འདི་ཁྱོད་ཚོར། ཝུ་ཆང་འཐུང་ཐེངས་གཅིག་གི་སྤོད་ཡར་བྲིས། (ལྷུག་རྩོམ།)

འདི་ཁྱོད་ཚོར། ཝུ་ཆང་འཐུང་ཐེངས་གཅིག་གི་སྤོད་ཡར་བྲིས།

                                              —གཞི་རིམ་པ།

ངའི་དང་མའི་སློབ་མ་སྐོར་ཞིག་སློབ་མཐར་ཕྱིན་ནས་ཐོན། ལ་ཤས་འཐོན་ལ་ཉེ། ལ་ལས་དགེ་རྒན་སོགས་བཅའ་འདོད་ཟེར། འགའ་ཤོས་ཀྱིས་ཆུང་མ་ཞིག་ཀྱང་མཁོ་ཟེར། ངས་རྒན་གཏམ་འགའ་རེ་ལབ་འཇོག འོས་མིན་རང་གིས་དཔྱོད།

སློབ་མའི་འཚོ་བ་ནི། ཐོགས་ས་འགྱེལ་ས་མེད་པའི་གཞུང་ལམ་ཞིག་ཡིན་པའི་དབང་དུ་བཏང་ཚེ། བྱ་བར་འཇུས་གཞུག་གི་མི་ཚེ་ནི། རྡོ་འབྱོང་འབའ་འབུར་མང་བའི་རྐང་ལམ་ཞིག་ཡིན་པ་འདི། ཐོག་མ་ཐོག་མའི་སེམས་སྐྱེད་དུ་གཟུང་དགོས།

ཁྱོད་རང་ཐོག་མའི་བྱ་བ་ལ་འཇུག་སྐབས། ཁྱོད་དང་འགྲོག་འོས་པ་ནི། གསར་བུའི་སྙིང་སྟོབས་དང་གསོན་ཤུགས། བདེན་པ་སོགས་ཡིན་ན་དགའ། གང་ལའང་མི་མཐུན་མི་འགྲིག་པ། མི་རན་མི་འཕྲོད་པའི་ར་མ་ལུག་གི་རྭ་འཁྱོག་བལ་འཆལ་ཁུར་མཁན་ཞིག་འཁྱོངས་ཚེ། ང་ཁྱོད་ཚོའི་འཛིན་བདག་བཅོས་པའི་དཀའ་སྡུག་ཡོངས་རྫོགས་ཐལ་ནང་ལ་བཏབ་པ་ཡིན།

སྒོས་སུ། དགེ་རྒན་བཅོས་ནས་གྲལ་འགོར་འབུད་མཁན་ཞིག་ཡིན་ཚེ། སློབ་དེབ་བསྐྱུར་ནས་སྤྱི་ཚོགས་ལ་མ་རངས་པ་དང་། འཚོ་བ་ལ་སྡང་སེམས་མངའ་བ་རྣམས། སློབ་མ་ཚོའི་རྣ་ལ་དེ་ཙམ་འཇོག་མི་ཉན། ཁོ་ཚོར་དོགས་སློང་དགག་སྒྲུབ་སོགས་ཀྱི་སྙིང་སྟོབས་དང་འདུ་ཤེས་མི་མཁོ་སྨྲ་བ་གང་ནས་ཡིན་ཡང་། ཐལ་ཆེ་ན། ལམ་ལོག་སྐོར་ལོག་ཏུ་ལྡིང་བའི་སློབ་མ་མང་བོ་འབྱུང་སྲིད།

ནན་ཏུར་བྱ་བ་གཞན་ཞིག་ནི། སློབ་ལ་རིག་པ་གཉོམ། སྦྱོང་ལ་བརྩོན་པ་ཞན་ཤོས་ཀྱི་སློབ་མ་དག་གི་སེམས་ལ་ཆུ་འཁྱག་ལྡུག་མི་ཉན། འགོ་བ་ནི་སྐར་གྲངས་ཁོ་ན་ལ་ལྟ་མཁན་ཞིག་ཡིན་རུང་། ཁྱོད་ནི་སློབ་མ་རྣམས་ཀྱི་ཤེས་ནུས་བརྩེ་གསུམ་སྔོག་མཁན་གྱི་མི་བོ་ཆེ་ཞིག་ཡིན་དགོས།

སློབ་སྦྱོང་མ་ཟད། སློབ་བུ་དག་གི་འཚོ་བ་དང་སེམས་ཁམས་སྐད་ཆའི་སྨན་གྱིས་གསོ་དགོས་པ་དེ་གཙོ་བོའི་ནང་གི་དང་པོའི་གྲས་སུ་ཞོག ལྷག་ཏུ། སེམས་ཁམས་གཉོམ་སོ་ཅན་དང་། ཁ་ངོ་རྐང་ལག་སོགས། ཡན་ཡག་ཉིང་ལག་ལ་ཞ་གྱོལ་ཞོར་སྐྱོན་ཤོར་བ་འདྲ་ཡིན་ཚེ། ཁོ་ཚོའི་སེམས་ཁམས་ཀྱི་དཔང་བསྟོད། སྙིང་རྩ་ལ་རྣོ་འཇོག་པར་ཅིས་ཀྱང་རེམ།

