རྒྱབ་གཟུགས་ཀྱི་སྟོབས་ཤུགས།

ཀུན་དོན། (རྔ་བ)

86d6277f9e2f0708d85c39d6eb24b899a801f28f
མི་ཞིག་གི་བསམ་པ་ཤིན་ཏུ་རྟོགས་དཀའ་སྟེ།ཏག་ཏག་དེ་ཡིས་སྡུག་བསྔལ་དང་སེམས་ཁུར་འབའ་ཞིག་བསྐྱལ་ལོ།།ངས་ནམ་ཡང་རང་ཉིད་ནི་གཙང་བའི་མཚོ་ཞིག་གམ་གཏིང་ཟབ་པའི་མཚེའུ་ཞིག་ཡིན་བསམས་ཅིང་།ཚེ་རིས་མཚོ་ནི་ངའི་ཕྱི་ནང་གསང་གསུམ་ལ་རྒྱུས་ཡོད་པའི་གཞི་བདག་རང་ཡིན་པར་འདོད།དོན་དངོས་སུ་ས་བོན་དཀར་པོ་ལ་འབྲས་བུ་དཀར་པོ་སྐྱེ་བའང་མ་ཡིན་ཏེ།དེ་ནི་ཞིང་ལ་འདེབས་པའི་ལྡུམ་ཚལ་མང་པོ་ཞིག་དང་འདྲའོ།།

ད་ནངས་ཞོགས་སྔ་ངས་རང་གི་སྔས་འགྲམ་གྱི་ཉིན་ཐོ་འབྲི་དེབ་མི་འདུག་པ་ཤེས་རྗེས།འཚབ་འཚུབ་དང་བློང་བློང་བོར་གཡས་གཡོན་གང་དུ་བཙལ་ཀྱང་རྙེད་མ་སོང་།ངས་ཞིབ་ཏུ་བསམས་རྗེས།དེ་ནི་རང་གི་བཞག་བརྗེད་ཅིག་ཡིན་པའི་སེམས་གསོ་བྱས་ཙང་།ཉིན་ཐོ་ནི་མ་གཞི་ནས་གསང་བ་ཞིག་ཡིན་པས།བློ་བདེ་ལ་འབབ་ཐབས་རང་མ་བྱུང་མོད།ཅི་བྱ་གཏོལ་མེད་དུ་གྱུར་ཏོ།།

གཟའ་མཇུག་གི་འཚོ་བ་ནི་བདེ་གཡེང་བག་ཕེབས་ཤིག་རེད་ལ་ང་ལ་མཚོན་ན་དེ་བས་ཀྱང་དུས་ཚོད་ཐུང་ཐུང་ཞིག་རེད།གལ་ཏེ་སུ་ཞིག་གིས་ང་ལ་སློབ་གྲྭའི་འཚོ་བ་ལས་གང་ནི་བརྗེད་ཐབས་མེད་དམ་ཞེས་དྲིས་ན་ངས་ནི་ཐེ་ཚོམ་མེད་པར་དོན་གྲུབ་དང་ངེད་གཉི་གའི་དོན་ལས་ཀྱང་གཟའ་ཉི་མ་ནི་བརྗེད་ཐབས་མེད་དོ་ཞེས་ལན་ལྡོན་ནོ།།རྒྱུ་མཚན་ནི་དོན་གྲུབ་དང་ངེད་གཉིས་ཀྱི་བརྩེ་དུངས་དང་ང་དང་ཚེ་རིས་མཚོ་གཉི་གའི་བརྩེ་འདང་གི་གཏམ་རྒྱུད་མང་པོ་ཞིག་ཀྱང་གཟའ་མཇུག་དང་དམ་པོར་འབྲེལ་ཡོད་པས་ཡིན།

དོན་གྲུབ་དང་ངེད་གཉིས་ཀྱིས་དགའ་རོགས་བསྒྲིགས་པའི་དོན་ནི་ངའི་གྲོགས་མོ་བཟང་ཤོས་ཚེ་རིས་མཚོས་ཀྱང་རབ་རུབ་མག་མོག་ཅིག་ལས་རྒྱུས་མི་ཆེ་སྟེ།དོན་གྲུབ་གླེང་ཚེ།ཁོ་མོ་ནམ་ཡང་བཤོལ་ཐབས་ལྟ་བུས་ཁ་བརྡ་གཞན་ཞིག་ལ་བསྐོར་ནས་འགྲོའོ།།དང་ཐོག་ངས་དེ་ནི་ཁོ་མོས་བཤད་པ་ལྟར་བརྩེ་དུངས་ཀྱིས་སློབ་སྦྱོང་ལ་བར་ཆད་བྱེད་པ་རེད་ཟེར་བས་ཡིན་ནམ་སྙམ་ནས་ཡང་ཡང་ཅི་ཡང་མ་སྨྲས།བརྩེ་དུངས་ཀྱིས་སློབ་སྦྱོང་ལ་གནོད་པ་རེད་ཅེས་པར་ང་རང་ཡིད་འཐད་ཅི་ཡང་མི་བྱ་སྟེ།རྒྱུ་མཚན་ནི་ང་རང་གི་ལག་ལེན་གྱིས་ར་སྤྲོད་བྱས་པས་སོ།།ང་ནི་ཕྱི་ནས་བལྟས་ན་སློབ་སྦྱོང་ལ་དེ་འདྲའི་སྡུག་རུས་མི་བྱེད་པའི་རིགས་ཏེ།ལྷག་པར་སློབ་ཕྱིའི་དཔེ་ཆ་ལ་ལྟ་བར་སྤྲོ།དེ་འདྲ་སྨྲས་ཚེ།ཁྱེད་ཀྱིས་ང་ནི་རྒྱུགས་སྐར་ཞན་པའི་སློབ་མ་ཞིག་ཡིན་འདུག་ཨང་སྙམ་ན་དེ་ཡང་ནོར་བ་སྟེ།ངས་སློབ་སྐབས་རེ་རེར་སློབ་དངུལ་མ་ལོན་པ་ཕལ་ཆེར་མེད་དེ།དེ་ལས་ཀྱང་མང་ཤས་ནི་ལོ་རིམ་རང་བཞིན་གྱི་ཨང་དང་པོ་ཡིན།དེའི་སྟབས་ཀྱིས།དགེ་རྒན་དང་སློབ་གྲོགས་མང་པོས་ལན་རེར་ང་ལ་དོགས་པ་ཟ་བའི་ཚུལ་འཛིན་ནའང་།ང་རང་གྲངས་རིག་དང་དབྱིན་ཡིག་ལ་སྲ་བ་དེས་ཚང་མ་ལ་གསལ་བཤད་བྱས་ཡོད་པ་རེད།དེ་ནི་ངས་སྐར་མ་ཟ་བའི་ཐབས་ཤིག་སྟེ།སློབ་གྲོགས་ཕལ་ཆེར་སྐྱོ་ས་ནི་གྲངས་རིག་དང་དབྱིན་ཡིག་གཉིས་རེད་པས་གལ་སྲིད་བསླབ་ཚན་དེ་གཉིས་ལ་སྲ་བས་གཞན་པ་དང་བསྡུར་ན་ལྟོས་བཅས་ཀྱི་སྐར་མ་མཐོན་པོ་ལོན་ཐུབ་གི་འདུག དེ་བས་དགེ་རྒན་ལ་ཤས་ཀྱིས་སློབ་མ་ཚོར་ངས་ཇི་ལྟར་སློབ་སྦྱོང་བྱེད་ཚུལ་ལ་སློབ་སྦྱོང་བྱོས་ཟེར་ནས་སློབ་གསོ་གཏོང་བར་ཡང་བྱེད་མོད།སློབ་མ་ཚོས་ང་དང་འདྲ་བར་སློབ་སྦྱོང་བྱས་ཚེ་ཁོ་ཚོའི་འབྲས་བུ་ཇེ་སྡུག་ཇེ་ཐུ་རུ་འགྲོ་བ་ལས་མེད་ཅེས་འཁང་ར་བྱེད་པ་ནི་ངའི་ཕྱི་ཚུལ་ཙམ་ལས་མ་མཐོང་བས་ལན་པ་རེད་འདོད།གལ་ཏེ་མི་ཞིག་ལ་རྒྱུས་ལོན་བྱེད་འདོད་ཚེ།མི་དེའི་ཉིན་རྒྱུན་གྱི་འགྲོ་འདུག་འཆག་ཉལ་ཙམ་ལ་མིག་འཚོས་པས་མི་ཆོག་པར།གསར་འགོད་པ་བཞིན་དེ་ལ་ཁ་བརྡ་དང་འབྲེལ་འདྲིས་མང་པོ་བྱེད་དགོས་ས་རེད།འོན་ཀྱང་།མི་ལ་ཤས་ཤིག་ནི་ཇི་ལྟར་འགྲོས་ན་དེ་ལྟར་རྒྱུས་མི་ལོན་པའམ་སྔར་བས་རབ་རུབ་ཏུ་འགྱུར་འགྲོ།

