གཞས་མ་གནམ་མཚོ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།

nancuo

གནམ་མཚོ།

ཁོ་མོ་ནི་རི་མཐོ་ཆུ་གཙང་གི་གནས་མཆོག་མདོ་སྨད་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཡུལ་ལྷ་སྲིན་པོ་རྫ་རིའི་ཉེ་འདབས་ནས་འཚར་ལོངས་བྱུང་བའི་བོད་ཀྱི་དེང་རབས་གསར་བྱུང་གཞས་མ་ཞིག་ཡིན་ལ།མཚོ་ལྷོ་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཡུལ་མི་ཚོའི་བཤད་རྒྱུན་ཁྲོད་ཀྱི་“ལས་བྱེད་པ”དང“གཞུང་ཞབས་པ”ཞེས་པའི་ཐ་སྙད་མཁྲེགས་པོ་དེ་དག་ལ་སེམས་པ་མ་ཆགས་པར། རང་ཉིད་ཀྱི་དགའ་ཕྱོགས་གཙིགས་སུ་བཟུང་ནས་བོད་གཞས་སྒྱུ་རྩལ་གྱི་ལམ་བུ་སྙེག་མགོ་བརྩམས།

གངས་རིའི་བུ་མོ་ཞིག་གི་ལས་དབང་འཁུར་ནས་ཀ་མད་སུམ་ཅུའི་ལམ་ནས་བོད་རིགས་བུ་མོ་ཞིག་གི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་གྱེར་བའི་ཁོ་མོས། སྔ་ཕྱིར་ལྷ་ས་དང་ཁྲིན་ཏུའུ་སོགས་ནས་རང་ཉིད་ཀྱི་ཕུགས་བསམ་འཚོལ་སྙེག་བྱས་ཤིང་། སྤྱི་ལོ་༢༠༡༢ལོར་རང་ཉིད་ཀྱི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ༼མཚོ་ཁའི་མེ་ཏོག༽ཅེས་པ་སྤྱི་ཚོགས་སུ་འགྲེམས་སྤེལ་བྱས། དེ་ནས་བཟུང་མདོ་དབུས་ཁམས་གསུམ་གྱི་ཉན་མཁན་མང་པོས་དགའ་བསུ་ཆེན་པོ་ཐོབ།

ཁོ་མོས་བཤད་རྒྱུར།

ད་ལྟ་མུ་མཐུད་དུ་ཕུགས་བསམ་གྱི་སྣེ་མོ་ལ་འཇུས་ཏེ། མ་འོངས་པར་འཛམ་གླིང་གི་ཆེས་མཐོའི་གར་སྟེགས་ཤིག་ནས་རིག་རྩལ་འཁྲབ་སྟོན་བྱེད་རྒྱུར་འབད་བརྩོན་ལྷོད་མེད་གནང་རྒྱུ་ཡིན།

སྐྱིད་པའི་གཡང་འཛོམས།

ཚིག གནམ་མཚོ།
དབྱངས།དམངས་ཁྲོད།
གཞས་མ།གནམ་མཚོ།


ཡར་བལྟས་དགུང་སྔོན་གནམ་ལ།།
དགུང་གི་ཉི་ཟླ་སྐར་གསུམ།།
གནམ་ལ་འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས།།
སྤུན་ཟླ་ལྷན་འཛོམས་ཡོང་བའི་བཀྲ་ཤིས་ཤོག།
མར་བལྟས་དོག་མོ་ས་ལ།།
གངས་ལྗོངས་མདོ་དབུས་ཁམས་གསུམ།།
ས་ལ་དགེ་བཅུ་འཛོམ་པའི་བཀྲ་ཤིས།།
སྤུན་ཟླ་ལྷན་འཛོམས་ཡོང་བའི་བཀྲ་ཤིས་ཤོག།
བར་བལྟས་གཡང་ཁྱིམ་གྲུ་བཞིར།།
ནང་ལ་རྒན་དར་གཞོན་གསུམ།།
ཕ་མ་སྤུན་མཆེད་འཛོམ་པའི་བཀྲ་ཤིས།།
སྤུན་ཟླ་ལྷན་འཛོམས་ཡོང་བའི་བཀྲ་ཤིས་ཤོག།

image

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་ངེད་ཀྱི་མཆོག་ཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

13 thoughts on “གཞས་མ་གནམ་མཚོ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།

  1. བློ་བཟང་བསམ་གཏན།

    གཞས་མ་གནམ་མཚོ་ཡི་གླུ་སྐད་སྙན་མོ་དེ་རིང་ཆེས་ཐོས་མར་ཐོས་ཤིང་། ཁྱེད་ཀྱི་གླུ་སྐད་ཙམ་དུ་མ་ཟད་ཕྱི་ཚུལ་རང་གཤིས་ལ་བལྟས་ན་བོད་པའི་བུ་མོ་གཤིས་བཟང་མ་ཞིག་ཡིན་པའི་སྣང་བ་འཆར་ལ། དེ་ནི་ཁྱེད་ཀྱིས་ང་ཚོ་ལ་གནང་བའི་ལེགས་སྐྱེས་ཡག་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་་་ – རྩེར་སྙེག་ནས།

  2. ན་གཞོན།

    གཞས་མ་ཁོ་མོའི་གསུང་གི་འགྱུར་ཁུག་ཐོག་མ་འདི་ལོའི་ལོ་གསར་སྐབས་ཐོས་ཤིང་སྐད་ངག་གི་སྙན་ཆ་དང་བོད་ཀྱི་གཞས་གདངས་ལྷད་མེད་ཅིག་རེད་འདུག་ན་དགའ་བསུ་དང་ལམ་ལྷོང་ཡོང་བར་སྨོན།

  3. གཅན་འོད་འབར།

    གཞས་མ་འདིའི་སྙན་མོའི་སྐད་ངག་དང་། མཛེས་པའི་བཞིན་སོགས་ཀྱིས་བདག་གི་སེམས་པ་ཉམ་ཆུང་འདི་བོད་ཀྱི་ལོ་སར་དགོང་ཚོགས་སྐབས་ནས་བཟུང་བརྐུས་ནས་བུད་སོང་། གལ་ཏེ་ཁོ་མོའི་ཉེ་འགྲམ་ཞིག་ཏུ་ཡོད་ན་ཅིས་ཀྱང་དུས་ཆད་ཅིག་གཅིག་འདེབས་ངེས།

  4. 卓梦སྒྲོན་མེ

    ངས་སེམས་ཁོང་ནས་ཁྱེད་ཀྱི་གླུ་གཞས་ལ་བསྟོད་པའི་མཐེ་བོང་ཀེར་ཡོད། མཛེས་མ་ལགས་ཤུགས་རྒྱོབ་ཤོག །དབྱངས་གསལ་སོ་བཞིའི་རང་མདོག་མ་ཉམས་པའི་གླུ་སྐད་སྙན་མོ་རེ་ལེགས་སྐྱེས་སུ་བསྣམས་ནས་ཕེབས་ཤོག

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།