ཀླུ་སྒྲུབ་སྒྱུ་རྩལ་གླིང་དང་འབྲེལ་ཏེ་རེབ་གོང་སྒྱུ་རྩལ་གྱི་གནས་བབ་སྐོར་གླེང་བ།

ཀླུ་སྒྲུབ་སྒྱུ་རྩལ་གླིང་དང་འབྲེལ་ཏེ་རེབ་གོང་སྒྱུ་རྩལ་གྱི་གནས་བབ་སྐོར་གླེང་བ།
གདན་ཞུའི་སྐུ་མགྲོན། ལྷ་རིས་པ་བཀྲ་ཤིས་རྒྱ་མཚོ།
མདོ་འཛིན་པ། ཀླུ་རྒྱལ་དོན་གྲུབ།
བརྙན་ལེན་པ། རྨེ་བ་ཆོས་འཕེལ།
སྒྲིག་སྦྱོར་བ། པདྨ་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣོ་སྦྲེང་།

1468225529
བཀྲ་ཤིས་རྒྱ་མཚོ་ནི་སྤྱི་ལོ༡༩༦༧ལོར་རེབ་གོང་རྫོང་སེང་གེ་གཤོང་མ་མགོ་སྡེ་བར་སྐྱེས། ཁོའི་ཁྱིམ་རྒྱུད་འདིར་ཐང་ག་སྒྱུ་རྩལ་པ་གྲགས་ཅན་མང་པོ་བྱོན་མྱོང་སྟེ། དུས་རབས་བཅོ་བརྒྱད་པར་གྲགས་ཆེ་བའི་པ་བན་དང་། དེའི་ཕྱི་རབས་པ་རྡོ་རྗེ་མཁར། སྐལ་བཟང་ཚུལ་ཁྲིམས། ཚེ་རིང་རྡོ་རྗེ། འཕགས་པ། བཙན་ལྷ། སྨན་བླ།སངས་རྒྱས་རྒྱ་མཚོ་བཅས་ནི་དུས་ཐོག་སོ་སོར་མཚན་སྙན་འབར་བའི་ལྷ་རིས་པ་ཤ་སྟག་ཡིན། བཀྲ་ཤིས་རྒྱ་མཚོའི་ཕ་རྣམ་ཐར་རྒྱལ་ཡང་སེང་གེ་གཤོང་ན་མཚན་སྙན་རྒྱས་པའི་ལྷ་རིས་པ་ཞིག་ཡིན་ཡང་། ལོ༤༤ལ་སོན་ཏེ་དོན་བྱ་འགྲུབ་ཅིང་ཁ་ལས་རླུང་རྟ་དར་བའི་སྒང་ལ་མི་འདོད་ནད་ཀྱིས་བཟུང་སྟེ་ཚེ་ལས་འདས།ཕ་འདས་རྗེས་བཀྲ་ཤིས་རྒྱ་མཚོས་ལྷ་རིས་པ་གྲགས་ཅན་འཇིགས་མེད་ཆོས་བཟང(པཎ་ཆེན་སྐུ་ཕྲེང་དགུ་བའི་ལྷ་རིས་པ)ལགས་དགེ་རྒན་དུ་བསྟེན། ལྷན་སྐྱེས་ཀྱི་ལྷ་རིས་འབྲི་བའི་བག་ཆགས་བཟང་པོ་ དང་བརྩོན་འགྲུས་བསྐྱེད་པའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལ་བརྟེན་ནས་ཐང་ག་བཞེངས་པའི་རྨང་གཞི་ལེགས་པོ་ བཏིང་། སྔ་ཕྱིར་དགེ་རྒན་གྱི་རྗེས་སུ་འབྲངས་ནས་སྐུ་འབུམ་དང་།བླ་བྲང་བཀྲ་ཤིས་འཁྱིལ་སོགས་བོད་ཁུལ་གྱི་དགོན་སྡེ་བཅུ་ཕྲག་འགའ་ལ་བསྐྱོད་དེ་ལྷ་རིས་ལོ་བཅུ་ལྷག་ལ་བཞེངས་པས། སྲོལ་རྒྱུན་གྱི་རི་མོ་འབྲི་བའི་གོ་རིམ་དང་བྱེད་ཐབས་ནང་བྱན་ཆུད་དེ་ལྷ་རིས་འབྲི་བའི་ལག་རྩལ་ཡར་ངོའི་ཟླ་ལྟར་རྒྱས།