ངས་ཇི་ལྟར་འདང་བརྒྱབ་ཀྱང་།དོན་གྲུབ་དང་ངེད་གཉིས་ཀྱི་གཏམ་རྒྱུད་དེའི་འབྱུང་རྐྱེན་ནམ་མགོ་སློང་མཁན་སུ་ཞིག་ཡིན་ཚུལ་མི་ཤེས་པར་འདུག དེ་འདྲ་ཡིན་ཡང་།ངེད་གཉིས་བར་ལ་ཡུལ་དུས་ཀྱིས་མི་བསྐལ་བའི་གཟུགས་མེད་ཀྱི་འབྲེལ་ལམ་ཞིག་གིས་ནམ་ཡང་དམ་པོར་སྦྲེལ་འདུག་པའང་རྒྱུ་མཚན་ཤིན་ཏུ་མང་པོ་ཞིག་གིས་འགྲེལ་ཐུབ།ནག་མོ་འཁོལ་དང་དཔྱིད་ལྡན་མ་གཉིས་ནི་ཕན་ཚུན་ལ་བརྩེ་འདང་དེ་འདྲའི་ཟབ་མོ་འདུག་ནའང་།ཁོ་གཉིས་ཀྱི་བརྩེ་དུངས་ནི་ཁོ་རང་གཉིས་ཀྱིས་མཉམ་དུ་སྤར་བའི་འོད་ཀྱི་ཕུང་བོ་དེ་མ་ཡིན་པར།དེ་ནི་གླེན་པ་ཞིག་ཐབས་ཀྱིས་བྲིད་ཅིང་སྲས་མོ་ཞིག་གཡོ་འོག་ཏུ་ཚུད་པའི་གནས་ཚུལ་ལས་མགོ་བསླངས་པ་ཅིས་ཀྱང་བསྒྱུར་དུ་མེད།འོན་ཏང་།དོན་གྲུབ་དང་ངེད་གཉིས་ཀྱི་བརྩེ་དུངས་ནི་ཐོག་མ་ནས་གནས་ལུགས་མེད་པའི་ཕར་དགའ་ཚུར་དགའ་ཞིག་གམ།ཟུར་མིག་དང་དྲན་པ་ལས་མགོ་འབུས་པའི་མྱུ་གུ་སྔོན་པོ་ཞིག་ཡིན་པས།ངེད་གཉིས་ཀྱིས་ནམ་ཡང་རང་གཉིས་ནི་སྐྱེ་བ་སྔོན་མ་ནས་བཀོད་སྒྲིག་བྱས་ཟིན་པའི་ད་ངོགས་ཀྱི་ཁྱོ་ཤུག་ཟུང་ཞིག་ཡིན་པར་ཡིད་ཆེས་བྱས་པ་ཡིན།དོན་གྲུབ་ནི་བོད་ཡིག་གི་ཆུ་ཚད་ཧ་ཅང་བཟང་བའི་སློབ་བུ་ཞིག་སྟེ།ཁོས་ནམ་ཡང་རྒྱུགས་འབྲས་ནི་ང་རང་འཆིང་སྡོམ་བྱེད་པའི་ཞགས་པ་དེ་ཡིན་ནོ་ཞེས་ང་ལ་ཁ་མཚར་དང་ཀུ་རེའི་ཟུར་ཟ་བྱེད་ལ།”ང་ནི་རྩོམ་པ་པོ་ཞིག་བྱེད་དགོས”་ཞེས་ང་ལ་ཡང་ཡང་བྲིས་པའང་དོན་དངོས་ཡིན།ཁོ་རང་སྙན་ངག་པ་ནག་མོ་འཁོལ་ལ་ཤིན་ཏུ་དགའ་སྟེ།ནམ་རྒྱུན་བདག་གི་ཡིག་ཟམ་༼ངེད་གཉིས་ཀྱིས་འཕྲིན་ཕྲན་དང་QQསོགས་ལས་འབྲེལ་བ་མི་བྱེད་དེ།ཡིག་ཟམ་ནས་འཕྲིན་ཡིག་བསྐུར་ནས་ཕན་ཚུན་ལ་འབྲེལ་བ་བྱེད་དོ།།༽དུ་བསྐུར་བའི་འཕྲིན་ཡིག་ཕལ་ཆེར་གྱི་ནང་དུ་སྤྲིན་གྱི་ཕོ་ཉ་ལས་དྲངས་པའི་ཤོ་ལོ་ཀ་རེ་ཟུང་འབྲི་བ་ཡོད་དོ།།ཁོ་རང་གིས་ང་ལ་སྙན་ངག་བྲིས་ནས་བརྩེ་དུངས་ནི་རླབས་ཆེ་བའི་བསམ་པ་བརྗོད་ཅིང་བརྩེ་དུངས་ཀྱིས་ཁོ་ལ་རྩོམ་ཡིག་འབྲི་བའི་ཁུངས་སྣེ་སྦྱིན་ཞེས་ཀྱང་བཤད།ངས་ཀྱང་འཕྲིན་ཡིག་ནང་དུ་འུ་གཉིས་ནི་བརྩེ་དུངས་ཀྱི་མཚོན་བྱེད་ཡིན་ཞེས་ཡང་ཡང་གླེང་མྱོང་།མཚམས་འདིར།ཀློག་པ་པོ་ཁྱེད་ནི་ངེད་གཉི་གའི་འཕྲིན་ཡིག་ལ་ལྟ་མོས་ཀྱིས་ཡི་གེ་འདི་དག་འཕྲིན་ཡིག་ཏུ་འགྱུར་ན་སྙམ་པ་ངེས་པར་སྲིད་པས།ངས་ཀྱང་འདིར་སྔོན་ཆད་ཀྱི་འཕྲིན་ཡིག་རེ་ཟུང་དགོད་པར་བྱ།ཡིན་ཡང་དེ་ནི་དགོས་དབང་གི་ཞར་བཀོད་ཙམ་ལས་ངོམས་སོ་སོགས་གང་ཡང་མིན།གལ་ཏེ་ཁྱེད་ཀྱིས་ཡུའུ་ཅེ་ཡི་བརྩམས་སྒྲུང་དྲི་ཞིམ་རྩྭ་ཡི་རི་བོ་ཞེས་པ་བཀླགས་མྱོང་ཡོད་ཚེ།ངེད་གཉིས་ཀྱི་འཕྲིན་ཡིག་ནི་ནང་དོན་དབུལ་བའི་ནེ་ཙོའི་མ་ཎི་ཞིག་ཡིན་པའི་སྣང་བ་སྟེར་ཀྱང་སྲིད་དེ།མ་མཐའ་ང་རང་ནི་དྲི་ཞིམ་རྩྭ་ཡི་རི་བོ་ཡིས་ཡིད་རབ་ཏུ་གཡོས་པས་དེ་དག་དང་བསྡུར་ན་ངེད་གཉིས་ཀྱི་འཕྲིན་ཡིག་ནི་ཀློག་རིན་མེད་པ་ཞིག་ཡིན་ཡང་ལོས་ཡིན།འོན་ཀྱང་།དོན་གྲུབ་ཀྱི་འཕྲིན་ཡིག་ལ་ལྟ་རིན་ཡོད་ཀྱང་གཤིས།

