྐྱེས་ཀྱང་རྐང་པ་གཡས་པ་ད་དུང་ས་ལ་སྤོ་མི་ཚུགས་པར་ཟུག་གཟེར་དྲག་པོའི་བསྡམས་འདུག དེ་བས་ད་དུང་དགོན་པར་འདུག་པ་ལས་ཐབས་གང་ཡང་མེད་པར་གྱུར།”

ཞེས་བཤད་པའི་མཚམས་སུ་ཤེས་རབ་ཟླ་བ་ལ་ཤོད་མི་ཐུབ་པའི་སེམས་སྡུག་ཞིག་སྐྱེས་ཏེ་མིག་ཆུའི་ཐིགས་པ་རས་གཟན་དམར་པོའི་སྟེང་ལ་ལྷུང་བར་གྱུར། ཡུད་ཙམ་སོང་བ་ན་ལྷ་མཛེས་ཀྱིས་ཁོས་མུ་མཐུད་དུ་བཤད་པར་རེ་བ་བཅིངས་རུང་ཁོ་ལ་གདུང་སེམས་སྐྱེས་ནས་སྐད་ཆ་ཅི་ཡང་མ་ཐོན། སླར་ཡང་ཤེས་རབ་ཟླ་བས་མིག་ཆུ་ཁོང་དུ་མིད་དེ་ངུ་ངག་ཐོན་པའི་སྒོ་ནས་བཤད་རྒྱུར།

“བདུན་ཕྲག་ཞིག་གི་རྗེས་སུ་ངའི་ཨ་ཕ་ཚེ་ལས་འདས་སོང་བའི་གཏམ་འཁྱར་མི་སྙན་པ་ཞིག་གོ་བྱུང་། དེ་ནི་ཨ་ཕའི་བེམ་པོ་དུར་ཁྲོད་དུ་ཁྱེར་ཟིན་ནས་ཉིན་དྲུག་བདུན་ཙམ་འགོར་བའི་རྗེས་ཤིག་ཡིན་པས། ངའི་ལུས་སེམས་ནི་སྡུག་བསྔལ་གྱི་རི་རབ་ལྕི་མོས་ཡོངས་སུ་ནོན་ནས་གྲང་འཁྱག་གི་མལ་ས་ནས་མིག་ཆུ་མང་པོ་བཏང་བཞིན་ཉིན་མཚན་གྱི་དུས་ཀུན་འདའ་བར་བྱེད་དགོས་བྱུང་།”

ཞེས་བཤད་མཚམས་སུ་མགྲིན་པ་མཆི་མས་བརྣངས་པ་དང་ངུ་ངག་སྡུག་པོ་ཞིག་ཐོན་ནས་སྐད་ཆ་མཚམས་ཆད་དེ་ཡུན་རིང་དུ་ལུས། ལྷ་མཛེས་ཀྱིས་ཐོས་པ་ན་ཡིད་སེམས་རབ་ཏུ་སྡུག་ཏེ་རྟ་ཁ་འཐེན་ནས་རྟ་ལས་བབས། ཤེས་རབ་ཟླ་བའང་མར་ཕབ་སྟེ་པང་དུ་བླངས་ནས་བསྡད་པ་དང་། ངོ་གདོང་མཆི་མ་ཁྲོམ་མེར་ཤེས་རབ་ཟླ་བ་སྙིང་ཉེ་ཉེ་དང་ཤ་ཚ་ཚ་ཡིས་སེམས་གསོ་མང་པོ་བྱས་སོ། །

བཅོ་ལྔ།

དགོང་དྲོའི་མཚམས་སུ་ནམ་ཟླ་གློ་བུར་དུ་ཇེ་ངན་དུ་སོང་སྟེ་རླུང་འཚུབ་ཆེན་པོ་བྱུང་། རླུང་འཇགས་རྗེས་ཁ་བ་ལྷབ་ལྷུབ་ཏུ་བབས་པ་དང་ཁ་བ་འབབ་མཚམས་ཆད་རྗེས་ས་གཞི་ཐམས་ཅད་དཀར་བོང་ངེར་གྱུར་སོང་། གྲང་རེག་གི་མཁའ་དབུགས་དང་ལྷིང་འཇགས་གཉིས་གཞི་གཅིག་ཏུ་བསྡོངས་ནས་འབྲོག་ཐང་གི་ཁོར་ཡུག་ཀུན་ཏུ་ཁྱབ་པ་དང་། ཁ་བ་ས་ལ་ཆགས་ཡོད་པས་སྒོ་ཁྱིའི་ཟུག་སྐད་ཀྱི་སྒྲ་ནི་སྔར་ལས་ཆེ་བའི་སྣང་བ་སྦྱིན།

ཨ་ཕ་དོན་འགྲུབ་ཁ་བའི་ཁྲོད་ནས་ཕྱི་ཟོག་འདེད་དུ་སོང་ནས་ཕྱིར་འོངས་སྐབས། ཐག་རིང་གི་ལམ་སྟེང་ན་སྐྱ་མི་ནག་རིལ་ཞིག་འགུལ་བཞིན་པ་མཐོང་། ཁོའི་སེམས་སུ་ལྷ་མཛེས་ཕྱིར་ལོག་པ་ཨེ་ཡིན་སྙམ་ཞིང་ཁ་བཏོན་ཤུབ་ཤུབ་ཏུ་འདོན་བཞིན་ཟོག་དེད།

སྐྱ་མི་དེ་ཚུར་ཚུར་ཐག་ཇེ་ཉེར་ཡོང་བའི་ཚེ་རྒྱང་ནས་ལྷ་མཛེས་ཡིན་པར་ངོས་ཟིན་ནས་སེམས་སུ་མོས་ཤེས་རབ་ཟླ་བ་རྙེད་མིན་ལ་མོ་རྩིས་བྱེད་པར་བླ་སྤྲུལ་ཚོས་ཇི་ལྟར་གསུངས་ཡོད་དམ། ཕལ་ཆེར་མི་རྙེད་པར་ལུང་བསྟན་ཡོད་རྒྱུ་རེད་སྙམ་ཞིང་ཟོག་ཆུ་ཐོག་ལ་བསྐོར་ནས་ངང་སྒུག་བྱས་ཏེ་བསྡད།

ལྷ་མཛེས་ཀྱིས་རྟ་ཁ་ཨ་ཕ་དོན་འགྲུབ་ཀྱི་ཕྱོགས་སུ་བསྒྱུར་ཏེ་འོངས་སྐབས་ཨ་ཕ་དོན་འགྲུབ་ཀྱིས་ལྷ་མཛེས་ཀྱི་རྟ་འཕོང་ལ་བན་ཆུང་ཞིག་བཟུང་ཡོད་པ་མཐོང་སྟེ། མིག་ཁྲ་ཧྲིག་ཧྲིག་ཏུ་འཁོར་བཞིན་སེམས་སུ་བན་ཆུང་དེ་ནི་ཤེས་རབ་ཟླ་བ་མིན་ནམ་སྙམ་ནས། དངངས་འཚབ་ཅིག་སྐྱེས་ཏེ་ཡིད་ནི་བློང་བློང་བོར་གྱུར། གམ་དུ་སླེབས་པའི་ཚེ་ཨ་ཕ་དོན་འགྲུབ་ག་བྱེད་འདི་བྱེད་མི་ཤེས་པར་གྱུར་པས་རུམ་ལག་གོར་མོ་ཞིག་བཅོས་ནས་སྡོད་པ་ལས་བྱ་ཐབས་ཟད།

“ཨ་ཕ། ཁྱོད་ཀྱིས་ལྟོས་དང་། ངའི་འཕོང་གི་བན་ཆུང་འདི་སུ་རེད། ”

ལྷ་མཛེས་ཨ་ཕའི་གམ་དུ་ལྷགས་པ་ན་ཡིད་ཆེས་དང་རྒྱལ་ཁའི་འཛུམ་ཞིག་གདོང་ལ་མངོན་ནས་རྟ་ལས་འབབ་ཞོར་དུ་དེ་སྐད་བཤད།

ཨ་ཕ་དོན་འགྲུབ་ཀྱིས་འཚབ་འཚུབ་གྱི་དབང་དུ་གྱུར་པའི་སེམས་མར་ལ་མནན་ནས་ལག་པས་ཕྱགས་མ་ལྟར་འདར་བའི་སྨྲ་ར་ལ་བྱབས་བྱབས་བྱས།

