ཆར་བ་བབས་ཤུལ་གྱི་སྐད་ཅིག་མའི་སེམས་འགྱུ་ཕྲ་མོ།


རྣོ་སྦྲེང་།

   ང་ཚོ་ལ་བདེ་ཐང་མིན་པའི་སྤྱི་ཚོགས་ཤིག་གི་ནད་དུག་ཕོག་སྟེ། ཆེས་མ་མཐའི་བདེན་པ་དང་དྲང་བོའི་རྣམ་གཞག་མིག་སྣང་དུ་མི་འཇོག་པའི་དཔའ་གདེངས་དང་ངོ་ཚ་བྲལ་བའི་གཤིས་ཀ་ལ་གོམས་ལོབས་སུ་འགྲོ་བ་ནི། ཆེས་འཇིགས་སུ་རུང་བའི་ཕམ་ཁ་ཞིག་ཨེ་ཡིན་ནམ།

ཁ་སང་ཉིན་ཧྲིལ་བོར་གནམ་ངོ་གནག་རོ་མའི་ངོ་གདོང་ནས་མཆི་མའི་ཆར་བ་མཚམས་ཆད་མ་བྱུང་། ཁ་སང་སུན་སྣང་དང་ཁེར་རྐྱང་གི་ཚོར་བ་ཐན་ཐུན་ཞིག་ཀྱང་འགོག་མེད་དུ་འཁོར། ཁ་སང་དང་དེ་རིང་ནི་མིག་རྡེབ་དབང་ཙམ་སྟེ། ཁ་སང་དང་དེ་རིང་ནི་སང་ཉིན་གྱི་ཁ་སང་དང་དེ་རིང་ཡིན་པས། རྫོགས་མཐའ་བྲལ་བའི་ཁ་སང་དེ་རིང་མང་པོ་ཞིག་ལ། མཚམས་ལན་རེར། ངས་རང་ཉིད་ཅི་ཞིག་གི་ཆེད་དུ་གསོན་ཡོད་པ་དང་། གང་ཞིག་གི་དོན་དུ་འདུར་བཞིན་ཡོད་པ་དངོས་གནས་ཧ་གོ་ཐབས་བྲལ། ཞིབ་འདང་རེ་རྒྱབ་ན། ཉིན་མ་རེ་རེར། རྒྱུས་མེད་ཀྱི་ངོ་གདོང་མང་པོ་ལ་རྒྱུས་ཡོད་ཡོད་འདྲ་བའི་སྐད་ཆ་རེ་བཤད། བཅོས་མ་མིན་པ་འདྲ་བའི་འཛུམ་མདངས་རེ་སྟོན་དགོས་དོན་ཅི་ཡིན་ནམ། སྤྱི་ཚོགས་ཀྱི་སྒང་དུ་འཚོ་དགོས་པས་ཡིན་ནམ། འགྲན་རྩོད་ཅེས་པའི་སྡིངས་ཆར་མངོན་དགོས་པས་ཡིན། ཡང་དག་གིས་ལན་ཞིག་ད་རུང་ཡང་རྙེད་མ་བྱུང་།

ཟླ་འདི་ཚོར་ང་ལ་འཇིགས་ཉེན་ཞིག་འཁོར་ཡོང་བ་ནི། དྭངས་གཙང་གི་ཚོར་ཤེས་ཉམས་ཏེ་དྭངས་གཙང་གི་འཇིག་རྟེན་བོར་གྱིན་པ་དེ་རེད། ལ་བེ་ལོབ་བེ། ཡ་ག་ཡོག་གེ། རྫ་ནེ་རྫུན་ནེ་ཡིས་གྲུབ་པའི་སྤྱི་ཚོགས་ཤིག་གི་པང་ནས། ངའི་དཔེ་ཀློག་གི་གྲངས་ཀ་ཇེ་ཉུང་དང་རྩོམ་ཡིག་འབྲི་བའི་མོས་པ་ལ་ཡང་གས་ཁ་ཤོར་སོང་།