“བུ་མོ་ཁྱེད་ཀྱི་གམ་དུ།
ངས་ཁྱེད་ཀྱི་མིང་འབྲི་བར་མི་སྤོབས་ཏེ།ཅིག་ཏུ་ན་ཁྱེད་ཀྱི་མིང་བྱང་དེ་ང་ལ་དབང་མིན་ཡང་ཅི་འཚལ།ང་ལ་མཚོན་ན།ཁྱེད་ཀྱི་མིང་བྱང་ནི་ཟིལ་ཤུགས་སྟོང་གིས་ཡིད་སེམས་སྒུལ་བའི་བླ་མེད་ཀྱི་དཀོན་མཆོག་སྟེ།མིང་ཙམ་ཐོས་ཀྱང་སྤུ་ལོང་གཡོ་བ་བྱེད།
ཐེ་ཀོར་གྱིས་འཇིག་རྟེན་འདིར་ཆེས་རིང་བའི་བར་ཐག་ནི་ཉ་མོ་དང་བྱ་ཡི་བར་ཐག་རེད་ཟེར།རྒྱུ་མཚན་ནི་ཉ་མོ་ནི་མཚོ་དང་བྱ་ནི་ནམ་མཁར་ཡོད་པས་སྨྲ།དེ་འདྲ་ཡིན་ཚེ།ཉ་མོ་བདག་གི་བྱ་ནི་ཁྱེད་རང་ཡིན་པ་གདོན་མི་ཟ་སྟེ།ང་ལ་མཚོན་ན་ཁྱེད་ནི་འཇིག་རྟེན་འདིར་བདག་དང་བར་ཐག་རིང་ཤོས་ཀྱི་མི་དེ་ཡིན་པས་སོ།།ཏན་ཏན་དེ་རེད་པས།ངས་ཀྱང་སྒྲ་ཡིས་ཟིན་དུ་མེད་པའི་བར་ཐག་ལ།ཡི་གེ་བསྐུར་དགོས་བྱུང་སོང་།འོན་ཀྱང་།བར་ཐག་ག་འདྲ་ཡིན་ཡང་།དེ་ནི་སྟོང་བའི་ནམ་མཁའ་རང་མིན་པས།ང་ལ་བར་ཐག་ཆུང་དུ་གཏོང་བའམ་ཐ་ན་མེད་པར་བྱ་བའི་སྤོབས་སེམས་ཡོད་ཅིང་བྱ་ཁྱེད་རང་ངང་བ་དཀར་མོ་ཞིག་ཏུ་བསྒྱུར་ཐུབ་པའི་ཡིད་ཆེས་ཀྱང་ཡོད་དེ།བདག་སེམས་སུ་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ནི་རང་གྲོལ་གྱི་རིགས་ཞེན་དང་ཡེ་མི་འདྲ་བར།དེ་ནི་ཁྱེད་རང་སྒོམ་པའི་སྟོབས་ཤུགས་འབའ་ཞིག་གོ།།གལ་ཏེ་སུ་ཞིག་གིས་ཁྱོད་ནི་རང་རིགས་ལས་ཀྱང་བུ་མོ་ཞིག་དགའ་འམ་ཞེས་སྡིགས་མོ་བྱེད་ཚེ།ང་རང་དགོད་ཞོར་དེ་ལ་ང་ནི་ཨ་ཝནྟའི་རྒྱལ་པོ་ཨུ་ད་ཡ་ནུ་བྱེད་པར་མོས་སོ་ཞེས་ལན་གདབ་པོ།།གནས་ལུགས་དང་རིན་ཐང་ནས་གླེང་ཚེ།དེ་ནི་ལྟ་ཚུལ་ནོར་བ་ཞིག་ཡིན་སྲིད་ཀྱང་། སྙན་ངག་པས་ནམ་ཡང་སྒྱུ་རྩལ་ནི་བདེན་པ་གསེར་ལས་ཀྱང་ཐུ་བར་རློམ་པ་བཞིན་བརྩེ་དུངས་ནི་བདག་གི་ཆེས་བཀུར་འོས་པའི་མེས་པོ་ཞིག་ཡིན།གལ་ཏེ་ཁྱེད་ཀྱང་རློམ་ཐབས་བྲལ་བའི་སྒོ་ནས་ང་ལ་ཁྱོད་ནི་ཡིད་དུ་འོང་བའི་ཧྲ་སི་པེར་གྱི་སྤྲོ་གར་ལ་བཟི་འདུག དོན་དངོས་ཀྱིས་དེ་འདྲ་ཐུབ་ཀྱི་མ་རེད་ཟེར་ན།ངས་ཡིད་གཉིས་དུམ་བུར་ཕྱེས་ནས།དད་པ་ནི་བདག་གི་བདེན་དཔང་བྱེད་ཆོག་པའི་ཐ་ཚིག་སུ་ལའང་བསྒྲག་ཆོག ཁྱེད་ཀྱིས་ད་དུང་ང་ལ་རྒྱུ་མཚན་ཁྲལ་ཁྲོལ་འབའ་ཞིག་གིས་འཁང་ར་བྱེད་ཚེ།ངས་ཅི་ཞིག་བྱེད་དམ།འོན་ཀྱང་།མི་སེམས་ཀྱི་རླབས་རིས་སྐྱོམ་པའི་མི་འཇིག་པའི་སྙན་དངགས་དང་བརྩམས་སྒྲུང་མང་ཤས་ནི་རླབས་ཆེ་བའི་བརྩེ་དུངས་ལས་མ་འབུས་པ་ཅི་འདྲའི་དཀོན་ཨང་།དེ་བཞིན།ངས་ནི་ནམ་ཡང་བརྩེ་དུངས་ཀྱིས་བདེ་སྐྱིད་བསྐྲུན་ཐུབ་པ་ལས་སྡུག་བསྔལ་བསྐྱེད་པར་ཡིད་མི་ཆེས།ཡང་ཁྱེད་ཀྱིས་ནག་མོ་འཁོལ་གྱི་དཀའ་སྡུག་གི་དྲན་གདུང་ནི་བརྩེ་དུངས་ཀྱིས་བཟོས་པ་མིན་ནམ་ཞེས་དྲི་བ་བྱེད་ན།ངས་ཀྱང་ཨུ་ཚུགས་མི་བྱེད་པར་དེ་ཉིད་ཁས་ལེན་རྒྱག་དགོས་ནའང་།ངོས་གཞན་ཞིག་ནས་ཞིབ་འདང་བརྒྱབ་ཚེ།ནག་མོ་འཁོལ་གྱི་དྲན་གདུང་ནི་རིན་དོད་དུ་འབུལ་འོས་པའི་ཡང་དག་གི་སྨྲེང་པ་སྟེ།དེ་འདྲ་ནི་རླབས་ཆེན་གྱི་བརྩེ་དུངས་མ་གཏོགས་གང་གིས་ཀྱང་བཟོ་ཐུབ་ཀྱི་མེད་པས་དེ་ནི་ད་གདོད་བརྩེ་དུངས་ཀྱི་བདེན་པ་ཡིན་པ་ལས་དེ་ཉིད་བརྩེ་དུངས་ཀྱི་ཞན་ཆ་ཞིག་ཏུ་ངོས་འཛིན་བྱེད་པ་ནི་ཤིན་ཏུ་རྨོངས་སོ།།
གང་ལྟར།ང་ནི་མཐའ་གཅིག་ཏུ་བརྩེ་དུངས་ལ་གུས་པར་བྱ་བའི་མི་ཞིག་ཡིན་ལ།ཁྱེད་རང་མིག་གིས་འཚོ་བའི་རྫི་བོ་ཞིག་ཀྱང་ཡིན་པས།འཕྲིན་ཡིག་འདི་དབང་མེད་སེམས་ཀྱིས་སྦྲན་པའི་དན་རྟགས་འབའ་ཞིག་ལ་བཅོལ་ནས་བྲིས་པ་ཡིན།
དོན་གྲུབ་ཀྱིས།
འཕྲིན་འདི་གཞན་སུ་ལའང་མི་སྟོན་པའི་རེ་བ་དང་བལྟས་རྗེས་མེད་བརླག་བྱ་བའི་ཞུ་བ་བཅས།”