“ཨ། ཨ་ཕའི་ཕ་ལོ། ཁྱོད་དཀའ་ཨེ་ཐལ། བན་ཆུང་དེ་སུ་ཞིག་རེད།”

“ཨ་ཕ། འདི་ཤེས་རབ་ཟླ་བ་རེད། ” ལྷ་མཛེས་ཀྱིས་གྱོལ་བཞིན་དུ་འགྲོ་བའི་ཤེས་རབ་ཟླ་བ་བསྐྱོར་ནས་ཨ་ཕའི་གམ་དུ་སོང་།

ཨ་ཕ་དོན་འགྲུབ་འཕྲལ་དུ་ཧ་ལས་ཤིང་ཧང་སངས་བར་གྱུར་ཏེ། ཁ་གདངས་མིག་ཅེར་ནས་ལུས། རེ་ཞིག་ནས་སླར་ཡང་བཅོས་མའི་འཛུམ་ཞིག་མངོན་ཞིང་ཤེས་རབ་ཟླ་བའི་གདོང་ལ་ལྟ་མི་ཕོད་པར་ལྷ་མཛེས་ལ་ཁ་གཏད་དེ་“ ཨ། ཁྱེད་ཀྱིས་ཤེས་རབ་ཟླ་བ་རྙེད་བཏང་ངམ། ད་ལས་ལམ་ལ་སོང་བ་རེད། ད་འགྲིག་སོང་། ད་བསམ་དོན་འགྲུབ་སོང་། ”ཞེས་བཤད་པ་དང་། གློ་བུར་དུ་འཛུམ་མདངས་མི་མཐོང་བར་གྱུར་ནས་དཔྲལ་བར་སྨིན་མདུད་སྟུག་པོ་བསྡུས་ཏེ་“ཁྱོད་ཀྱིས་ཁོ་རང་ཇི་ལྟར་རྙེད་པ་ཡིན།”ཞེས་དོགས་འདྲི་བྱས།

“ཨ་ཕ། ཤེས་རབ་ཟླ་བ་དགོན་པར་གྲྭ་བ་བྱས་ནས་འདུག ད་འུ་ཅག་ཁྱིམ་ལ་སོང་ནས་ག་ལེར་བཤད། དེ་རིང་ཤེས་རབ་ཟླ་བ་ངེད་གཉིས་ཅུང་ལྟོགས་ཡོད”ཅེས་སྨྲས་པ་ན། ཨ་ཕ་དོན་འགྲུབ་ཀྱིས་“རེད་རེད། ཁྱིམ་ལ་སོང་ནས་བཤད་”ཞེས་མགོ་ལྕོག་བར་མེད་དུ་བྱས། དེ་ནས་ཁོ་གསུམ་པོས་ནོར་དེད་ནས་ལྷས་ལ་བསྐྱིལ་ཏེ་རྡང་དུ་བཏགས་རྗེས་སྦྲ་ནང་ལ་སོང་།

ཁོ་རྣམས་ཀྱིས་སྒྱེད་ཁུང་ལས་འཕྲོས་པའི་མེ་འོད་ཀྱི་ངོགས་ནས་ཟས་ལ་ཚིམ་པར་རོལ་བ་དང་ལྷན་དུ། ལྷ་མཛེས་ཀྱིས་ཤེས་རབ་ཟླ་བ་ལ་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་གནས་ཚུལ་སྦ་གསང་བྱེད་པའི་ཟོལ་གྱིས། ཤེས་རབ་ཟླ་བའི་གནས་ཚུལ་རྣམས་ཨ་ཕ་དོན་འགྲུབ་ལ་རྒྱས་པར་བཤད། ཁོ་མོས་སླར་ཡང་སྨིན་མཚམས་སུ་གཉེར་རིས་བསྡུས་ནས་ལག་པས་མགོ་བོ་ཕྲུག་ཕྲུག་བྱེད་ཞོར་དུ་གཟབ་ནན་གྱི་ངང་ནས་“ཡིན་ན་ཡང་། ཤེས་རབ་ཟླ་བ་ཇི་ལྟར་དྲན་པ་ཤོར་བ་དང་། དུར་ཁྲོད་དུ་ཇི་ལྟར་སོང་བ་ཡིན་ནམ།”ཟེར་ཞོར་འདང་རྒྱག་གི་ནང་དུ་ལྷུང་།

ཨ་ཕ་དོན་འགྲུབ་ཀྱིས་ཀྱང་དེའི་ཐད་ལ་བསམ་བློ་མང་དུ་འཁོར་ཡང་ཐོབ་འབྲས་གང་ཡང་མ་འཐོབ་ཏེ། མེ་ཡོག་གིས་གོ་ཁར་མེ་འབྲུ་ཞོར་དུ་ཤེས་རབ་ཟླ་བ་ལ་ཁ་ཕྱོགས་ནས་འཛུམ་ཤིག་ཤིག་གིས་ “ཤེས་རབ་ཟླ་བ། ཁྱེད་རང་བོར་བའི་གཞུག་ནས་ཨ་ཁུ་བསྟན་ནོར་ཚང་གི་བུ་ནོར་སྐྱབས་ཀྱིས་ཁྱོད་རང་འཚོལ་གྱི་འདུག་མོད། དགོན་པའི་ནང་དུ་མ་ཡོང་པ་ཨེ་རེད། ”ཞེས་སྙིང་ལྷག་ཏུ་ཉེ་བའི་ཚུལ་གྱིས་དྲིས་པ་ན། ཤེས་རབ་ཟླ་བའི་དཀར་ཡོལ་ཐང་ལ་བཞག་ནས་ལན་འདི་ལྟར་བཏབ།

“དེའི་ཕྱིས་སུ་དགོན་པའི་ནང་དུ་ང་རང་འཚོལ་མཁན་གྱི་མི་ཞིག་སླེབས་འདུག་སྐད་མོད། དགོན་སྡེ་འདི་ན་ངའི་དངོས་མིང་ལ་ཤེས་རབ་ཟླ་བ་ཟེར་བ་ཤེས་མཁན་གཅིག་ཀྱང་མེད། རྒྱུ་མཚན་ནི་དགོན་པའི་གྲྭ་པ་ཀུན་གྱིས་ངའི་མིང་གཅོད་པ་སྐྱབས་ཞེས་པ་ཞིག་བཏགས་ཡོད་པ་རེད། ཁོ་རྣམས་ཀྱིས་ང་རང་དུར་རྡོའི་སྟེང་དུ་འཕངས་ནས་གཤའ་གྲབས་བྱེད་སྐབས། ངའི་རྣམ་ཤེས་ཨ་ཁུ་གཅོད་པས་ཕྱིར་བཀུག་པ་ཡིན་པར་བསྙད་ནས་ང་ལ་མིང་དེ་ལྟར་བཏགས་པ་རེད། དེ་མིན་ཡང་ང་རང་རྩར་གཅོད་བྱེད་པའི་མི་རྣམས་ཀྱི་སྔོན་དུ་སོང་ཀྱང་ང་ལ་འགྲོ་སའི་རི་དང་། འདུག་སའི་ཡུལ། བསྟེན་སའི་གཉེན་ཉེ་དང་འགྲོ་སའི་ཁྱིམ་ཚང་ཞིག་ཡེ་ནས་མེད་པས་རང་ཉིད་ལྷང་ལ་མ་བུད་པ་ཡིན། ཟླ་གཉིས་ཙམ་འགོར་བའི་རིང་ལ་ཨ་ཁུ་དཔལ་ལྡན་བློ་གྲོས་ཀྱིས་ང་ལ་འཚོ་བའི་སྟེང་ནས་བདག་སྐྱོང་བཟང་པོ་བྱས་པས་ངེད་གཉིས་ཀྱི་དབར་ལ་ཤ་ཉེ་རིང་ལྟ་བུའི་བརྩེ་བ་ཡག་པོ་ཆགས་པ་དང་། ངའི་འདས་སོང་གི་དོན་ཐམས་ཅད་ཀྱང་ཤེས་པར་གྱུར་བ་རེད། དེའི་རྗེས་ནས་ཨ་ཁུ་ཚང་གི་ཚ་བོ་ཞིག་དགོན་པར་གྲྭ་བ་བྱེད་དུ་འོངས་པས་ངེད་གསུམ་པོ་ལྷན་གཅིག་ཏུ་འཚོ་བ་རོལ་བ་རེད། དེ་ནི་ད་ལྟའི་བན་དེ་ཡིད་བཞིན་རེད། ངེད་གཉིས་ནི་ཀྱི་འདྲིས་ཡུན་ཤིན་ཏུ་ཐུང་ནའང་གཤིས་ཀ་དང་སྤྱོད་པ་ཀུན་ནས་མཐུན་པས། མ་ཁོག་གཅིག་ནས་བརྒྱུད་པའི་སྤུན་མཆེད་ལྟ་བུར་གྱུར་པ་རེད། ཟླ་གསུམ་ཙམ་གྱི་གཞུག་ནས་ང་རང་ཡིད་བཞིན་གྱིས་བསྐྱོར་པ་ན་རྐང་པ་གྱོལ་བཞིན་འགྲོ་ཐུབ་དུས། ཨ་ཁུ་དཔལ་ལྡན་བློ་གྲོས་ཚང་གིས་ངེད་གཉིས་དགོན་པའི་བཤད་གྲྭ་རུ་བཞག་ནས་འདོན་ཆ་སོགས་ལ་སྦྱངས་དུ་བཅུག ང་རང་ཡི་གེ་འདོན་པ་དང་འབྲི་བར་ཅུང་ཞིག་མཁས་པས། ཡི་གེའི་ཐད་ནས་ངས་ད་གསར་དུ་ཀློག་སློབ་བཞིན་པའི་ཡིད་བཞིན་ལ་ཁྲིད་སྟོན་དང་། ང་རང་སྒོ་ཕྱི་ཁྱིམ་ལ་འགྲོ་དུས་ཡིད་བཞིན་གྱིས་རོགས་རམ་ལ་བརྟེན་པ་རེད། ”

