གློག་བརྙན་འཁྲབ་གཞུང་《རྒྱང་རིང་གི་དར་ལྕོག》ཅེས་པ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།

 


བསྟན་འཛིན་ཉི་མ། མཚོ་སྔོན་མཚོ་ལྷོ་ནས་ཡིན་ཞིང་ནུབ་བྱང་མི་རིགས་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན།གློག་བརྙན་འཁྲབ་ཁྲིད་དང་འཁྲབ་གཞུང་གསར་རྩོམ།གློག་བརྙན་མཛེས་རྩལ།འགུལ་རིས་ཇུས་འགོད་སོགས་ཀྱི་ལས་ཀ་སྣ་མང་ལ་འཇུས་མྱོང་།

༢༠༡༠ལོ་ནས་བཟུང་གློག་བརྙན་ཕབ་བསྐྲུན་བྱེད་མགོ་བརྩམས་ཏེ།གློག་བརྙན་ཐུང་གྲས་༼ལམ༽གྱི་འཁྲབ་ཁྲིད་པའི་འགན་ཁུར་ནས་ཕབ་བསྐྲུན་ལེགས་འགྲུབ་བྱུང་བ་ལ་རྒྱལ་ཡོངས་སློབ་ཆེན་སློབ་མའི་dvགློག་བརྙན་འགྲན་བསྡུར་ཆེན་མོའི་ཁྲོད་དུ་གཏམ་རྒྱུད་གློག་བརྙན་ལེགས་གྲས་ཀྱི་བྱ་དགའ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་ལང་ཚོའི་གཟེངས་བསྟོད་ཀྱི་dvགློག་བརྙན་འགྲན་བསྡུར་ཆེན་མོའི་ཁྲོད་དུ་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ་པ་དང་། ཁི་ཞོན་རྟགས་མའི་ན་གཞོན་གློག་བརྙན་འཕྲིན་གསར་རྩོམ་འགྲན་བསྡུར་ཆེན་མོའི་སྟེང་དུ་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ།

གློག་བརྙན་ཐུང་གྲས་༼ཉི་མ་ལ་ཁར་བཞུད་དུས༽ཀྱི་འཁྲབ་གཞུང་གསར་རྩོམ་དང་འཁྲབ་ཁྲིད་པའི་འགན་ཁུར་ཏེ་ལེགས་འགྲུབ་བྱུང་བ་ལ་ཀན་སུའུ་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གློག་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།དེའི་རྗེས་སུ་༼རྒྱང་རིང་གི་དར་ལྕོག༽ཅེས་པ་ད་ལྟའི་བར་དུ་གསར་རྩོམ་རྒྱུན་འཁྱོངས་བྱས་ཤིང་།བར་སྐབས་དེ་དག་ལ་གློག་བརྙན་༼ཐར་ལོའི༽མཛེས་རྩལ་པ་དང་གློག་བརྙན་༼གཙང་ཆབ་ནང་གི་མཚོན་གྲི༽ཞེས་པའི་མཛེས་རྩལ་པ་གཞོན་པའི་འགན་ཁུར་ཞིང་།གློག་བརྙན་༼གཞུང་ལམ་༣༡༨༽ཅེས་པའི་ཁྲོད་ཀྱི་རྒྱན་གོས་ཇུས་འགོད་པ།ཚོད་ལྟའི་འགུལ་རིས་གློག་བརྙན་༼མི་རོ་རྩེ་སྒྲུང༽གི་འགུལ་རིས་ཇུས་འགོད་པ།བོད་ཀྱི་བྱིས་གླུ་༼གངས་ཅན་བྱིས་གླུའི༽འགུལ་རིས་ཇུས་འགོད་པ་སོགས་ཀྱི་འགན་ཁུར།

གློག་བརྙན་༼རྒྱང་རིང་གི་དར་ལྕོག༽ཅེས་པའི་འཁྲབ་གཞུང་ནི་༢༠༡༠ལོ་ནས་བཟུང་གསར་རྩོམ་བྱེད་མགོ་བརྩམས་ཏེ།་དུས་ཡུན་ལོ་ངོ་མང་པོའི་རིང་ལ་གསར་རྩོམ་བྱས་པའི་གཏམ་རྒྱུད་གློག་བརྙན་རིང་གྲས་ཤིག་ཡིན། ཐེངས་འདིར་མཉམ་འབྲེལ་སྒོས་གསར་རྩོམ་བྱས་པའི་འཁྲབ་གཞུང་ནི་ན་གཞོན་སྙན་ངག་པའམ་བོད་ཀྱི་ཨན་ཐུའུ་ཧྲིན་དུ་བསྔགས་པའི་འདས་པོ་ཁ་བ་སྙིང་ལྕགས་དང་གློག་བརྙན་གྱི་དད་ལྡན་པ་སྟག་ཐར་རྒྱལ་བཅས་ཀྱིས་མཉམ་དུ་གསར་རྩོམ་བྱས་པ་ཞིག་ཡིན་ཞིང་།  བསྟན་འཛིན་ཉི་མས་ཕབ་བསྐྲུན་དང་གྲ་སྒྲིག་གི་གོ་རིམ་ཁྲོད་དུ་དཀའ་ཁག་གང་མང་ལ་འཕྲད་པ་སྟེ།༢༠༡༢ལོར་ཡུལ་དངོས་སུ་ཕབ་སྐྲུན་བྱེད་སྐབས་འཁྲབ་གཞུང་གིས་ཡིད་མ་འཚིམ་སྟེ་ཕབ་སྐྲུན་བྱེད་མཚམས་བཞག དེའི་རྗེས་སུ་ཡང་བསྐྱར་འཁྲབ་གཞུང་བཅོས་བསྒྲིགས་དང་གསར་རྩོམ་གྱི་གོ་རིམ་ཁྲོད་ཞུགས་ཏེ།

༢༠༡༨ལོའི་སྔ་གཞུག་ཏུ་ཕབ་བསྐྲུན་དང་སྒྲིག་བཟོ་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད། གློག་བརྙན་འདི་ལ་ད་དུང་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་མཛུབ་སྟོན་པ་དང་ལྟ་ཞིབ་སྒྲིག་བཟོ་བའི་འགན་གཅིག་ལྕོགས་སུ་བཞེས་ཐུབ་པ་བྱུང་ཡོད་ལ།

བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སྐུལ་ལྕག་གནང་སྟེ། གློག་བརྙན་འདི་ལེགས་འགྲུབ་འབྱུང་བར་སྔར་ལས་མང་བའི་ཡིད་ཆེས་བསྩལ་མྱོང་ཡོད། གློིག་བརྙན་འདི་ནི་བསྟན་འཛིན་ཉི་མས་གློག་བརྙན་ཐུང་གྲས་༼ལམ༽དང་༼ཉི་མ་ལ་ཁར་བཞུད་དུས་༽ཀྱི་རྗེས་སུ་གསར་རྩོམ་གྱི་དུས་ཡུན་ཆེས་རིང་བའི་གློག་བརྙན་རིང་གྲས་ཤིག་ཡིན་ལ།ཐེངས་འདིར་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉི་ཤུ་བའི་གློག་བརྙན་ལས་གཞི་གསར་རྩོམ་དངུལ་གཏོང་ཚན་པར་མིང་འདོན་བྱུང་ཡོད།


 

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།