དུས་ཡུན་ཞིག་གི་རིང་ལ་རིག་གནས་བགྲོ་གླེང་ཞེས་པ་བྱེད་འདོད་བྲལ་ལ། ལོ་ཡུན་ཞིག་གི་རིང་ལ་དཔྱོད་ཤེས་ཞེས་པའི་ཐ་སྙད་དེ་ཁ་ལ་བཟུང་ནས་མཛུབ་མོ་རི་སྟོན་འདྲ་བའི་རྩོམ་ཡིག་གི་རིགས་ཀྱང་འབྲི་མ་ཕོད། གཏན་ཚིགས་ནི་རང་ཉིད་ཆུང་ཆུང་ནང་གི་ཆུང་ཆུང་ཞིག་སྟེ། རང་གིས་སྤྱི་ཚོགས་ཀྱི་ཆ་ཤས་ནང་གི་ཆ་ཤས་ཤིག་ལས་མཐོང་མེད་པས་ཡིན།

ཡིན་ནའང་། སྨྲ་བ་བསྡམས་པས་རང་ཉིད་ལ་ལངས་ཕྱོགས་མེད་པ་མི་མཚོན་ལ། སྐད་སྒྲ་མཐོ་བ་ཙམ་གྱིས་བདེན་ལུགས་ལ་དབང་སྒྱུར་བྱས་ཡོད་པའི་ངེས་པ་ཡང་མེད་པའི་གནས་ལུགས་ཀྱི་སྟེང་ནས། སྔར་བཞིན་རང་ཉིད་ཀྱི་རྡོག་སྣེ་ནས་ཁ་ཁུ་སིམ་པོས་བརྩམས་སྒྲུང་རེ་བྲིས། གློག་བརྙན་ཕབ་སྐྲུན་རེ་བྱེད་ཨེ་ཐུབ་ལ་འབད།

ལམ་ཁ་འདི་བདམས་དོན་ཅི་ཡིན་ནམ། ལན་རེར་རང་གིས་རང་ལ་རྒྱུན་པར་དྲིས་པ་ཡིན་ཏེ། རང་བློ་རང་ལ་ལྐོག་གྱུར་མ་ཡིན་པས། ནང་སེམས་ཀྱི་འཕར་ལྡང་ལ་ཉན་ན། བརྩམས་སྒྲུང་གི་ལམ་ནས་ཚད་མེད་ཀྱི་འཚོ་བའི་བར་སྣང་ལ་རང་དབང་གིས་འཕུར་ལྡང་བྱས་ཆོག་ལ། གློག་བརྙན་གྱི་ལམ་ནས་གངས་རི་དང་རྩྭ་ཐང་། བར་སྣང་དང་གསེར་ཏོག་ལས་བརྒལ་བའི་ཟུར་མི་འདྲ་བའི་བོད་མི་རང་གི་དྭངས་གཙང་གི་འཚོ་བའི་གཏམ་རྒྱུད་རེ་རེ་བཤད་ཐུབ་པས་ཡིན།

ཡིན་ནའང་གློག་བརྙན་ཞིག་ཕབ་སྐྲུན་བྱེད་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། ཚོགས་སྤྱི་མང་པོ་ལས་གྲུབ་པའི་དཀའ་ངལ་ཆེ་བའི་ལས་རིགས་ཤིག་ཡིན་པས། ལོ་ནས་ལོ་མཐུད་དེ་ལས་ཀ་རེ་རེ་ཟམ་མ་ཆད་པར་ཡོང་བ་ལས་བྲེལ་འཚུབ་ལངས་པས་མི་ཡོང་།