ཤེས་རབ་ཟླ་བའི་གཏམ་ལ་ཉན་ཞིང་ཁོང་གསུམ་པོས་ཡར་མར་ཀུན་ལ་ཁ་བརྡ་བྱས་ཀྱང་སུ་ཞིག་གིས་ཤེས་རབ་ཟླ་བའི་འཁྲུལ་གཞི་དེ་ལ་ཐག་ཆོད་ཐབས་རྩ་བ་ནས་མ་བྱུང་། ཆེས་མཐའ་མར་སང་ཉིན་དགེ་རྒན་སྣང་གསལ་ཡེ་ཤེས་ལ་ཐུག་འཕྲད་བྱེད་པར་འགྲོ་བར་གྲོས་ཐག་བཅད་དོ། །

ལྷ་མཛེས་དང་ཨ་ཕ་དོན་འགྲུབ་གཉིས་ཀྱིས་བསམ་ཞིང་བསམ་ཞིང་། ཤེས་རབ་ཟླ་བའི་འདས་སོང་གི་བྱུང་བ་ནི་ཇི་འདྲིའི་ཡིད་སྐྱོ་ལ་ངུ་སྐྱེན་པའི་སྐྱོ་གར་ཞིག་རེད་སྙམ་ནས་གདུང་སེམས་ཡང་ཡང་བཅིང་པས་སྦྲ་ཁྱིམ་དུ་སྐྱོ་སྣང་གི་མཁའ་དབུགས་ཤིག་བསྐྱིལ་བྱུང་། དེའི་ཚེ་ན་ཁ་ཚུབ་གྲུ་བཞི་ལས་དཀར་སིབ་སིབ་ཀྱི་ཁ་བ་ལེབ་མོ་འགའ་འཐོར་ནས་སྦྲ་ནང་དུ་ལྡིང་སྐོར་བརྒྱབ། ཁ་བ་ལེབ་མོ་དེ་དག་མེ་འོད་ཀྱི་ངོགས་ནས་འོད་ཟེར་འཚེར་འཚེར་བྱེད་ཞོར་གོ་འགྲམ་དང་མིའི་ལྭ་བའི་སྟེང་དུ་འབབ་པར་བྱེད། སྒྱེད་པུའི་མཁའ་ན་སྨུག་རྒྱུ་ལྟར་གཡོ་བའི་མེ་དྲོད་དང་འཕྲད་ན་འཕྲལ་དུ་མི་མཐོང་བར་འགྱུར་རོ། །

ཁོ་རྣམས་མལ་དུ་ཉལ་རྗེས་སུ། ལྷ་མཛེས་དང་ཨ་ཕ་དོན་འགྲུབ་གཉིས་ནི་ངལ་དུབ་མྱངས་བའི་རྐྱེན་ལ་བྱས་ཏེ་སྔ་མོ་ནས་གཉིད་ལམ་དུ་བཞུད་སོང་། ཤེས་རབ་ཟླ་བ་ལའང་སྐྱ་ཆད་ཅུང་ཞིག་བྱུང་ཡོད་པས་རིམ་བཞིན་དུ་རྨི་ལམ་གྱི་འཇིག་རྟེན་དུ་བསྙེགས།

