ཆར་གདུགས།-སྒྲུང་ཐུང་།-

UL-004

ཁ་བ་བྷ་ཐ་ཡ་ཚོའུ་ན་ལེ་ཡིས་བརྩམས།  ༼ འཇར་པན། ༽

གཙང་ཨ་ཚེས་བསྒྱུར།  ༼ བོད། ༽

       སྟོན་གྱི་ཟམ་ཟིམ་གྱི་ཆར་བས་རློན་པར་གཏོང་མི་ཐུབ་ན་ཡང་མིའི་སྐྱི་པགས་ལ་རློན་ཤ་དོད་ཐུབ།སྒོ་ཕྱིར་བུད་དེ་ཡོང་བཞིན་པའི་གཞོན་མས་གཞོན་པའི་ཆར་གདུགས་མཐོང་རྗེས། “ཨ།ཆར་འབབ་བཞིན་འདུག་ཨང་”ཞེས་གཟོད་ཆར་བ་འབབ་བཞིན་པ་ཚོར།

སྐབས་དེར་གཞོན་པས་ཆར་གདུགས་བཀར་བྱུང་། སྤྱིར་བཏང་ཆར་བ་འགོག་བྱེད་དུ་ཆར་གདུགས་བཀར་བ་ཡིན་མོད།ཁོས་བྱེད་ཚུལ་ལ་བལྟས་ཏེ་བཤད་ན་གཞོན་མ་དེའི་གམ་དུ་རང་ཉིད་ཁ་སྐྱེངས་བཞིན་པ་འགེབས་བྱེད་ཡིན་པ་འདྲ།འོན་ཀྱང་།གཞོན་པས་ཞུམ་ཞུམ་གྱིས་ཆར་གདུགས་ཕར་གཏད་དེ་གཞོན་མ་དེར་ཆར་གཡོལ་དུ་སྤྱད།གཞོན་མའི་ཕྲག་པ་གཅིག་ཤོས་ལས་ཆར་གདུགས་འོག་ཏུ་མེད་པས་མུ་མཐུད་ཆར་རྡུང་འཁེལ་བཞིན་ཡོད།གཞོན་པས་རྨང་ནས་“ངའི་གམ་དུ་གཅར་རོགས་”ཞེས་བཤད་ཁག་ཀྱང་། ཤོད་ཐུབ་པ་བྱུང་ཞིང་གཞོན་མ་དེ་ཡང་ཁོའི་གམ་དུ་གཅར།སྤྱིར་ན་དང་ཐོག་
གཞོན་མས་ཀྱང་རང་གི་ལག་པ་གཅིག་གིས་གདུགས་ཡུ་འཛིན་འདོད་མོད། མི་མངོན་པའི་ཤུགས་ཤིག་གིས་ཆར་གདུགས་འོག་ཏུ་འདུག་མི་བཟོད་པར་ཕྱིར་ཁྲིད་འགྲོ།

ཁོང་གཉིས་པར་ལེན་ཁང་དུ་ཐོན་བྱུང་།གཞོན་པའི་ཡབ་ལགས་ནི་ཕོ་ཉ་ཞིག་ཡིན་སྟབས།མི་འགྱང་བར་ཐག་རིང་ཞིག་ཏུ་ལས་ཀར་འགྲོ་དགོས་པས་འདི་རུ་ཁོ་གྱེས་ཁར་སྐྱེས་སུ་འབུལ་རྒྱུའི་འདྲ་པར་ལེན་དུ་ཡོང་བ་ཡིན།

“རྣམས་པ་གཉིས་ཀ་འདིར་བཞུགས་རོགས།”པར་བས་རྐུབ་སྟེགས་ཤིག་ལ་མཛུབ་མོ་གེར་ནས་དེ་ལྟར་བཤད།གཞོན་པ་གཞོན་མ་དང་ལྷན་དུ་ཙོག་པུར་འདུག་ཐབས་མ་བྱུང་བས་མོའི་རྒྱབ་ཏུ་ལངས་ཏེ་བསྡད།པར་གྱི་ཐོག་ཏུ་ཁོང་གཉིས་བབ་ཆགས་པོ་ཡོང་ཕྱིར་གཞོན་པས་རྐུབ་སྟེགས་ལ་འཇུས་ཏེ་ཡོད་པའི་ལག་པ་དེ་གཞོན་མའི་བརླ་ཐོག་ཏུ་དལ་མོར་བཞག   འདི་ནི་ཁོ་རང་ཁོ་མོའི་ལུས་ལ་རེག་ཐེངས་དང་པོ་ཡིན།ཁོའི་ལག་མཐིལ་དྲོད་ལམ་ལམ་དུ་གྱུར་ཅིང་མོའི་ཤ་དྲོད་ཚོར་བས་ཡུད་ཙམ་ལ་བཅུ་དྲུག་ལང་ཚོ་རྫོགས་པའི་གཞོན་མར་དམ་པོར་འཁྱུད་པའི་སྣང་བ་བྱིན། མི་ཚེ་ཧྲིལ་བོ་འདྲ་པར་དེ་མཐོང་ཐེངས་རེར་ཁོས་ཁོ་མོའི་ལུས་དྲོད་ཡིད་ལ་དྲན་ཡོང་།