ལོ་འདི་ཚོར། རང་རེའི་གཞོན་པའི་སྡེ་ནས་ཡང་གློག་བརྙན་ཕབ་རྒྱུ་ཟེར་མཁན་ཤིན་ཏུ་མང་པོ་བྱུང་། གྲོགས་པོ་རེ་ཟུང་གིས། ཅིག་གིས་བརྙན་ཕྲན་བཟོས་བྱུང་། ཉིག་གིས་དངོས་ཞུ་ཕབ་བྱུང་། ཡང་ཅིག་གིས་རྒྱལ་སྤྱིའི་དགའ་རྟགས་བླངས་བྱུང་། ཉིག་གིས་རྒྱལ་ནང་ནས་གཟེངས་སྐྱེས་རེག་སོང་བས་ཁྱེད་ཀྱིས་གློག་བརྙན་མི་ལས་སམ་ཞེས་པའི་དྲི་བ་མང་པོ་ཐོན་ན་ཡང་།

ཁོ་བོས་ནི། གོང་དུ་བཤད་པ་བཞིན་གློག་བརྙན་གྱི་ལམ་ནས་དྭངས་གཙང་གི་གཏམ་རྒྱུད་ཙམ་བྱེད་འདོད་པ་ལས། གདན་དམར་སྟེང་གི་བྱ་འགུལ་དང་སྡིངས་ཆའི་སྟེང་གི་གཟེངས་སྐྱེས་ཁོ་ནའི་ཆེད་དུ་འདུར་བཞིན་པའི་དབུགས་ལྡན་གྱི་སྐྱེ་བ་ལེན་མི་འདོད་ལ། ཁོ་བོ་ནི། གློག་བརྙན་བརྩམས་ཆོས་རང་གི་ངོ་བོ་ལས་གློག་བརྙན་དང་འབྲེལ་བའི་གདན་དམར་སྟེང་གི་རྣམ་པ་དང་གློག་འོད་ཀྱིས་རྒྱན་པའི་གར་སྟེགས་སྟེང་གི་ཉམས་འགྱུར་ཁོ་ན་ལ་དོ་ཁུར་བྱུང་སྟེ་མཚར་གྱིན་ཡོད་པའི་གྲས་མ་ཡིན། ཡིན་ནའང་། གློག་བརྙན་ཞིག་ལ་མཚོན་ན་གཟེངས་སྐྱེས་རེག་པ་ཤིན་ཏུ་དགའ་འོས་པའི་ཡུལ་ཡིན་ཏེ། རང་གིས་དཀའ་ཚེགས་གྲངས་མེད་མྱངས་པ་ལ་གཞན་གྱིས་ཁས་ལེན་ཐོབ་པ་དང་གདེངས་འཇོག་ཐོབ་པ། གཞན་གཟེངས་སྐྱེས་སྣ་ཚོགས་དང་འབྲེལ་ནས་གློག་བརྙན་རྗེས་མ་དག་ལ་རབ་དང་རིམ་པ་བཞིན་མ་དངུལ་རེག་པའི་ལམ་ཡང་རྙེད་པའི་གོ་སྐབས་ཡང་རྙེད་སྲིད་མོད། ངེས་དོན་གྱིས་གློག་བརྙན་བཟོ་མཁན་ཞིག་ལ་མཚོན་ན་ཐོག་མར་སེམས་ཁྲལ་བྱེད་ས་བརྩམས་ཆོས་ཡིན་པ་ལས་གཟེངས་སྐྱེས་ཡིན་མི་སྲིད།