དཔྱིད་དུས་ཤར་ལ་ཉེ་ཞིང་ས་ཆུ་དྲོས་བའི་ནམ་ཟླ་ཞིག་ཏུ། ཤེས་རབ་ཟླ་བ་སྡེ་ལམ་ཕྲ་མོ་ཞིག་གི་ཁར་སོང་བ་ན། རྒྱང་རིང་གི་ཕྱོགས་ནས་སྐྱ་པ་ཞིག་ཁོའི་ཕྱོགས་སུ་བྱ་འཕུར་བ་ལྟར་བརྒྱུག་འོངས་པ་མཐོང་། ཁོའི་སུ་ཡིན་ནམ་སྙམ་ཞིང་ལག་པ་ཐོད་ལ་ཁྱེར་ནས་སྐྱ་མི་དེའི་ཕྱོགས་སུ་ཅེར་ཏེ་བསྡད་པ་ན། སྐྱ་མི་དེ་འགྲམ་ལ་སླེབས་སྐབས་སྔར་ལས་ཇེ་མགྱོགས་སུ་སོང་སྟེ་ཁོའི་མིག་ལམ་ནས་གློག་འཁྱུག་པ་ལྟར་བརྒྱུད་པས་སྐྱ་མིའི་ཕྱིའི་རྣམ་པའང་གསལ་བོར་མཐོང་མ་ཐུབ། ཁོ་རང་རྡུལ་འཚུབ་ཀྱིས་ལྗིབས་པར་གྱུར་པས་མཐོང་ལམ་ཀྱང་མག་མོག་ཏུ་བསྒྲིབས་སོང་། དེ་དུས་རྟ་ཡི་འཚེར་སྐད་ལྷང་ལྷང་དུ་ཐོས་པ་དང་ཐག་ཐག་གི་རྟ་ཕོའི་རྨིག་སྒྲའི་རོལ་མོ་ཕྱིར་ཁོ་དང་ཇེ་ཉེར་ཡོང་བའི་སྣང་བ་སྦྱིན། ཁོར་འཇིགས་སྣང་དང་དངངས་འཚབ་ཞིག་སྐྱེས་པའི་མོད་ལ་སྔོན་གྱི་སྐྱ་མི་དེ་ཕྱིར་ཁོའི་དྲུང་དུ་སླེབས་ཟིན། མི་དེས་རྟ་ཁ་འཐེན་ནས་རྟ་ལས་མཆོངས་ཏེ་ཁོའི་འགྲམ་ལ་ཐོན་པ་ན། ཁོས་གཞི་ནས་མི་དེ་ནི་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་པ་ཤེས། དེ་ནི་དགེ་རྒན་སྣང་གསལ་ཡེ་ཤེས་རེད། ཁོས་མཚར་སྣང་གིས་ཁེངས་པའི་མིག་ཟུང་གིས་དགེ་རྒན་གྱི་གདོང་ལ་ཞིབ་ཀྱིས་བལྟས་ཙ་ན། དགེ་རྒན་གྱི་གདོང་ནི་ཁོའི་མིག་ཏུ་ཇི་འདྲའི་ཡག་ཅིང་ལྷུན་ཆགས་པ་ཞིག་རེད་ཨང་། དགེ་རྒན་གྱིས་རལ་བ་རིང་པོ་ཞིག་རྒྱབ་དུ་བཅིངས་འདུག་ལ། དཀྱུས་རིང་མིག་ཟུང་ལས་སྨྲ་མི་ཤེས་པའི་བྱམས་བརྩེའི་འོད་མདངས་ཤིག་འཕྲོས་པ་དང་། དེས་ནི་བྲང་གཞུང་བརྟོལ་ནས་སྙིང་གི་རྟིང་དུ་བདེ་དྲོད་ཞིག་སྦྱིན་པར་བྱེད། དེ་ཙ་ན་རྡུལ་འཚུབ་ཡོངས་སུ་དྭངས་ཟིན་ལ་ས་གཞི་ལས་ལྗང་མྱུག་འབུས་པ་དང་། མེ་ཏོག་སྣ་བརྒྱའི་གེ་སར་གྱི་སོ་ཕྲེང་རྒོད་པར་བྱེད། བྱེའུས་ཀྱུར་ཀྱུར་གྱི་སྐད་ཀྱིས་དཔྱིད་དུས་ལ་སྔར་ན་མེད་པའི་རོལ་དབྱངས་ཀྱི་ཁ་དོག་ཡང་ཡང་བྱུགས་པར་བྱས། ཤེས་རབ་ཟླ་བས་དཔྱིད་ཀྱི་དཔལ་ཡོན་ལ་བལྟས་ཏེ་ཅུང་ཟད་ཡིད་གཉིས་ཐེ་ཚོམ་གྱི་འཆིང་རྒྱར་ཚུད་པ་ན། དགེ་རྒན་སྣང་གསལ་ཡེ་ཤེས་ཀྱིས་རབ་ཏུ་བརྩེ་བའི་འཛུམ་མདངས་ཤིག་ངོམ་ནས་ལག་པ་ཁོའི་ཕྱོགས་སུ་བརྐྱངས། ཁོས་ཐེ་ཚོམ་གྱི་འཁྲི་བ་དུམ་བུར་བཅད་དེ་ལག་པ་དགེ་རྒན་གྱི་ལག་ནང་དུ་བཞག་ཙ་ན། ལུས་ཀྱི་ནད་ཟུག་དང་རྐང་པའི་ཚ་གཟེར་ཀྱང་ཡོངས་སུ་ཡལ་ཏེ་ལུས་སེམས་གཉིས་ཀ་ལྷོད་ཤིག་ཤིག་ཏུ་གྱུར། དེ་ཚེ་དགེ་རྒན་གྱིས་ཅི་ཡང་མི་སྨྲ་བར་ཁོ་རང་ཁྲིད་དེ་རྟ་ཡི་འགྲམ་དུ་ཕྱིན། དགེ་རྒན་སླར་ཡང་ཁ་ཕྱིར་འཁོར་ནས་ཁོ་རང་ཡར་པང་ནས་རྟ་གོང་དུ་བསྐྱོན་པ་དང་། དགེ་རྒན་གྱིས་ཀྱང་སྒ་མཆོང་བརྒྱབ་ཏེ་རྟ་ལ་ཞོན། དེ་དུས་ཤེས་རབ་ཟླ་བས་སྒ་བརྒྱབ་མེད་པས་ལྷུང་འགྲོ་བར་ཅུང་དོགས་ནའང་དགེ་རྒན་གྱིས་རྒྱབ་ནས་ལག་ཟུང་གིས་ཁོ་རང་བསྐྱོར་བས་འཇིགས་སྣང་ཁད་ཀྱིས་ཡལ་བར་གྱུར། དེ་ནས་སྲབ་མདའ་གསིག་ཙམ་གྱིས་བཞོན་རྟ་ལ་གཤོག་པ་ཐོགས་པ་ལྟར་མདུན་ནས་མདུན་དུ་བརྒྱུགས་སོ། །

ཁོ་གཉིས་ཀྱིས་ན་བུན་དཀར་པོ་དང་མེ་ཏོག་གི་དྲི་ངད་བརྟོལ་བཞིན་ཡངས་པའི་མེ་ཏོག་ཚལ་དུ་རྒྱུག་པ་དང་། ནགས་ཤུག་གི་རླབས་སྒྲ་ག་ལེར་གཡོ་བའི་ནགས་ཀླུང་སྟུག་པོའི་འདབས་ནས་རྒྱུག་ཅིང་། སྔོ་བསངས་ཀྱི་རང་མདངས་རྣམ་པར་ངོམ་པའི་རྒྱ་མཚོའི་འགྲམ་ནས་རྒྱུག་པ་དང་། སྤྲིན་དཀར་གྱི་སྐ་རགས་འཆིང་བའི་རྫ་རི་ཡི་སྒང་ཁ་ནས་སྨུག་པའི་ཡོལ་བ་བརྟོལ་བཞིན་བརྒྱུགས་བརྒྱུགས་མཐར་ཚར་དུ་དངར་བའི་སྐས་ཀྱི་གདང་བུ་ཞིག་ལ་འཛེགས། སྐས་ཀྱི་གདང་བུ་དེ་ནི་ཉི་འོད་ཀྱི་ཐེམ་པ་ཡིན་པས་འོད་ཤིན་ཏུ་གསལ་བས་མིག་ཀྱང་ལྡོངས་བར་བྱེད་པའི་ཚད་དུ་གྱུར། ཤེས་རབ་ཟླ་བས་མིག་གཉིས་བཙུམ་ཏེ་སྔོན་ནས་སྔོན་ལ་ལྷགས་ཏེ་འོད་དཀར་གྱི་དྲ་བའང་བརྟོལ་བར་བརྩམས་པའི་ཚེ། སྣང་བ་ཞིག་ཏུ་ཁོར་ཡུག་ཐམས་ཅད་དཀར་གསལ་ལེར་གྱུར་སོང་། ཁོས་མིག་མྱུར་དུ་ཕྱེས་ཏེ་བལྟས་ཙ་ན་ནམ་ཡོངས་སུ་གསལ་འདུག་ལ་ལྷ་མཛེས་ཀྱིས་ཁ་ཚུབ་ད་སོ་མར་ཕྱེས་ཟིན།

ཤེས་རབ་ཟླ་བས་ད་ཅིའི་རྨི་ལམ་ལ་ཕྱིར་འདང་བྱེད་བཞིན་མགོ་མྱུར་མོར་བཀྱགས་པ་ན་ལྷ་མཛེས་ཁ་ཚུབ་འཕེན་པར་ཕྱིན་ནས་ཕྱིར་སླེབས་པ་དང་སྟབས་འཁེལ།

“ཁྱོད་སད་བཏང་ངམ། འདབ་ནུབ་འཁྱག་ཨེ་ཐལ།”

ལྷ་མཛེས་ཀྱིས་ལྷམ་ངོར་ཆགས་པའི་ཁ་བ་སྤྲུགས་ཞོར་དུ་དེ་ལྟར་དྲིས།

ཁོས་བརྡ་ལན་དུ་མགོ་བོ་འཕྲེད་དུ་གཡུག་ནས་ལག་པས་མིག་གཉིས་ཕུར་ཕུར་བྱས།

“དེ་རིང་འུ་ཅག་འགྲོ་ཐུབ་ས་མ་རེད། ཁངས་ཆེན་པོ་ཞིག་བབས་འདུག” ཞེས་ལྷ་མཛེས་ཀྱིས་གདོང་ནས་ཤིན་ཏུ་ཕམ་པའི་རྣམ་འགྱུར་ཞིག་མངོན་པས་ན། ཤེས་རབ་ཟླ་བའི་བློ་མི་བདེ་བར་གྱུར།

བཅུ་དྲུག

ཁ་བ་མཐུག་པོ་ས་ལ་ཆགས་ནས་ཉིན་གསུམ་འགོར་ནའང་ཁ་བ་ནི་ད་དུང་མ་ཞུ་བར་འདུག རི་དང་ལུང་ཐམས་ཅད་ནི་དུང་གི་སྦུ་གུ་ཇི་བཞིན་དུ་དཀར་ཞིང་གཙང་ལ་འཇམ་ཐིང་ངེར་གནས། རྩྭ་སྐྱ་ཐམས་ཅད་ཁ་བའི་བམ་ཁ་མཐུག་པོའི་མནན་པར་གྱུར་པས་ཕྱུགས་ཟོག་གིས་ཁ་བའི་སྟེང་ནས་སྣ་ཉུལ་བྱེད་པ་དང་འཇག་སྐྱ་ཐར་ཐོར་རེ་མཐོང་ན་ལྟོགས་རྔམ་ཀྱིས་ཟ་བར་རྩོམ། ཟོག་ཁྱུ་ནི་འགྱིག་གཞོང་དཀར་པོའི་སྟེང་དུ་འགྱིག་རྡེལ་ནག་པོ་བཞག་པ་དང་འདྲ་བར་ཁ་བའི་ནང་ནས་མིག་ལ་ལྷག་ཏུ་གསལ། ས་ནག་ལག་མཐིལ་ཙམ་ཡང་མི་མཐོང་བའི་ཁ་བའི་འཇིག་རྟེན་འདི་ནས་མི་ཕྱུགས་གཉིས་ཀའང་འཚོ་དཀའ་བའི་གནས་སུ་གྱུར།