དེ་ནི་དོན་གྲུབ་ཀྱིས་ང་ལ་བྲིས་པའི་ཡི་གེ་སྔ་ཤོས་དེ་ཡིན་ལ།ཏག་ཏག་ངས་ཉིན་ཐོ་རུ་ཟ་ཟུར་མང་པོ་ནས་ཁོ་རང་གླེང་གིན་པའི་སྐབས་ཀྱང་ཡིན།འོན་ཀྱང་།ངས་འཕྲིན་ཡིག་དེ་མཐོང་མ་ཐག་སེམས་སུ་སྐྱུ་རུ་རུ་འདྲ་བཟོས་སོང་།ཁོས་འཕྲིན་ཡིག་ཏུ་ང་ལ་ཅི་འདྲའི་དགའ་ཚུལ་དང་ཇི་ལྟར་དགའ་ཚུལ།ཅིའི་ཕྱིར་དགའ་ཚུལ་སོགས་མ་བྲིས་པར་བརྩེ་དུངས་མེད་པའི་ཆུ་གཞོང་པ་གང་དང་འདྲ་བར་ཐད་ཀར་གནས་ལུགས་འདྲ་མང་པོ་ཞིག་བྲིས་པ་ལྟ་བུར་སྣང་བས།ངའི་སེམས་སུ་རང་གི་ལག་ཏུ་འཐོབ་དགོས་པ་ཞིག་ཐོབ་ཀྱང་།འཐོབ་འདོད་པའི་ཚིག་གི་རྣ་ཆ་སོགས་གང་ཡང་མི་འདུག་པར་བསམས་མྱོང་།

“སྙིང་ཉེ་བའི་དོན་གྲུབ་ལགས།
ཁམས་བདེ་ལས་ཞུ།
ངས་ཁྱེད་ཀྱི་འཕྲིན་ཡིག་མཐོང་མ་ཐག་སེམས་སུ་ནོན་ཐབས་བྲལ་བའི་དགའ་བ་ཞིག་གིས་ཡང་ཡང་སྒུལ་སོང་།དེ་ནི་དངོས་གནས་རང་གི་ཉིན་ཐོ་རུ་རེ་སྨོན་བྱས་པའི་སེམས་ཀྱི་ནོར་བུ་དེ་ལག་སོན་བྱུང་བའི་སྤྲོ་བ་འབའ་ཞིག་གོ།།
དང་ཐོག་ངས་ཁྱེད་ཀྱི་འཕྲིན་དེ་བཀླགས་རྗེས་དགའ་བ་རྩེར་སོན་པ་ཞིག་ཡིན་མ་སོང་།ད་ལྟ་བསམས་ན།དེ་ནི་རང་གིས་ཁྱེད་ཀྱི་འཕྲིན་དེའི་ནང་དོན་ལ་གོ་བ་མ་ལོན་པ་ཞིག་ཡིན་འདུག ཁྱེད་ཀྱིས་ངའི་མིང་བྱང་ནི་ཁྱེད་རང་གི་སེམས་པ་གཡོ་བའི་དཀོན་མཆོག་ཅིག་ཡིན་པས་ཚོད་ཚོད་ལ་གླེང་བར་མི་སྤོབས་སྨྲ།འོན་ཀྱང་ངའི་མིང་བྱང་ལ་དེ་འདྲའི་རིན་ཐང་ཅི་ཡང་མེད་དེ།དེ་ཉིད་ད་ནས་ཁྱེད་རང་ལ་དབང་བའི་ཡིག་འབྲུ་བཞིན་གང་དགར་སྤྱོད་དང་ང་ནི་ཤིན་ཏུ་དགའོ།།ང་ལ་མཚོན་ན།ཁྱེད་ཀྱི་མིང་བྱང་ནི་དེ་ལས་ལྡོག་སྟེ་ནམ་ཡང་མ་ཎི་བཞིན་ཁ་ནས་བཟློ་བར་སེམས།སློབ་ཆུང་གི་སྐབས་སུ།ངའི་འདུག་རོགས་ལ་དོན་གྲུབ་ཟེར་བའི་ཞི་ལུ་པྲ་ཆལ་སྦྱངས་འབྲས་མི་སྲ་བ་ཞིག་ཡོད་དེ།དགེ་རྒན་གྱིས་སྦྱངས་འབྲས་སྲ་ཤོས་དང་ཞན་ཤོས་གཉིས་ཕན་ཚུན་ལ་རོགས་རམ་བྱེད་བདེ་བའི་ཆེད་དུ་འདུག་ས་བཀོད་སྒྲིག་བྱས་པ་ནས།ཁོ་ནི་ངའི་བརླ་ཐོག་དང་འཕོང་ཚོས་ལ་རེག་ཐེངས་མང་བའི་མི་སྟེ།ནམ་རྒྱུན་ང་ལ་གཙེ་གཙེ་རང་བྱེད་པས།ང་རང་ད་ལྟའང་བརྗེད་ཐབས་མེད་པའི་སྙིང་ནད་ཅིག་གིས་ཁོ་རང་རྫོང་བོད་ཡིག་སློབ་འབྲིང་དུ་ཞུགས་མ་ཐུབ་པར་དགའ་བ་སྐྱེས་ཀྱིན་ཡོད།ཁོས་ནམ་ཡང་ངའི་འགྲམ་ནས་ཆུང་མ་དང་དགའ་མ་ཞེས་ཚོད་མེད་དུ་ཐ་སྙད་མང་པོ་ཞིག་ལ་རྡོག་བརྫིས་གཏོང་ནའང་།ང་རང་སྤོ་ལངས་པ་ལས་བྱ་ཐབས་བྲལ།དེ་དུས་ཀྱི་དོན་གྲུབ་དང་ད་ལྟའི་ཁྱེད་གཉིས་ནི་ཨེན་ཙམ་ཡང་མི་འདྲ་ནའང་།མཚམས་འདིར་ཞིབ་ཏུ་ཕྱིར་དྲན་ཞིག་བྱས་ཚེ།དེ་དུས་ཀྱི་དོན་གྲུབ་དང་དགའ་མ་ནི་དེ་རིང་གི་འུ་གཉིས་ལ་གཟས་ནས་སྨྲས་པ་དང་ཨ་ན་མ་ན་མ་རེད་དམ།ངོ་མ་དོན་དག་ལ་ཤས་ཤིག་ནི་དེ་འདྲའི་ཁྱད་མཚར་པོ་རེད་ཨང་།
ངས་ཁྱེད་རང་གི་དོན་དག་མང་པོ་ཞིག་གཞན་པའི་ཁ་ནས་ཐོས་ཡོད།དཔེར་ན།ཁྱེད་རང་རྩོམ་ཡིག་འབྲི་བར་ཤིན་ཏུ་དགའ་ཞིང་སྔོན་ཆད་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཐོག་ཏུ་ཨང་དང་པོ་ཡང་ལེན་མྱོང་བས་ཁྱེད་རང་སློབ་གྲོགས་ཚོའི་གྲས་ནས་ཀྲོའུ་ཙི་ཆེན་བཞིན་མིང་གྲགས་ཡོད་པས་མི་ཚད་ལྷག་པར་ཁྱེད་རང་ཚོར་རྩོམ་ཡིག་འབྲི་སྦྱོང་གི་ཚོགས་ཆུང་ཞིག་ཡོད་པ་དང་ཁྱེད་ནི་དེའི་མགོ་འཛིན་པ་ཡིན་སྐད།ངོ་མ།ཁྱེད་རང་རྩོམ་ཡིག་ལ་དགའ་བ་བཞིན་ང་རང་ལ་དགའ་བར་སྨོན།རེད་དེ།ངས་གློ་བར་དུ་ཕྱི་རྒྱལ་གྱི་མཁས་པ་ཞིག་གི་སྐད་ཆ་ཞིག་དྲན་ཡོང་།”སྐྱེས་མས་ཁ་ཡིས་སྐྱེས་པ་འཚོལ།སྐྱེས་པས་མིག་གིས་སྐྱེས་མ་འཚོལ”ཞེས་པ་ནི་འུ་གཉིས་ལ་ཅི་འདྲའི་མཛའ་ཨང་།ཁྱེད་ཀྱིས་ང་རང་མིག་གིས་སྒོམ།ང་ཡིས་ཁྱེད་ཀྱི་གཏམ་རྒྱུད་ལ་ཉན།
འོན་ཀྱང་།ང་རང་ཁྱེད་དང་མཇལ་བའི་སྤོབས་སེམས་ནི་དབེན།འགྲོ་འདུག་གོམ་པའི་བར་ནས་ཕན་ཚུན་འཕྲད་ཀྱང་བདག་གི་མགོ་བོ་བཏེགས་པའི་ནུས་ཤུགས་ནི་ཉམས།……ངའི་རེ་བ་ལ།གནས་སྐབས་སུ་ཁྱེད་རང་ང་དང་འབྲེལ་བ་ཅི་ཡང་མེད་པའི་བརྟུལ་ཞུགས་མཛད་རོགས།ངས་འུ་གཉིས་ཀྱི་དོན་དེ་ད་དུང་ཚེ་རིས་མཚོ་ལའང་བཤད་མེད་པས།ངས་འུ་གཉིས་དགེ་སློབ་ཚང་མའི་གླེང་གཞི་རུ་འགྱུར་རམ་སྙམ་ནས་སེམས་ངལ་ཆེ།གལ་ཏེ་གཅིག་ཁྱབ་པ་ཡིན་ན།མྱི་ཁ་སངས་རྒྱས་ཀྱིས་མི་ཆོད་པ་ཁྱོད་ཀྱིས་ལོས་ཤེས།ཨོ…ཁྱོད་ཀྱིས་རང་གི་འཕྲིན་ཡིག་དེ་མེད་བརླག་ཏུ་གཏོང་བར་རེ་བ་བྱས་འདུག་ཀྱང་ལྡོག་སྟེ་ངས་ཉར་ཚགས་ཡག་པོ་བྱས་ཡོད།ངའི་རེ་བ་ལ་ཁྱོས་ཀྱང་ངའི་འཕྲིན་ཡིག་འདི་དག་རང་གི་རྩོམ་གྱི་མ་ཕྱི་བཞིན་ལེགས་པར་ཉར་རོགས་ཞུ།
ཀུན་གྱིས།”