བླ་ལྷག་ཏུ་གཟབ་དགོས་པ་ཞིག་ལ། སྔ་དྲོར་འགོ་བའི་བརླ་བཙགས། ཕྱི་དྲོར་ལས་གྲོགས་ཀྱི་དཔྱི་བརྡུངས་ནས་སོང་ཚེ། མི་ཚེ་རབ་ཏུ་བརླགས་ཚར་བ་ཡིན་པས། རང་སེམས་སྐྱིད་ལ་བསྐུར་ཤེས་རྒྱུ་དེ་ལས་འགངས་ཆེ་བ་མེད།

ཚེ་གཅིག་སྐྱ་ཡ་འཚོལ་བ་ལའང་། སློབ་མའི་སྐབས་ཀྱི་སྣང་བ་རྩྭ་ལྗང་འདྲ་བ་དེ་ཁོ་ནས་ཡོང་བའི་ངེས་པ་མེད། བརྟག་དགོས་པ་ཞིག་ལ། བལྟས་ཚོད་དཔེ་མེད་ཡག་ཀྱང་། “རླངས་འཁོར་ཨེ་ཡོད། ཁང་བ་ཨེ་ཡོད།”འདྲི་མཁན་དག་ལ་དེ་ཙམ་མ་ཆགས། བཟའ་འགོ་བརྒྱབ་ནས་བུས་ཕྲུག་འཁོར་ཡང་། སྒོར་མོའི་དོན་དུ། ཁོ་ཚོ་བཟའ་འཐོར་བྱ་བ་ལ་འདང་རྒྱག་དེ་ཙམ་མེད།

སྐྱ་ཡ་བསྡེབས་དང་མ་བསྡེབས་གང་ཡིན་ཡང་། རྐྱལ་སྟོང་སྒོར་མང་དག་གི་གཞུག་དེད་ནས། སྨད་འཚོང་མ་སྟབས་བདེ་རེ་རུམ་འདོད་ཚེའང་ཤིན་ཏུ་གཟོབ། དེང་སང་གི ནད་དུག་ཡ་མེད་དེའི་འབྱུང་ཁུངས་ཆེ་ཤོས་ཤིག་ནི་ཁོ་ཚོ་ཡིན་རབས་ཡོད། ཁྱོད་སྐད་ཅིག་གི་སྣང་བའི་རྗེས་སུ་བརྒྱུགས་ནས་རང་སྡུག་སྡེར་མ་གང་བསགས། དེ་ཆུང་མ་བཟའ་ཚོ་ལ་བསྒོས་ནས་ཚེ་སྡུག་ལུང་བ་གང་བཞག་ན་ཨ་ཅང་ཅང་།

ད་སྐབས། གདོན་འདྲེ་འགོང་ལག་འདྲ་བའི་ནད་དུག་དེ། འུ་བུ་ཅག་གི་ཆུང་ཕྱོགས་པའི་ཁྲོད་ན་ཇེ་མང་རེད་ཅེས་ཐོས། དེ་ངེས་ངེས་བདེན་ན་ཧ་ཅང་འཇིགས། དེས་ན། རྐང་ནས་མི་སྲོན་དུས། དུས་ཐུང་གི་བདེ་བ་ཙམ་ལ་ཐག་རིང་གི་སྲང་ལ་བརྒྱུགས་ནས་སྡུག་གྱོང་ལེན་པ་ལས། མུན་ནག་ནང་གི་”བཀོད་པ་ཐ་ང་ཐུང་ངེ་”ཡང་སྐབས་རེར་ལོས་མཛའ། མགོ་སེར་སོགས་ཀྱིས་ཁ་དང་བཤང་ལམ་ཚུན་ཆད་ལ་འཇུག་པའི་དམེ་བོ་དེ་དག་དང་བསྡུར་ཚེ། འུ་ཚོའི་སྲོལ་རྒྱུན་གྱི་ལག་ཐབས་དེའང་དེ་ཙམ་ཐབས་སྡུག་མིན་པ་འདྲ། “ཅི་ཟེར། ངའི་གློ་ཁུག་ནང་ན་སྲུང་ཤུབས་མང་བས་མི་སྐྱོན།”ཟེར་ན་རང་ཚོས་ལྟོས།

མདོར་ན། ཡུལ་དུས་གང་ཡིན་ཡང་། དཔེ་ཀློག་གི་གོམས་གཤིས་ཡག་པོ་གསོན་པོར་གནས་སུ་ཆུགས། ཡང་། དཔེ་ཆ་གང་ཡིན་ལ་བལྟས་ནས་ཐོས་པའི་དུས་ཚོད་ཆུད་ཟོས་སུ་བཏང་ན་ཤིན་ཏུ་འགྱོད། ཡིག་རིགས་གང་དང་གཞུང་ལུགས་གང་གི་དཔེ་ཆ་བལྟ་ན་ཡང་། དེའི་ནང་གི་བཞེད་པ་འགངས་ཆེ་བ་དང་དཔྱོད་པ་སྟོབས་རྫོགས་པ་དག་ལ་ལྟ་རྒྱུ་གལ་ཆུང་དུ་མ་བསྐྱུར། རྩ་བ་ཟིན་ན། ཡན་ལག་ཉིང་ལག་ཁ་ནང་དུ་མི་ཡོང་བ་ལ་སྡུག་མི་དགོས།

                 2016 .6.1

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།