ཁ་བ་བབས་ཐེངས་གཅིག་གིས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་བལྟ་རུ་འགྲོ་བའི་འཆར་གཞི་དེ་རྩ་བ་ནས་བསྒྱུར་སོང་། ལྷ་མཛེས་དང་ཨ་ཕ་དོན་འགྲུབ་གཉིས་ཀྱིས་དགེ་རྒན་སྣང་གསལ་ཡེ་ཤེས་བརྗེད་པ་ལྟར་གྱུར་ནས། རྔ་ཉག་རེ་མིག་རའི་ཚབ་ཏུ་གདོང་ལ་དཀྲིས་ནས་ཟོག་དེད་དེ་ཐག་རིང་དུ་སོང་ན་ཡང་། ཁ་བ་མ་བབས་པའི་ས་ཞིག་དང་ཁ་བ་ཞུ་ཟིན་པའི་ས་ཞིག་གཏན་ནས་མ་རྙེད་པས་ཕྱུགས་ཟོག་ཐམས་ཅད་ལྟོགས་གྲིར་འཆི་ལ་ཉེ་ནས་བྱ་ཐབས་ཟད་སྐབས། བློ་ཐབས་སྣེ་གཅིག་ལུས་ཡོད་པ་དེ་ནི་ཐལ་སྤུངས་སློག་ནས་མདུན་གྱི་ན་ཁུགས་སུ་ཁ་ཐལ་བྱེད་རྒྱུ་དེ་རེད། ཁ་ཐལ་ནི་ཐལ་བ་ཁ་བའི་སྟེང་དུ་བཏབ་ན་ཁ་བ་མྱུར་དུ་ཞུ་བར་ཕན་པའི་ཐབས་ཤེས་ཤིག་རེད། འབྲོག་པ་རྣམས་ཀྱིས་རྒྱུན་དུ་ནོར་ལྷས་སོགས་སུ་ཁ་ཐལ་བྱས་ཏེ་ཁ་བ་གཞིལ་དུ་འཇུག་པ་རེད། ལྷ་མཛེས་དང་ཨ་ཕ་དོན་འགྲུབ་གཉིས་ཀྱིས་རུའི་མདུན་གྱི་ན་ཁུགས་སུ་ཁ་ཐལ་བྱས་ནས་ནས་ཕྱི་དྲོ་ཡོལ་སྐབས་ཁ་བ་ཞུ་ཤུལ་གྱི་ས་ནག་ནོར་ལྷས་ཀྱི་ཆེ་ཆུང་ཙམ་མང་དུ་མངོན། ཟོག་ཁྱུ་དེ་རུ་སྐོར་བ་ན་འཚང་ཁ་ཤིག་ཤིག་གིས་རྩྭ་ལ་རྔམ་པར་བྱས།

དགོང་དྲོར། ཟོག་ཁྱུ་ལྷས་ལ་མ་བསྐོར་ནའང་མདུན་གྱི་ན་ཁུགས་དེ་ལས་གཞན་དུ་བཀྲམ་འགྲོ་བར་དོགས་པ་མེད་པས། ཁོ་གཉིས་ཕྱིར་ཁྱིམ་ལ་ལོག་ནས་ས་རུབ་ཐག་ཆོད་པའི་བར་དུ་སོ་ལྟ་རེ་བྱེད་བཞིན་དུ་བསྡད། ས་རུབ་རྗེས་ཟོག་ལྷས་སུ་བཏགས་ནས་ཁོ་རྣམས་ཀྱི་ནུབ་འཚལ་འཐུང་།

ཉིན་འདི་དག་གི་རིང་ལ་ལྷ་མཛེས་ཀྱིས་ཤེས་རབ་ཟླ་བ་ཁྲིད་ནས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་ཐུག་ཏུ་འགྲོ་བའི་འདུན་པ་ཤིན་ཏུ་ཆེ་ཞིང་། མཚན་མོར་ཀྱང་གཉིད་མི་ཁུགས་པར་དགེ་རྒན་སྣང་གསལ་ཡེ་ཤེས་དྲན་ཡུལ་དུ་འཁོར་ནས་ལུས་ནའང་། བློ་བུར་དུ་བབས་པའི་གངས་ཐན་དེ་ནི་བསམ་གཟས་ཏེ་ཁོ་རྣམས་ཐུག་འཕྲད་བྱེད་པར་མི་རངས་བ་དང་འདྲ་བར་འགྲོ་ལམ་བཀག་པར་གྱུར་པས་མོ་རང་ཡང་སེམས་འཚིག་བཞིན་ཡོད། མོས་ནུབ་ཇ་འཐུང་ཞོར་དུ་ཨ་ཕ་དོན་འགྲུབ་ལ་གྲོས་ཤིག་བྱས་ན་དགའ་སྙམ་ནས། གློ་ལུ་ཞིག་བྱས་རྗེས་ཨ་ཕ་ལ་ཁ་གཏད།

“ཨ་ཕ། སང་ཉིན་ཤེས་རབ་ཟླ་བ་ངེད་གཉིས་དགེ་རྒན་སྣང་གསལ་ཡེ་ཤེས་ཐུག་པར་སོང་ན་ཅི་འདྲ་རེད། གལ་ཏེ་མྱུར་དུ་མ་སོང་ན་ཤེས་རབ་ཟླ་བའི་གནང་བའི་དུས་ཚོད་ལོངས་ལ་ཉེ་བ་དང་། དགེ་རྒན་སྣང་གསལ་ཁོས་ཀྱང་སེམས་ཁྲལ་བྱེད་བཞིན་ཡོད་ལས་ཆེ་བས་་་་་་་་་”་ཞེས་ཚིག་རྔ་རིང་བོར་འཐེན་ནས་ཨ་ཕས་ཅི་ཟེར་སྒུག་པ་ན། ཨ་ཕ་དོན་འགྲུབ་ཀྱིས་ཅི་ཞིག་དྲན་པ་ལྟར་སྨྲ་ར་བྱིལ་བྱིལ་བྱས་ནས་མིག་རིག་རིག་ཏུ་འཁོར།

“ཨོ་རེད། ངས་ཀྱང་དེ་ལ་བསམ་བློ་འཁོར་བཞིན་ཡོད། ད་སང་ཉིན་འགྲོ་རྒྱུ་བྱས་ན་དགའ། སང་ཉིན་ཤུལ་ལ་ངས་བལྟ། ད་བསྟུད་མར་ཉི་མ་ཁ་ཤས་ལ་གནམ་ཐང་ན་ཁ་བ་མྱུར་དུ་ཞུ་འགྲོ་རྒྱུ་རེད། ”

ཨ་ཕ་དོན་འགྲུབ་དོན་འགྲུབ་ཀྱི་སྐད་ཆ་དེ་ནི་ཁུ་བྱུག་སྔོན་མོའི་སྐྱོ་སྡུག་གི་དུ་ཁ་ལྷག་མེད་དུ་གཞོམ་པའི་སྦྲང་ཆར་ཇི་བཞིན་དུ་ལྷ་མཛེས་དང་ཤེས་རབ་ཟླ་བ་གཉིས་ཀྱི་རྣ་བའི་དཔྱིད་དུ་སིམ་སོང་། ཤེས་རབ་ཟླ་བས་རང་གི་རྐང་པ་བསྣད་ཡོད་སར་ཤུགས་ཞན་པའི་སྒོ་ནས་ཁུ་ཚུར་གྱིས་རྡེག་ཙམ་བྱས་པ་དང་སེམས་སུ་མྱུར་དུ་དགེ་རྒན་སྣང་གསལ་མཐོང་ཐུབ་འོང་སྙམ་ནས་གདོང་ལ་འཛུམ་མདངས་མཚེར་བར་གྱུར་སོང་།