གོང་གི་འཕྲིན་ཡིག་ནི་ངས་ཁོ་རང་ལ་བྲིས་པའི་ཡི་གེ་སྔ་ཤོས་ཏེ།སེམས་སུ་དགའ་སྤྲོས་བརྟས་ཚད་ཆེས་ཆེར་རྒྱས་པས་ད་ལྟ་བསམས་ན་ནང་དོན་ལ་ཤས་ནི་དོན་མེད་བྱུང་རྒྱལ་དུ་སྨྲས་པ་འདྲ།གང་ལྟར།ངས་བུ་མོ་ལ་ཤས་བཞིན་སེམས་སུ་ཉར་བའི་སྙིང་གཏམ་མང་པོ་ཞིག་རང་ཉིད་ཁོ་ན་ལས་ཤེས་སུ་མི་འཇུག་པའི་བཀག་རྒྱ་ལས་བརྒལ་ཏེ་རང་གི་གནས་མལ་དེ་ལ་དྲང་མོར་བཤད་ཐུབ་སོང་བ་དེའི་ཐོག་ནས་ང་ནི་ང་ཡི་ལས་བྱས་ལ་གཟི་བརྗིད་ཀྱིས་འགྱིང་ཆོག་པར་སེམས་སོ།།དེའི་གཞུག་ནས།ངེད་གཉིས་ཀྱིས་འཕྲིན་ཡིག་མང་པོ་ཡིག་ཟམ་བརྒྱུད་དེ་ཕར་བསྐུར་ཚུར་བསྐུར་བྱས་པ་ཡིན་ལ།ཕལ་ཆེར་བདུན་ཕྲག་རེའི་ནང་དུ་མ་མཐའ་ལན་གཅིག་རེ་སྤྲིངས་པ་ཡིན།