“ད་རུང་པར་གཅིག་བརྒྱབ་ན་བཟང་ངམ།ཁྱེད་གཉིས་ཀྱི་ལག་པ་ཕན་ཚུན་གྱི་ཕྲག་པར་འཇུས་ཏེ་སྡོད་དང་། ཁོག་སྟོད་ཀྱི་པར་ཞིག་ལེན།”གཞོན་པས་འཐད་པའི་རྣམ་འགྱུར་གྱིས་མགོ་སྒུར་ཙམ་བྱས།

“སྐྲ”གཞོན་པས་གཞོན་མ་དེར་སྐད་དམའ་མོས་དེ་ལྟར་བཤད་ཙམ་བྱས་པ་ན་གཞོན་མས་ལམ་སང་མགོ་དགྱེས་ཏེ་གཞོན་པར་ལྟ་ཙམ་བྱས་པ་དང་་གདོང་ལ་འཛུམ་ཞིག་ཤར་ཞིང་མིག་ལ་དགའ་བའི་འོད་ཅིག་འཚེར་བཞིན་སྤྲོ་ལྷང་ལྷང་གིས་བྱིས་པ་སྙིང་རྗེ་བོ་ཞིག་དང་འདྲ་བར་ཡག་དོད་སའི་ཁང་མིག་དེ་རུ་འཛུལ་སོང་།

གཞོན་མས་གཞོན་པ་སྒོ་རུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་མཐོང་བས་མྱུར་མོར་སྐྲ་ལ་ཡག་དོད་དེ་མགྱོགས་མོར་སྒོར་བུད།ཁོ་མོའི་སྐྲ་ནི་སྐྱུར་སྟར་གྱི་ཚེར་མ་དང་འདྲ།གཞོན་མ་དུས་རྒྱུན་སྐྲ་རྫོབ་པོ་འདི་ལ་དེ་འདྲ་དགའ་བོ་མེད་ལ་གསར་བུ་འདིའི་མདུན་དུ་གྱེན་དུ་གཟེང་བའི་སྐྲ་ལ་ཡག་ཙམ་དོད་ཀྱང་ད་རུང་ཡིད་ཚིམ་པ་ཞིག་མ་བྱུང་།གཞོན་པས་ཀྱང་ཁོ་མོར་ཁྱེད་ཀྱི་སྐྲ་རྫོབ་པ་ལ་ཨང་ཞེས་བཤད་ན་ཁོ་མོར་མཚང་བྲིས་པ་རེད་བསམས།

ཡག་དོད་སའི་ཁང་མིག་ཏུ་འཛུལ་སོང་བའི་གཞོན་མ་དེའི་བཞིན་རིས་ཀྱིས་གཞོན་པ་དེར་ཡང་བདེ་སྐྱིད་གང་མང་སྦྱིན་སོང་ལ་ཁོང་གཉིས་ཕན་ཚུན་ལ་ཧ་ཅང་རྒྱུས་ཡོད་ཀྱི་ངང་རྐབ་སྟེགས་སུག་རིང་སྟེང་ཕན་ཚུན་འཁྱུད་དེ་བསྡད།

པར་ལེན་ཁང་ནས་སྒོར་འབུད་པའི་སྐབས་སུ་གཞོན་པས་གཡས་བསྙབས་གཡོན་སྙོབ་ཀྱིས་ཆར་གདུགས་བཙལ་བཞིན་པའི་སྐབས་གླགས་དེར་རང་གི་ཆར་གདུགས་གཞོན་མས་བཟུང་སྟེ་སྒོར་བུད་འདུག་པ་མཐོང་བའི་སྐད་ཅིག་མ་དེར།གཞོན་མས་ཀྱང་གཞོན་པས་མོར་བལྟས་འདུག་པ་མཐོང་ཞིང་ད་གཟོད་མོས་གཞོན་པའི་ཆར་གདུགས་ཁྱེར་ནས་ཐོན་ཡོད་པ་ཚོར་ཏེ་འཚབ་འཚུབ་ལངས། མཉམ་འཇོག་མི་བྱེད་པའི་རྣམ་འགྱུར་འདི་ལྟ་བུས་ཆར་གདུགས་དེ་ནི་ཁོའི་ཡིན་པ་མོས་ཚོར་ཟིན་པ་བདེན་དཔང་བྱེད་ཐུབ་བམ།

གཞོན་པས་ཆར་གདུགས་ངས་ཁྱེར་ཆོག་ཅེས་བཤད་མ་སྤོངས་ཤིང་གཞོན་མས་ཀྱང་ཆར་གདུགས་གཞོན་པའི་ལག་ལ་སྤྲོད་མ་ནུས། ཡིན་ནའང་། སྐབས་འདིར་ཁོང་གཉིས་པར་ལེན་ཁང་དུ་ཡོང་སྐབས་དང་མི་འདྲ་བར་གློག་རྡེག་ཏུ་ལོ་ན་ཆེར་སོན་འདུག་སྟེ་ཁོང་གཉིས་ཁྱོ་ཤུག་ཡིན་པ་ལྟར་ཕྱིར་འགྲོ་བའི་ལམ་དུ་ཞུགས།འདི་ནི་ཆར་གདུགས་ཤིག་གི་གཏམ་རྒྱུད་ཁོ་ནའོ།།

                                                                   2015/10/9ལ་བསྒྱུར།

2016/5/3ལ་དག་བཅོས་བྱས།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།