ཁོ་རྣམས་ཀྱིས་ཡར་མར་ཀུན་ལ་ཁ་བརྡ་བྱས་མཐར་རང་རང་གི་མལ་དུ་ཉལ་བར་སོང་།

ལྷ་མཛེས་ཀྱི་རིག་པ་ནམ་ལངས་པ་ལྟར་གྱུར་ཏེ་མལ་ས་ནས་གཉིད་ཡེ་ནས་བརྗེད་པ་དང་སེམས་ཀྱི་འདུན་མ་སྣ་ཚོགས་འཆར་ཡན་དུ་བཀོད་དོ། མོས་ཐོག་མར་རང་གིས་འཕྱོར་ལྭ་ཤིན་ཏུ་མཛེས་པ་ཞིག་ལུས་ལ་གྱོན་པར་འཆར་ཡན་བྱས། འཕྱོར་ལྭ་དེ་ནི་འཇམ་མདངས་དང་ལྡན་པའི་གོས་ཆེན་གྱི་ཐོག་ཏུ་མེ་ཏོག་དང་འཇའ་རིས་བབས་ཡོད་པ་ཞིག་རེད། མོས་གྱོན་ཚེ་ལུས་ལ་ཤིན་ཏུ་རན་པ་དང་འཕྱོར་སྒེག་གི་ཉམས་ནི་རྣམ་པར་དོད་པོ་འདུག ད་དུང་མགོ་ལ་ཐོད་སྤོས་ཕྲ་མོ་ཡིད་དུ་འོང་པ་ཞིག་བཏགས་ཤིང་གཟི་འོད་ཀྱུག་ཀྱུག་བྱེད་པའི་སྐྲའི་ལན་བུ་རྒྱབ་ཏུ་བསྣར་ནས་མོ་རང་གཙང་བོ་ཞིག་གི་འགྲམ་དུ་འཆམ་འཆམ་ལ་སོང་། ལྷུང་ལྷུང་དུ་འབབ་པའི་གཙང་བོའི་འགྲམ་གཉིས་ནི་མེ་ཏོག་གི་ཞིང་ཁམས་ཤིག་ཏུ་གྱུར་འདུག་ལ། མོས་ལན་རེར་མེ་ཏོག་གི་ཚལ་ནས་ཡི་གར་འོང་པའི་མེ་ཏོག་རེ་བཏུས་ཏེ་སྐྲའི་ལན་བུར་བརྒྱན། མགོ་བོའི་སྟེང་ནས་ངང་པ་ཆ་གཅིག་གིས་སྐད་སྙན་སྒྲོག་གིན་འཕུར་བ་ན་མོས་དགེ་རྒན་སྣང་གསལ་ཡེ་ཤེས་ཡིད་ལ་ཡང་ཡང་དྲན། ཡངས་པའི་མེ་ཏོག་ཐང་ནས་ཁ་དོག་སྣ་ལྔའི་མེ་ཏོག་གི་འདབ་ལོ་རླུང་གིས་སྤུར་ཏེ། ཚོན་མདངས་སྣ་ལྔའི་རླུང་འཁོར་ཞིག་མཁའ་ལ་ལྡིང་དུས་ན་རྟ་པ་ཞིག་མོའི་ཕྱོགས་སུ་བརྒྱུག་འོངས་པ་མཐོང་། མོ་འཕྲལ་དུ་ཡར་ལངས་ནས་ལག་པ་ཐོད་ལ་ཁྱེར་ནས་བལྟས་པ་ན་རྟ་པ་དེ་སྔར་བཞིན་མོའི་ཕྱོགས་སུ་བརྒྱུགས་འོངས། མོས་སྒུག་གིན་སྒུག་གིན་མདུན་ལྗོངས་ཐམས་ཅད་མེ་ཏོག་གི་ཚོན་མདངས་ཀྱིས་ཁེངས་ཏེ་མཐོང་ལམ་རབ་རབ་མག་མོག་ཏུ་གྱུར་ཏེ་ག་ལེར་ག་ལེར་གཉིད་ལ་ཤོར་རོ། །

བཅུ་བདུན།

སྐྱ་རེངས་བུ་མོའི་འཛུམ་ཞལ་དངུལ་དཀར་ཞུན་མའི་འཇིག་རྟེན་གྱི་ཕ་མཐའ་ནས་ག་ལེར་ངོམ་དུས། ལྷ་མཛེས་ད་དུང་གཉིད་ལ་ཤོར་འདུག དེ་ནི་མདང་ནུབ་མོ་གཉིད་དུ་ཞུགས་རྗེས་སུ་ངོ་མཚར་ལྡན་པའི་རྨི་ལམ་ཞིག་རྨིས་པ་ཡིན་ལས་ཆེ། གང་ལྟར་ཀྱང་དེ་རིང་སྔོན་དུ་ཡར་ལངས་ཏེ་འབོད་མཁན་ནི་ཤེས་རབ་ཟླ་བ་རེད།

ལྷ་མཛེས་ཚབ་ཚུབ་ཀྱིས་ཡར་ལངས་དུས་སེམས་སུ་དགེ་རྒན་སྣང་གསལ་ཡེ་ཤེས་དང་འཇལ་འདོད་ཀྱི་སྤྲོ་སེམས་རབ་ཏུ་རྒྱས་ཏེ་ནངས་ཇ་སྐོལ་བ་དང་ཁྱིམ་ལས་རྣམས་ཧུར་གྱིས་སྒྲུབ། ཨ་ཕ་དོན་འགྲུབ་ཀྱིས་གཟན་ཆས་ཁུག་མའི་མཐིལ་ཙམ་ཞིག་ཁྱེར་ནས་རྟ་ལ་བྱིན་རྗེས་སྔོན་ལྟར་སྒ་སྲབ་བཞག ཁོ་རྣམས་ཀྱིས་ནངས་ཇ་ལ་རོལ་རྗེས་ལྷ་མཛེས་དང་ཤེས་རབ་ཟླ་བ་གཉིས་ལམ་ལ་ཆས་སོ། །

ཕྱི་དྲོ་ཡོལ་ནས་ས་རྩ་རུབ་ལ་ཉེ་དུས། ལྷ་མཛེས་དང་ཤེས་རབ་ཟླ་བ་གཉིས་རྫོང་མཁར་དུ་སླེབས་པ་དང་། དགེ་རྒན་སྣང་གསལ་ཡེ་ཤེས་དང་ཐུག་འདོད་གྱི་འདུན་པ་སྐྱེས་པས་མྱུར་མོར་རྫོང་སྨན་ཁང་གི་ཕྱོགས་སུ་བསྐྱོད།

ཁོ་གཉིས་རྫོང་སྨན་ཁང་དུ་སླེབས་མ་ཐག་ཏུ་སྔོན་ལྟར་བཞོན་རྟ་རྟ་རྡང་དུ་བཏགས་ནས་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་ནད་ཁང་གི་ཕྱོགས་སུ་སོང་། ཁོ་གཉིས་ནད་ཁང་དུ་ཐོན་ནས་ནང་དུ་བལྟས་པ་ན། བློ་ཡུལ་ལས་འདས་པ་ཞིག་ལ་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་ནད་ཁྲི་ནི་སྟོང་པར་གྱུར་འདུག

ལྷ་མཛེས་ཀྱིས་གང་ཡིན་ཆ་མ་མཚལ་ཏེ་སྨན་པ་བཙལ་ནས་དྲིས་པ་ན། རྒྱ་མི་སྨན་པ་དེས་གདོང་ལ་ཤིན་ཏུ་ཕམ་པའི་རྣམ་འགྱུར་ཞིག་མངོན་ནས་ཤུགས་རིང་ཞིག་བཏང་།

“དངོས་གནས་ཡིད་ཕམ་པ་ཞིག་རེད། ང་ཚོས་ནུས་ཤུགས་ཡོད་ཚད་བཏོན་ནས་ཁོ་ལ་ནད་གསོ་བྱས་ཀྱང་། ཕན་མ་ཐོགས་པར་ཁ་སང་དགོང་མོ་ཚེ་ལས་འདས་སོང་།”