“ཀུན་ལ།
ད་རེས་འཚོ་བ་བདེ་པོ་ཡིན་ཤག
ནམ་ཟླ་དགུན་ལ་བསླེབས་པས།རི་བོ་དང་རྩི་ཤིང་ཚོགས་ཀྱང་གྲང་ངར་གྱིས་མ་བཟོད་པར་ངོ་མདོག་འགྱུར་ནས་དེ་འདྲའི་སྙིང་རྗེ་བོ་ཞིག་ཏུ་འདུག་པས།འུ་ཚོ་མིའི་རིགས་ནི་ལྟ་ཅི་ཨང་།ཁྱེད་ཀྱིས་ལྭ་བ་སོགས་མཐུག་པོ་གྱོན་དང་།ཁ་སང་ངས་ཁྱེད་རང་མཐོང་དུས་ཁྱེད་ཀྱིས་ད་དུང་སློབ་མགོ་འཛུགས་དུས་ཀྱི་ལྭ་བ་སྔོན་པོ་དེ་གྱོན་ནས་འདུག་པས་ངའང་རང་ཤུགས་ཀྱིས་ཁོང་འདར་རྒྱག་དགོས་ཐུག གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་སྙན་ངག་པ་གྲགས་ཅན་ཞིག་གིས་འདི་འདྲ་ཞིག་བྲིས་མྱོང་སྟེ།”ཁྱོད་ཉིད་བཞད་པའི་མོད་ལ་གཞན་དག་བཞད།།ཁྱོད་ཉིད་བཤུམ་པའི་མོད་ལ་གཞན་ཡང་བཤུམ།།བདག་གི་མིག་ཆུ་འབྱུང་བར་ཁྱོད་འདོད་ན།།ཐོག་མར་ཁྱོད་རང་སྐྱོ་གདུང་ཉམས་དག་སྟོན།།”ཞེས་པ་བཞིན་ང་ཡང་དེ་ལས་མི་གདའ་བར་འདུག དེ་བས།ཁྱེད་ནི་བདག་གི་སྙན་ངག་ལས་ལྷག་པའི་སྙན་ངག་སྩོལ་བའི་ལྷ་མོ་དབྱངས་ཅན་མ་དང་གཉིས་སུ་མ་མཆིས་ལ་ཁྱེད་རང་ངའི་བློ་ངོར་ཡོད་པས།སྙན་ངག་འབྲི་བའང་ཆུ་བོ་འབབ་པ་རང་ཡིན་རེད།
ཁྱེད་ཀྱིས་འཕྲིན་ཡིག་ནང་བསྟན་དོན།ཚེ་རིས་མཚོས་འུ་གཉིས་ཀྱི་དོན་དག་གླེང་བར་སྤྲོ་བོ་མི་བྱེད་པར་འདུག་ཟེར།དེས་ན་དེ་གླེང་ནས་ཅི་བྱེད་དམ།མོ་རང་དེ་འདྲ་ལ་སུན་པོ་ཡིན་གཤིས།འོན་ཏང་།”སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད”པས་ཡུལ་དུས་ཀྱི་བར་སྐབས་ཙམ་མ་གཏོགས་ཁོ་མོ་ལ་ཡང་རང་ཉིད་ཀྱི་གནས་མལ་དེ་ཡོད་ཤག་ཤག་ཡིན།ཡང་དག་གི་བརྩེ་དུངས་ནི་བྱ་བའི་ལག་རོགས་ཐུ་ཤོས་ཤིག་ལས་བདུད་དང་བར་ཆད་ཅིག་ག་ལ་ཡིན།དེ་བས།ངས་ཁྱེད་ཀྱི་གྲོགས་མོ་ལ་དེ་དོན་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབས།
སྤྱིར་བཏང་ང་རང་དབྱིན་ཡིག་ལ་སྤྲོ་བ་མེད་པས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ་ཤིན་ཏུ་དཀོན་མོད།དེ་སྔའི་ཚོགས་ཐོག་ཏུ་དགེ་རྒན་གྱིས་མོས་དང་ཐོག་སློབ་གྲྭ་འདོན་དུས་མོ་ལ་སློབ་སྦྱོང་ལ་སྲ་བའི་གྲོགས་མོ་ཞིག་ཡོད་དེ།གྲོགས་མོ་དེས་རང་ཉིད་ཀྱི་སྦྱངས་འབྲས་ཡར་ཐོན་ཡོང་ཕྱིར་སྦྱངས་འབྲས་བཟང་བའི་སློབ་བུ་མང་ཤས་ལ་དགའ་རོགས་བསྒྲིགས་པ་རེད་ཟེར།ང་ལ་དགོད་རྒྱུ་བྱུང་ནའང་།དགེ་རྒན་གྱིས་དེ་ནི་བྱ་བའི་ཐབས་རེད་ཟེར་ནས་ཡར་ཡར་སྨྲ་བས་ང་རང་བསྲན་ཐབས་བྱས་པ་ཡིན།གལ་ཏེ་ཁྱེད་ཀྱིས་དེ་འདྲ་བསྒྲུབ་པ་ཡིན་ན།ང་ནི་ཁྱེད་ཚོ་བཞིན་སྐར་མ་ཟ་བའི་འཕྲུལ་ཆས་རང་མིན་པས་ཁྱེད་ཀྱིས་ང་རང་ལག་གཡོག་ཏུ་བརྟེན་པ་ནི་ཤིན་ཏུ་འཁྲུལ།ཧེ་་་འོན་ཀྱང་ངས་ཁྱོད་ལ་སློབ་སྦྱོང་གི་སེམས་ཤུགས་གནང་ཐུབ།སྤྲོ་སེམས་གནང་ཐུབ།ཁྱེད་ཀྱི་བློ་ངོར་མེད་པའི་ཡི་གེའི་མཛེས་པ་སྟོན་ཐུབ།དེ་འདྲ་ཡིན་ཡང་།འུ་གཉིས་ནི་ཁྱེད་ཀྱིས་བྲིས་པ་བཞིན་”སྐྱེ་བ་སྔོན་མ་ནས་བཀོད་སྒྲིག་བྱས་ཟིན་པའི་ཁྱོ་ཤུག་ཟུང་ཞིག་ཡིན་”པས།ངེད་ཀྱི་སེམས་པ་སྦྲེལ་བའི་ཐག་པ་ནི་ཁེ་ཕན་ཞིག་མ་ཡིན་པར་དྭངས་གཙང་གི་སེམས་པུ་ཁོ་ན་སྟེ།ཏག་ཏག་ནག་མོ་འཁོལ་གྱིས་བྲིས་པ་ལྟར།འུ་གཉིས་ནི་”བསོད་ནམས་ཆོམ་རྐུན་དག་གིས་ལམ་བཀག་གྱུར་ཅིང་དེ་རྣམས་ཡིད་ལ་སིམ་ཞིང་འཇུག་པ་ཡིན”ཨང་།དེ་བས།འུ་གཉིས་ནི་བརྩེ་དུངས་ཀྱི་མཚོན་བྱེད་མི་སྣ་ཡིན་ལ།འཕྲིན་ཕྲན་དང་QQསོགས་སུ་སྙིང་ཉེ་དང་བྱམས་པ་ཞེས་འུར་གྱིན་པ་དང་བསྡུར་ན།ལྷག་པར་དེ་འདྲ་ཞིག་ཡིན་ཁོ་ཐག་གོ།།
དོན་གྲུབ་ཀྱིས།”

བར་སྐབས་ནམ་ཞིག་ནས།དོན་གྲུབ་ཀྱིས་འཕྲིན་ག་རེ་བྲིས་ཀྱང་ངའི་མིང་ཆ་ཚང་མི་འབྲི་བར་ངས་འཕྲིན་ཡིག་ཏུ་བྲིས་པའི་རང་མིང་ལྟར་དུ་མིང་གི་འབྲུ་མགོ་མ་ཁོ་ན་འབྲི་བར་བྱེད།ངས་དེ་ལྟར་འབྲི་བ་ནི་དང་ཐོག་”བདེ་འཇགས་”ཀྱིས་ཡིན་ལ།རྗེས་སུ་གོམས་ལོབས་སུ་གྱུར་སོང་།འོན་ཀྱང་།དོན་གྲུབ་ཀྱིས་བཤད་ན།དེ་ནི་ཁོ་ལ་རྒྱུ་མཚན་ཡོད་པའི་འབྲི་ལུགས་ཤིག་ཡིན་ཟེར།ངས་ཀྱང་ཁ་གསལ་གཏིང་ཟབ་ཀྱིས་ཡང་འདྲི་མ་བྱས་ཏེ།ཁོས་ང་ལ་ཇི་ལྟར་བོས་ཀྱང་ང་ནི་སྔར་བཞིན་ཁོ་རང་གི་དགའ་རོགས་ཡིན་པ་འགྱུར་མི་ཐུབ་པས་ངའི་མིང་ཆ་ཚང་བྲིས་དང་མ་བྲིས་རུང་ང་ལ་ཅི་ཡང་གནོད་ཀྱི་མི་འདུག སའི་གོ་ལའི་རང་འཁོར་མང་པོ་ཞིག་བརྒྱབ་རྗེས།ང་དང་དོན་གྲུབ་གཉིས་ཀྱང་འཕྲིན་ཡིག་འབྲི་བའི་རྒྱུས་ཅན་ཞིག་ནས་ངོ་ཐུག་ངོ་ཡིས་ཁ་བརྡ་མང་བའི་འབྲེལ་བ་ཞིག་ལ་བར་བརྒལ་བྱེད་ཐུབ་སོང་།འོན་ཀྱང་།ངེད་གཉིས་ཀྱིས་འཕྲིན་ཡིག་ད་དུང་རྒྱུན་མཐུད་ནས་བྲིས་པ་ཡིན།