སྤྱི་ཚོགས་ནི་དངུལ་ལོ་དང་དབང་ཐང་ཁོ་ནས་གྲུབ་པ་མ་ཡིན་མོད། དབང་ཐང་དང་དངུལ་ལོ་ཡོད་པས་ཡོད་ཚད་ཉམ་ཆུང་དང་འཁོས་ཞན་དུ་འདོད་མཁན་གྱི་འཁྲུལ་སྣང་རིང་ལུགས་པ་དག་གི་ལག་མཐིལ་གྱི་རི་མོ་ལྟ་བུའི་འཇིག་རྟེན་ཞིག་ཏུ་གྲུབ་ཡོད་ལ། དྭངས་གཙང་གི་རིག་གནས་པ་དང་རྩོམ་པ་པོ། གློག་བརྙན་པ། སློབ་གསོ་བ་སོགས་ནི་མགོ་བོ་སྒུར་ནས་ལས་ཀ་བྱེད་མཁན་གྱི་གཡང་མོ་ལུག་དང་། སྣོག་ལས་དང་གཡོ་ཐབས་ལ་མངའ་བརྙེས་པའི་དམུན་པོ་དབང་ཤེད་ཅན་དང་ཤེས་མེད་འབྱོར་བ་ཅན་གྱི་ཚོགས་ནི་སྟག་སེང་ཁྱུང་འབྲུག་ཏུ་འདོད་པའི་བདེ་ཐང་མིན་པའི་སྤྱི་ཚོགས་ཤིག་གི་པང་ན། ང་ཚོ་ལ་བདེན་པ་དང་དྲང་པོའི་རྣམ་གཞག་ཟེར་བ་ཞིག་ཡོད་སྲིད་དམ།

མི་ལོ་བདུན་བརྒྱད་ཀྱི་ཡར་སྔོན་ལ་རང་རེའི་སྤྱི་ཚོགས་སུ། ལས་རིགས་གང་ཞིག་ལ་མཚོན་ན་ཡང་ལྟོས་བཅོས་ཀྱིས་སྤུས་གཙང་དང་ནག་ནོག་གིས་མ་འདྲེས་པའི་ཆ་ཞིག་རང་བཞིན་གྱིས་མངོན་ཡོང་ལ།  དཔེར་ན། སློབ་གྲྭ་ཆེ་གྲས་ཁག་ནས་རིག་གཞུང་དུས་དེབ་ཅིག་ཐོན་ན། དངོས་གཞི་དང་ཞིབ་འཇུག་གི་སློབ་མ་དག་གིས་མཐར་ཕྱིན་བརྩམས་ཆོས་ཤིག་བྲིས་ན། དགོན་སྡེ་ཁག་ནས་རྡོ་རམས་པ་དང་ལྷ་རམས་པའི་དམ་བཅའ་ཞིག་བཞག་ན། ཆེས་མ་མཐའི་རྒྱུ་འབྲས་ཀྱི་རྣམ་བཞག་ལ་རྒྱབ་འགེལ་བྱེད་མི་སྲིད་ལ། རང་གི་རྩོལ་བ་ལ་བསྟེན་ནས་ཤེས་འཇོན་གྱི་གོ་ས་རེག་མ་ཐུབ་ན་ཡང་། སྣོག་ལས་བྱེད་པའི་དཔའ་མེད་ལ། ཡ་ང་། ངོ་ཚ་བར་ཐེ་མི་ཚོམ།

ཡིན་ནའང་། དུས་ད་ལྟ། སློབ་ཆེན་སློབ་མའི་མཐར་ཕྱིན་བརྩམས་ཆོས་སྒོར་གྱིས་ཉོ་ཞིང་། དགོན་སྡེའི་སློབ་གཉེར་བ་མང་པོས་དམ་བཅའི་འབྲས་རྟགས་ངོ་ཡིས་ལེན། བདེན་པ་སྲུང་མཁན་ནི་ཀློའུ་དང་། གཡོ་འཁྲབ་ལ་མཁས་པ་ནི་ཤེས་རབ་ཅན། མདོར་ན་བདེན་རྫུན་འོ་ཆུ་བཞིན་འདྲེས་ཏེ་སོ་སོར་དབྱེ་དཀའ་བའི་དུས་རབས་སུ།  ཁྱེད་ཀྱིས་རེ་བའི་ཉི་འོད་མཐོང་ཐུབ་བམ།  མཁའ་དབུགས་གཙང་མ་ཞིག་རྔུབས་ཐུབ་བམ།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།