ལྷ་མཛེས་དང་ཤེས་རབ་ཟླ་བ་གཉིས་ཀྱིས་དེ་སྐད་ཐོས་པ་ན་མགོ་ཐོག་གི་གནམ་བརྡིབས་པ་དང་རྐང་འོག་གི་ས་གས་པ་ལྟར་མགོ་ནང་ལ་མུན་ནག་འཐིབས་བྱུང་། ལྷ་མཛེས་ཀྱི་ལུས་གཟུགས་དོག་མོ་ས་ཡི་གཏིང་རིམ་ལ་བྱིང་སྟེ་དྲན་པ་ཐོར། ཤེས་རབ་ཟླ་བས་ཀྱང་ཁོག་པའི་གློ་སྙིང་ཡང་མགོ་རྟིང་ལོག་པར་གྱུར་བའི་ན་ཟུག་བཟོད་བླགས་མེད་པ་སྐྱེས་ཏེ་མིག་ཆུ་ལྷུང་ལྷུང་དུ་བབས་ནས་རེ་ཞིག་ཏུ་ལུས།

ལྷ་མཛེས་ཀྱིས་དྲན་པ་རྙེད་རྗེས་སྨན་པ་དེས་མུ་ཏིག་གི་ཕྲེང་བ་ཞིག་དང་ཕྱི་ཤོག་ཀོ་བ་ཡིན་པའི་ཉིན་ཐོ་འབྲི་དེབ་མཐུག་པོ་ཞིག་བླངས་ཏེ་“འདི་ནི་ཁོ་བོ་འགྲོ་ཁར་ཁྱོད་ལ་གཏོད་ཞོག་ཟེར་”ཞེས་ལྷ་མཛེས་ཀྱི་ལག་ཏུ་སྤྲད་པ་དང་། སླར་ཡང་“ཁོ་རང་གི་ཉིན་ཐོ་འབྲི་དེབ་འདི་ཡུན་རིང་དུ་འཕྲད་ཐབས་མ་བྱུང་པའི་ཤེས་རབ་ཟླ་བ་ཟེར་བའི་སློབ་མ་ཞིག་ཡོད་པ་དེ་ལ་ངེས་པར་དུ་སྤྲོད་རོགས་གྱིས་ཟེར་”ཞེས་བཤད།

ཤེས་རབ་ཟླ་བས་མིག་ཆུ་ཡང་ཡང་ཕྱིས་ཏེ་ཉིན་ཐོ་འབྲི་དེབ་ཀྱི་ཕྱོགས་སུ་ལག་པ་བསྲིངས་ནས་ལེན་པར་རྩོམ་པའི་ཚེ་ན། ལྷ་མཛེས་ཀྱིས་ངུ་ངག་གིས་“ཨ་ཅེའི་ལོ་ལོ། ཉིན་ཐོ་འབྲི་དེབ་འདི་ཁྱོད་རང་ཕྱིར་དགོན་པར་སླེབས་དུས་ངས་ཁྱེད་ལ་སྟེར་ན་ཆོག་གམ།”ཞེས་བཤད་ནས་རང་གི་རུམ་ལ་བཅུག་པ་ན། ཤེས་རབ་ཟླ་བས་ཀྱང་མིག་ཆུ་ཁོང་དུ་མིད་བཞིན་འཐད་པའི་བརྡ་ལ་མགོ་བོ་ལྕོག་ལྕོག་བྱས།

ཁོ་གཉིས་ནད་ཁང་གི་སྒོར་བུད་པ་ན། ངང་པའི་གཤོག་སྒྲ་ལྟ་བུའི་ཁ་བ་སབ་སིབ་བབས་བྱུང་བ་དང་མཁའ་དབྱིངས་ནས་ཁ་བ་ལེབ་མོ་འཕུར་ལྡིང་བར་མེད་དུ་རྩེན་པར་བྱེད། དྭངས་གཙང་གི་ཁ་བའི་འདབ་མ་རེ་རེ་ཁོ་གཉིས་ཀྱི་ཕྲག་པའི་སྟེང་དུ་ལྷོད་གྱིས་བབས་སོ། །

བཅུ་བརྒྱད།

ཉིན་མོ་གཉིས་འདས་པའི་ནུབ་མོའི་དུས་སུ། ཨ་ཕ་དོན་འགྲུབ་ཀྱིས་ཟོག་ལྷས་ལ་བཏགས་རྗེས་གཅིག་པུར་ནུབ་འཚལ་འཐུང་། ཕྱི་རོལ་ནས་ཁྱིའི་ཟུག་སྐད་ཇེ་ཆེར་ཕྱིན་པས། ཁོའི་སེམས་སུ་ལྷ་མཛེས་དང་ཤེས་རབ་ཟླ་བ་གཉིས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་ཐུག་པར་སོང་ནས་ཉིན་གསུམ་འགོར་སོང་། ད་ནི་ཕྱིར་སླེབས་པ་ཡིན་ན་ཐང་སྙམ་སྟེ་སྦྲ་སྒོར་བུད།

ཨ་ཕ་དོན་འགྲུབ་ཀྱིས་སྐྱ་མི་ཞིག་གི་གྲིབ་མ་ནག་ཡོར་ཡོར་རྡང་མཐའ་ནས་ཚུར་འོངས་གིན་པ་མཐོང་བས་སུ་ཡིན་དྲིས་པའི་ཚེ་ན། ལྷ་མཛེས་ཀྱིས་སྐད་ལན་བྱིན་པས་ཁོ་རང་ཕར་སོང་ནས་རྟ་ཁ་བླངས། ཨ་ཕ་དོན་འགྲུབ་དོན་འགྲུབ་ཀྱིས་རྟ་འཕོང་གི་སྨྲ་བ་ཅི་ཡང་མེད་པའི་ཤེས་རབ་ཟླ་བ་མར་ཕབ་ཞོར་དུ་ལྷ་མཛེས་ཁོ་གཉིས་དེ་ཙམ་སྤྲོ་ཡི་མེད་པ་ཅི་ཡིན་སྙམ།

“ཨ་ཕའི་ལོ་ལོ། ཁྱེད་གཉིས་དགེ་རྒན་སྣང་གསལ་ཡེ་ཤེས་ལ་ཐུག་ཨེ་ཐུབ་ཐལ།”

ལྷ་མཛེས་དང་ཁོ་གཉིས་ལ་ལན་ཅི་ཡང་ལྡོན་རྒྱུ་མེད་པར་འཚུབ་ཉི་ལེར་སྦྲ་ནང་དུ་བུད་སོང་། ཨ་ཕ་དོན་འགྲུབ་ཀྱིས་ཅི་ཡིན་ཆ་འཚལ་ཏེ་ཕྱི་བཞིན་སོང་བ་ན། ལྷ་མཛེས་ནི་མོ་ཁྱིམ་གྱི་གོ་འགྲམ་དུ་ཙོག་པུར་བསྡད་ནས་ངུ་བཞིན་པ་དང་ཤེས་རབ་ཟླ་བའང་དེའི་གམ་དུ་མགོ་བོ་དུད་དེ་ངུད་མོ་བྱེད་བཞིན་པ་མཐོང་། ཨ་ཕ་དོན་འགྲུབ་ལ་སྔར་ལས་ལྷག་པའི་དོགས་གཞི་སྐྱེས་ཏེ་ངག་འཇམ་པོའི་སྒོ་ནས་ “ལྷ་མཛེས། དོན་ངོ་མར་ཅི་ཞིག་བྱུང་བ་རེད།”ཞེས་དྲིས་ཏེ་ཁོ་ལ་ཤོད་མི་ཐུབ་པའི་དངངས་འཚབ་ཅིག་སྐྱེས།

ལྷ་མཛེས་ཀྱིས་ངུ་ངག་གཉོམ་པོས་དགེ་རྒན་སྣང་གསལ་ཡེ་ཤེས་ཚེ་ལས་འདས་པར་གྱུར་པས་དོན་རྣམས་ཇི་བཞིན་དུ་བཤད།

སྐབས་དེར། ཨ་ཕ་དོན་འགྲུབ་ཀྱིས་ཤོད་མི་ཐུབ་པའི་ཕངས་སེམས་ཞིག་སྐྱེས་ཏེ་གོ་ཁར་སོང་། དཀྱིལ་ཀྲུང་བཅོས་ནས་ཐང་ལ་བསྡད་དེ་མགོ་བོ་ནང་ལ་གུག་ཏེ་ཕྱིར་དྲན་ཞིག་གི་སྒོ་མོ་ཕྱེས་སོ། །