“དོན་གྲུབ།
ངས་ཁྱོད་ལ་ཁ་པར་བཏང་ནས་གཟའ་མཇུག་འདིར་མཉམ་དུ་འདུག་བཤད་ཀྱང་།ཁྱོད་ཀྱིས་ང་ལ་ངས་ལྷག་འཕྲོ་བྱེད་མི་འདོད་པའི་རྩོམ་ཡིག་ལེགས་གྲས་ཤིག་འབྲི་བཞིན་ཡོད་པས་འགྲོ་མི་ཐུབ་པར་བཤད།ཅིའི་ཕྱིར།ཁྱོད་ཀྱིས་ང་ནི་དབྱངས་ཅན་མ་ཡིན་ཞེས་བརྗོད་མྱོང་བ་མིན་ནམ།ང་ལ་དགོས་པ་ཡོད་ཚེ་ཁྱོད་ནི་ང་དང་རིང་དུ་བཤོལ་བ་འདྲ།དེ་ཡང་ཡིན་སྲིད།ཡུའུ་ཅེ་ཡི་དྲི་ཞིམ་རྩྭ་ཡི་རི་བོ་རུ་”སྙན་ངག་པ་དང་རྩོམ་པ་པོའི་ཆུང་མ་བྱེད་ཚེ་ཁྱོད་ལ་དགའ་བ་དང་ཡང་དག མིག་ཆུ་དང་སྨྲེང་པ་གཏོང་བའི་སྤོབས་པ་ཡོད་དགོས་པ་རེད་”ཅེས་བྲིས་འདུག ངོ་མ།འདི་ནི་ང་རང་ཁྱོད་ཀྱི་དགའ་མ་ཡིན་པའི་རིན་དོད་ཅིག་ཡིན་ཡང་ངེས།དྲང་མོར་བཤད་ན།གཟའ་མཇུག་འདིར་ཁྱོད་དང་མཉམ་དུ་འདུག་ཟེར་བ་ལའང་དམིགས་བསལ་གྱི་དོན་དག་ཅིག་མེད་མོད།ཁྱོད་ཀྱི་གམ་ན་ཡོད་དུས།ང་ལ་གནས་སྐབས་གང་གི་དགའ་སྤྲོས་ཀྱང་མཚོན་དུ་མེད་པའི་སྣང་བ་ཉི་མ་ཤར་འདྲ་ཞིག་ཡོད་པར་འདུག དེ་ནི་སྔོན་མ་ཁྱོད་ཀྱིས་ང་རང་ལ་བཤད་པ་ལྟར་ཁྱོད་ཀྱི་གམ་ན་ཡང་ང་རང་འགུག་པའི་དྲི་ཞིམ་ཐུ་ལུ་ལུ་ཞིག་ཡོད་པ་འདྲ།
ཟླ་བཅུ་གཅིག་པར་བསླེབས་སོང་།ད་རེབ་ཀྱི་སློབ་སྐབས་འདི་ཇི་ལྟར་སོང་བ་དངོས་གནས་ཤེས་མ་སོང་།འདང་ཞིག་བརྒྱབ་ཚེ།གཟའ་འཁོར་རེ་རེར་ཁྱོད་ཀྱི་འཕྲིན་ཡིག་ལ་སྒུག་ནས་ཅི་ཞིག་མ་ཐོབ་པ་བཞིན་བསྡད་པ་ཡིན་འདུག ཚང་མས་རེ་སྒུག་གི་ལོ་ཟླ་ནི་ཤིན་ཏུ་རིང་བའི་དུས་ཚོད་ཡིན་ཟེར།རེ་སྒུག་གི་དུས་ཚོད་རིང་ཡང་ཐུང་ཡང་།ང་རང་གི་ངོས་ནས་སློབ་སྐབས་འདི་ཤིན་ཏུ་མགྱོགས་པོ་འདུག དེ་ནི་ཕལ་ཆེར་ཁྱེད་རང་ང་ཡི་སེམས་སུ་ཞུགས་པས་མིན་ནམ།
ཉིན་འདི་དག་ལ།ཚེ་རིས་མཚོ་སྔར་བཞིན་ང་དང་འགྲོགས་འགྲོགས་ལ་ཡོད་ནའང་།ཁོ་མོ་སྔོན་ཆད་ཀྱི་ཚེ་རིས་མཚོ་དང་མི་འདྲ་བ་འདྲ།མ་མཐའ་ངེད་གཉིས་མཉམ་འགྲོ་མཉམ་འདུག་གི་བརྒྱུད་རིམ་ཁྲོད་ཁོ་མོའི་ང་ལ་ཁ་ཡ་བྱེད་ཚད་དམ་ངེད་གཉིས་ཀྱི་ཐུན་མོང་གི་སྐད་ཆ་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་འདྲ།ཅི་ཞིག་གིས་ཡིན་ནམ།ངས་འུ་གཉིས་ཀྱི་འབྲེལ་ལམ་གསར་བ་ཞིག་གི་མགོ་ཟིན་པ་ནས།ང་ལ་གདོད་ནས་ཡོད་པའི་གྲོགས་མོ་བཟང་ཤོས་ཤིག་ང་དང་རིང་དུ་འགྱེ་འགྲོ་བར་མི་འདོད།ཅིག་ཏུ་ན་དེ་ནི་ངས་རྣམ་རྟོག་བྱེད་བཞིན་པས་ཡིན་ཡང་སྲིད།གང་ལྟར།ཚེ་རིས་མཚོ་ནི་ཁྱོད་ནང་བཞིན་ང་རང་ལ་ཤིན་ཏུ་མཁོ།ང་ཁོ་མོ་དང་འབྲལ་ཐབས་མེད།གལ་ཏེ།ཁྱོད་དང་ཚེ་རིས་མཚོ་གཉིས་ལས་སུ་ཞིག་གལ་ཆེའམ་ཞེས་སུ་ཞིག་གིས་ང་ལ་དྲིས་ཚེ།ངས་ལན་མི་གདབ་སྟེ།ཐ་ན་དེ་ནི་མཐོ་རྒྱུགས་ཀྱི་གདམ་གསེས་ཤིག་ཡིན་ཙང་ངས་ནི་དེ་ཉིད་ལ་མགོ་བོ་འཁོར་ཙམ་ཡང་མི་བྱེད་དོ།།ཁྱོད་ཀྱིས་ང་ལ་ཤོད་དང་།ངས་ཅི་ཞིག་བྱེད་དགོས་སམ།
ཀུན་གྱིས།”

ངས་སྔ་ས་ཞིག་ནས་དོན་གྲུབ་ལ་ད་ཁྱོས་ཀྱང་ང་ལ་”ཁྱེད”ཅེས་མ་འབྲི་རོགས།འུ་གཉིས་ཀྱི་བར་ལ་དེ་འདྲའི་ཐ་སྙད་ཅིག་མཛའ་བོ་མི་འདུག་ཅེས་བཤད་ནའང་།ཁོས་ངའི་མིང་གི་ཡིག་འབྲུ་ཐོག་མ་འབྲི་བ་ལ་རྒྱུ་མཚན་ཡོད་ཟེར་བ་བཞིན་འདི་ལའང་ཁོ་རང་ཉིད་ཀྱིས་འགྲེལ་ཐུབ་པའི་གནས་ལུགས་ཤིག་ཡོད་ཟེར།འོན་ཀྱང་ང་ལ་མཚོན་ན་དེ་ནི་མིང་གི་མགོ་མ་བྲིས་པ་བཞིན་དོ་སྣང་མ་བྱས་ཀྱང་ཆོག་པ་ཞིག་མིན་ཏེ།”ཁྱེད”ཟེར་དུས་དོན་གྲུབ་དང་ངེད་གཉིས་བར་ལ་མཐོ་དམའ་ཞིག་རང་ཤུགས་སུ་ཤོར་བར་སྙམ་ཡང་།དོན་གྲུབ་ཀྱིས་ཨུ་ཚུགས་བྱས་ནས་ང་ལ་གནས་ལུགས་མང་པོ་འདྲེན།…དེ་རྗེས་དོན་གྲུབ་ཀྱིས་ང་ལ་འཕྲིན་ཡིག་སྤྲིངས་ནས་ཁོ་རང་གཟའ་མཇུག་ལ་མ་ཁོམ་པའི་རྒྱུ་མཚན་གསལ་ཐག་ཅིག་བཤད་ཅིང་།ད་དུང་ཁོས་ང་ལ་ཁོའི་བྲིས་རྩོམ་དེ་རྒྱལ་ཡོངས་སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཅིག་ཏུ་བསྐུར་ཡོད་ཟེར།དེ་དག་མཐོང་རྗེས་ང་ལ་རྩོམ་ཡིག་དེ་རང་ཉིད་ཀྱིས་བྲིས་པ་ལྟ་བུའི་དགའ་ཚོར་ཆེན་པོ་རྒྱས།དངོས་གནས་མི་ཞིག་མི་གཞན་ལ་སེམས་པ་ཤོར་བ་ཡིན་ཚེ།དེ་ཡི་ཡོད་ཚད་ནི་སངས་རྒྱས་ཀྱི་བྱ་བ་བཞིན་གང་ཡང་མ་འཕྱུག་མ་འཁྲུལ་བ།ལྷག་པར་དགའ་སྤྲོ་སྐྱེད་བྱེད་ལྟ་བུ་རང་རེད།ཡང་དོན་གྲུབ་ཀྱིས་ང་ལ་ཁྱོད་ཀྱིས་ཚེ་རིས་མཚོ་དང་ཁྱོད་གཉི་ག་ཆེས་སྐྱིད་པའི་དུས་ཚོད་ལ་ཕྱིར་འདང་བྱོས་ལ་དེ་དུས་ཀྱི་བྱ་བྱེད་ཅི་བཞིན་ཕན་ཚུན་ལ་འབྲེལ་བ་གྱིས་དང་ཡོད་ཚད་སྔ་མ་ལས་འདས་པ་ཞིག་མེད་ཟེར།ད་ལྟ་བསམས་ན།དོན་གྲུབ་ཀྱིས་ཡོད་ཚད་སྔ་མ་ལས་འདས་པ་རང་མེད་ཟེར་བའང་བྱིས་བློ་འབའ་ཞིག་ལས་དོན་དངོས་དང་མི་མཐུན་པ་ཞིག་ཡིན་འདུག དོན་ངོ་མར།ཚེ་རིས་མཚོ་དང་ངེད་གཉིས་བར་ལ་མི་མཐུན་པ་ཅི་ཡང་མེད་དེ།ལྷན་འགྲོ་ལྷན་འདུག་གི་འཚོ་བའི་ཁྲོད།ངེད་གཉིས་སྔ་མ་སྔ་ལུགས་ཀྱིས་ལྟོ་གོས་བརྟེན་ཞིང་སློབ་སྦྱོང་བྱེད།ཡིན་ན་ཡང་།ངའི་སེམས་སུ་ངེད་གཉིས་བར་ལ་ཕན་ཚུན་མཐོང་ཐུབ་ཅིང་མི་ཐུབ་པའི་སེང་རས་ཤིག་གིས་ཡོལ་བ་བྱས་ཡོད་པ་ལྟ་བུར་སྣང་།སེང་རས་དེ་ནི་ཅི་ཞིག་ཡིན་ནམ།ང་རང་གི་རྣམ་རྟོག་ཙམ་ཡིན་ནམ།