ཟླ་བ་གསུམ་ཙམ་གྱི་ཡར་སྔོན་ཞིག་ཏུ། ང་རང་ཡུལ་ཤོག་ཏུ་ཚོགས་འདུ་ཞིག་ལ་ཞུགས་པའི་ཕྱིར་དུ་ལམ་ལ་ཆས་པ་ཡིན། ལུང་སྔོན་གྱི་ན་ལུང་གོང་མའི་ཆུ་ཁར་སླེབས་སྐབས་ས་རྩ་ཡོངས་སུ་རུབ་ལ་ཉེ། སྐབས་དེར་ཐག་མི་རིང་བའི་ས་ན་སྐྱ་མི་དག་གི་གྲིབ་མ་ནག་ཡོར་ཡོར་ཕར་ཚུར་ལ་སྐོར་འགྲོས་རྒྱག་བཞིན་པ་མཐོང་། རེ་ཞིག་ནས་སྐྱ་མི་ཞིག་གིས་སྐྱ་མི་གཞན་པ་དེའི་མགོ་ལ་གྲིས་བརྒྱབ་ནས་རྟ་ཐོག་ནས་ཐང་ལ་འཕངས་བྱུང་། དེ་དུས་ང་ལའང་དངངས་འཚབ་ཞིག་སྐྱེས་ནས་སྐྱ་མི་གཉིས་པོའི་ཕྱོགས་སུ་ཀི་བརྒྱབ་པ་ན། དེ་གཉིས་ཀྱིས་ད་ཅིའི་་རྟ་སྒ་སྟོང་དེ་ཁྲིད་ནས་ཕྱིར་བལྟས་ཙམ་ཡང་མི་བྱེད་པར་བྲོས་སོང་། ང་ལ་འཚུབ་སྣང་ཞིག་སྐྱེས་ཏེ་ད་ཅི་སྐྱ་མི་དག་ཡོད་པའི་ན་ཁུགས་སུ་སླེབས་སྐབས། པོ་ཐོ་དག་གི་བར་དུ་སྐྱ་མི་གཞན་པ་དེ་ལ་གྲག་རྒྱུ་འགུལ་རྒྱུ་མེད་པར་འགྱེལ་འདུག འགྲམ་དུ་བཅར་ནས་བལྟས་པ་ན་དེ་ནི་ན་ཆུང་ཞིག་རེད། ངས་སྔར་འདང་ཕྱིར་འདང་མང་པོ་བརྒྱབ་པ་ན། ད་ཅིའི་སྐྱ་མི་གཉིས་པོས་ན་ཆུང་འདིའི་རྟ་འཕྲོག་ཆེད་དུ་ན་ཆུང་འདི་ལ་གྲི་ཤན་བརྒྱབ་ཏེ་བསད་པ་ཤེས་སོང་།

ལུང་སྔོན་ནི་བཙན་ཁོ་ཚང་གི་ས་ཡིན་པ་དང་དེ་ཚང་གི་བུ་རྣམས་ནི་བཙན་ཚོད་མེད་རྡོ་ཐོག་ཕུར་འཛུགས་བྱེད་མཁན་རྐྱང་རྐྱང་ཡིན་པས། ད་ཅིའི་སྐྱ་མི་དེ་གཉིས་ནི་བཙན་ཁོ་ཚང་གི་བུ་ཡིན་པར་ཐེ་ཚོམ་མི་འདུག ས་དེ་ནས་ལུང་སྔོན་དགོན་པའི་དུར་ཁྲོད་ལ་ཐག་ཅུང་ཟད་ཡོད་ཀྱང་། ངས་ན་ཆུང་དེའི་བེམ་རོ་རྟ་འཕོང་ལ་བཀལ་ནས་མཚན་བརྒྱབ་ཏེ་དགོན་པའི་དུར་ཁྲོད་དུ་བསྐྱལ་བ་ཡིན། དུར་ཁྲོད་དུ་འབྱོར་དུས་ཕྱོགས་བཞི་སྨག་ཆེན་པོས་གཡོགས་པ་དང་དལ་ཅག་གེར་ཡོད། ངས་འཚབ་འཚུབ་ངང་ནས་བེམ་རོ་དེ་རྟ་གོང་ནས་མར་ས་ལ་ཕབ་ཏེ་དུར་ཁྲོད་དང་གྱེས་ནས་ཡུལ་ཤོག་གི་ཕྱོགས་སུ་སོང་བ་ཡིན།

དེའི་ཕྱིས་སུ། ངས་དོན་དག་དེ་མི་གཅིག་ལའང་མ་བཤད་པ་ཡིན། གནའ་མིའི་ཁ་དཔེ་ལའང་གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་དང་། ཟས་མི་ལག་བརྒྱུད་ན་ཇེ་ཆུང་ཟེར་བ་ཡིན་པས། ང་རང་གིས་ཀྱང་དོན་མེད་སར་ཐེ་གཏོགས་བྱས་ནས་བཙན་ཁོ་ཚང་ལ་གྱོད་དང་ཁ་མཆུ་བསླངས་བ་མིན། ལྷ་མཛེས་ལའང་དོན་དག་དེ་གསང་རྒྱ་བྱེད་དགོས་པའི་རྒྱུ་མཚན་ནི་ལྷ་མཛེས་ནི་རང་ཉིད་ཀྱི་བུ་མོ་ངོ་མ་མ་ཡིན་པར། རང་གི་འདས་ཟིན་པའི་ཆུང་མ་བཀྲ་སྐྱིད་གནས་ལ་མ་ཡོང་གོང་དུ་བཙན་ཁོ་དང་མོ་གཉིས་ཀྱིས་སྐྱེས་པའི་བུ་མོ་རེད། དོན་དེ་ལྷ་མཛེས་ཀྱིས་རྣ་ཐོས་བྱུང་ཡོད་ཀྱང་བདེན་པར་རློམ་པ་དང་དང་ལེན་བྱེད་ཐུབ་ཀྱི་ཡེ་ནས་མེད། མོས་དང་ལེན་མ་བྱས་ནའང་དོན་དངོས་དེ་ལྟར་ཡིན་པས་ག་ལེར་དེ་ལྟར་དུ་རློམ་ཀྱི་ཡོད་ལས་ཆེ། དེ་ལྟར་ན་བཙན་ཁོ་ཚང་གི་བུ་རྣམས་ནི་ལྷ་མཛེས་ཀྱི་མིང་པོ་ཡིན་པས། ལྷ་མཛེས་ལ་ཁྱེད་ཀྱི་མིང་པོས་མི་བསད་རྟ་བསྒྱེལ་སོགས་ཇག་པའི་ལས་ཀ་སྒྲུབ་བཞིན་འདུག་ཅེས་བཤད་ན་མོས་ཡིད་ཕམ་འགྲོ་ངེས་པས། མོ་ལ་གསང་རྒྱ་བྱས་ནས་བསྡད་པ་ཡིན།

དེའི་རྗེས་སུ་ང་རང་དགེ་རྒན་སྣང་གསལ་ཡེ་ཤེས་ཀྱི་ཚབ་ཏུ་བཟོད་མཐོ་རིས་པོ་ཚང་ལ་ཤེས་རབ་ཟླ་བའི་གནས་ཚུལ་རྩར་གཅོད་བྱེད་དུ་འགྲོ་དུས། བསྟན་ནོར་གྱིས་སྐད་ཆ་ལས་ངས་དུར་ཁྲོད་དུ་བསྐྱལ་བའི་བེམ་རོ་དེ་ནི་ཤེས་རབ་ཟླ་བ་ཡིན་པ་ཤེས་སོང་། དེའི་རྗེས་ནས་ཤེས་རབ་ཟླ་བ་སྤྱང་ཀིས་བཟས་སོང་བར་བསྙད་ནས་དོན་དག་དེ་གསང་རྒྱ་མཐར་སྐྱེལ་བྱས་པ་ཡིན།

དེ་ལྟར་ཕྱིར་འདང་གི་དྲ་བ་ལས་ཐོན་སྐབས། ལྷ་མཛེས་དང་ཤེས་རབ་ཟླ་བ་གཉིས་སྔ་མོ་ནས་མལ་དུ་ཉལ་ཟིན་པས། ཁོས་ཀྱང་ཤུགས་རིང་ཞིག་བཏང་ནས་མལ་དུ་ཉལ་ལོ། །

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།