བྲེལ་འཚུབ་དང་འདང་རྒྱག་ཁྲོད།ངས་ཤག་རོགས་ཚང་མ་སོང་ཤུལ་གྱི་གཟའ་མཇུག་གི་མཁའ་དབུགས་ཁྲོད།དབུགས་རིང་ཐེངས་ཤིག་གི་དངན་པ་འཐེན་ཞིང་།ཁ་ལག་བཀྲུ་བར་གྲ་སྒྲིག་བྱས།ཚེ་རིས་མཚོ་ངེད་གཉིས་སྡོད་ཤག་གཅིག་ཡིན་ན་ཡང་།ནམ་ཞིག་ནས་ངེད་གཉིས་ལྷན་དུ་ཉལ་བའི་སློག་པ་གཅིག་ནང་གི་རྨི་ལམ་མཇུག་རྫོགས་ལ་ཐ་ན་གཟའ་མཇུག་སོགས་སུ་ཁོ་མོ་སྔ་ས་ནས་ལངས་ཏེ་གཅིག་པུར་དཔེ་ཆ་སྐྱོར་བར་འབུད་འགྲོ་བས།དེ་རིང་ཡང་ང་གཅིག་པུར་སྡོད་ཤག་ཏུ་ལུས།བར་གླགས་དེའི་ཡུད་ཙམ་ནས།ང་དང་སྡེ་བ་གཅིག་པའི་གྲོགས་མོ་སྒྲོལ་མ་སྐྱིད་ངེད་ཀྱི་སྡོད་ཤག་ཏུ་རྒྱུགས་ཡོང་ནས་ཐད་ཀར་ངའི་ལག་ཏུ་ཟིན་བྲིས་ཐེད་པོ་ཞིག་བཞག་ཏེ་ཅེར་བྱུང་།ངས་ཅི་ཡིན་ཆ་མ་འཚལ་བར་འདི་ཅི་རེད་ཟེར་ཞོར་མིག་གཉིས་ལག་གི་ཟིན་བྲིས་ལ་འཁོར་ཚེ།ཨ…དེ་ནི་བདག་གི་ཉིན་ཐོ་རེད།འཕྲིན་ཡིག་རེད།གཏམ་རྒྱུད་རེད།སུ་ཞིག་གིས་དེ་འདྲ་བྱས་སོང་ངམ།ཉིན་ཐོ་འབྲི་དེབ་ཀྱི་གསང་ཨང་ཡང་གཏོར་ནས་འདི་ལྟར་ཤར་མར་གཤགས།ང་རང་སྤོ་ལངས་པས་བཟོད་སྒོམ་རྒྱག་ཐབས་བྲལ་ལ་སུ་ཞིག་ཡིན་པར་རྩད་གཅོད་བྱེད་པའི་དམ་ཚིག་བཅས།ངས་སྒྲོལ་མ་སྐྱིད་ལ་འདི་གང་ན་འདུག་ཅེས་སྨྲས་པར།སློབ་ཁང་ནང་དུ་རླུང་རྟ་མཆོད་མཆོད་བྱས་འདུག་ཟེར།གནས་སྐབས་དེར།ངས་ཅི་ཞིག་བྱེད་དགོས་པ་ཨེན་ཙམ་ཡང་མི་ཤེས།མི་དེ་སུ་ཞིག་ཡིན་ནམ།མི་དེ་སུ་ཞིག་ཡིན་ནམ།མི་དེ་སུ་ཞིག་ཡིན་ནམ།ངའི་མགོ་ནང་དུ་དེ་འདྲའི་དྲི་བ་གཅིག་ལས་འཁོར་རྒྱུ་གཞན་གང་ཡང་མི་འདུག དྲན་རྒྱུའང་མི་འདུག དོན་གྲུབ་ཀྱིས་ཁ་པར་བཏང་ཐོན།ང་ནི་དེ་མ་ཐག་ཡུན་རིང་མ་འཕྲད་པའི་མ་བུ་གཉིས་ཀྱི་མཇལ་འཛོམས་བཞིན་ངུ་ན་འདོད་པའི་སྐྱོ་བ་ཞིག་གིས་ཁ་པར་ཨ་མཆོག་གི་སྒོ་ཁར་འདེགས་པའི་ནུས་ཤུགས་ཀྱང་མི་འདུག ……
ང་རང་སྒོ་ཐེམ་ལས་བརྒལ་ཏེ་འཛེགས་སྐས་ལས་མར་མར་བབས་ཚེ།ངས་རང་ཉིད་ཀྱི་གོམ་པ་ནི་ཡར་ཡར་འཛེགས་པའི་ལྕི་ཚད་ལས་ཀྱང་ཤིན་ཏུ་ལྕི་ཞིང་ཐེག་དཀའ་བའི་ཚད་དུ་ཡོད་པ་ཤེས།དོན་གྲུབ་ཀྱིས་ཁོས་ང་རང་སློབ་གྲྭའི་སྒོ་འགྲམ་ནས་སྒུག་ཡོད་ཟེར་བས་ང་འགྲོ་ཐབས་བྱས་པ་ཡིན་མོད།སྔར་བཞིན་ལྕི་བའི་འདེགས་འཇོག་དེ་ལ་སྟོབས་ཤུགས་ཀྱིས་མི་འདང་བར་འདུག དེ་དུས།ཚེ་རིས་མཚོ་བདག་འགྲམ་ནས་སྡོད་ཁང་དུ་བུད་སོང་།ཁོ་མོས་ང་མཐོང་ཡོད་དམ།གང་ལྟར།ཕྱིར་མིག་ལས་ཁོ་མོའི་རྒྱབ་གཟུགས་མཐོང་མ་ཐག་ང་རང་ལ་མདུན་བསྐྱོད་ཀྱི་འདེགས་འཇོག་ཡང་བའི་གཟུགས་མེད་ཀྱི་ནུས་པ་བསྩལ།ཡིན་ནའང་།ཁོ་མོའི་གཟུགས་རྒྱབ་ནི་ཅི་འདྲའི་བདག་སེམས་རྨོངས་པར་བྱེད་པའི་སྒྱུ་མ་ཞིག་རེད་ཨང་།ཐ་ན།དེ་ནི་ཚེ་རིས་མཚོ་ཡིན་ནམ་སྙམ་ནས་ཡང་ཡང་ལྟ་དགོས་ཐུག

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།