12
༡༩༨༩ལོར་ཐོག་དང་པོར་སྤུན་ཆུང་ཆོས་གྲགས་དང་དགེ་ཕྲུག་བཞི་ཁྲིད་དེ་ཀན་སུའུ་བསང་ཆུ་རྫོང་བྲག་དཀར་དགོན་པའི་ཚོགས་ཆེན་འདུ་ཁང་གི་ལྡེབས་རིས་ལོ་གཉིས་ལ་བཞེངས། ཁོས་དགེ་རྒན་གྱི་ལག་རྒྱུན་དར་སྤེལ་དང་དགེ་རྒན་གྱི་མཚན་སྙན་མི་རྫོད་པའི་ཆེད་དུ་ཐང་ག་གང་ཞིག་ཡིན་རུང་འབད་པ་ཆེན་པོས་ལེགས་པོར་བཞེངས་པ་དང་། ཚོན་སྣ་ལ་ནམ་ཡང་གཏེར་རྫས་གཅིག་རྐྱང་བཀོལ་བས་བརྩམས་ཆོས་ལ་སྐྱ་སེར་ཀུན་གྱིས་བསྟོད་ཅིང་བསྔགས།

༡༩༩༡ལོར་སྐུ་འབུམ་དགོན་པའི་དོ་དམ་ཚོགས་པའི་འགན་འཛིན་པ་ཟི་ན་སྤྲུལ་སྐུས་བཀྲ་ཤིས་རྒྱ་མཚོའི་མཚན་སྙན་གསན་ནས་ཆེད་དུ་བསྐོང་འགུགས་གདན་ཞུ་གནང་སྟེ་སྐུ་འབུམ་དགོན་པའི་ཞིག་གསོའི་ལས་གཞིར་ཞུགས། སྐུ་འབུམ་ནི་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་དང་། ཞྭ་སེར་བསྟན་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཡིན་ཕྱིར། བཀྲ་ཤིས་རྒྱ་མཚོས་རང་ཉིད་ཀྱི་འགན་འཁྲི་རི་ལྟར་ལྕི་བ་ཤེས་ཏེ། དཀའ་བ་ཁྱད་དུ་ བསད་ཅིང་བློ་སྤོབས་བསྐྱེད་ནས་རྒྱུན་ཆད་མེད་པར་གསར་སྐྲུན་དང་། ནན་ཏན་ཆེན་པོ་གནང་ནས་ལོ་དགུ་ལ་འབད་འབུངས་བྱས་མཐར། འདུ་ཁང་ཆེན་མོ་དང་། དགོན་གོང་མ། རྒྱུད་པའི་འདུ་ཁང་། ཟི་ན་དང་ཨ་ཀྱཱ་སོགས་བླ་སྤྲུལ་གྱི་ནང་ཆེན་ཁག་བཅས་ལ་ཆེ་ཆུང་དང་ཚད་གཞི་སྣ་ཚོགས་པའི་ལྡེབས་རིས༤༥༠ལྷག་བཞེངས། དེ་དང་མཉམ་དུ་ལྡེར་སྐུ་བཞེངས་པ་དང་ཤིང་རིས་གཏོང་བའི་ལས་ཀ་ཡང་ཡོངས་འགྲུབ་གནང་སྟེ། སྐུ་འབུམ་གྱི་ཞིག་གསོའི་ལས་གཞི་ལ་བྱས་རྗེས་གལ་ཆེན་བཞག

༡༩༩༩ལོ་རྒྱ་ནག་རི་བོ་རྩེ་ལྔའི་ཞོན་ཐོང་དགོན་པ་དང་། ཐ་ཡོན་དགོན་པ། བོ་ཡེ་ལྷ་ཁང་། ཧྥོ་ལིན་དགོན་པ་སོགས་ཀྱི་གདན་ཞུ་བཞིན་བསྐྱོད་དེ། དགོན་སྡེ་དེ་དག་ལ་ ཐང་ག༥༠༠ལྷག་བཞེངས། ལག་རྩལ་རྩེར་སོན་ཅིང་ཐིག་རིས་མཛེས་པ། སྒྲིག་གཞི་ ཞིབ་པ། མི་སྣའི་སྣང་བརྙན་གསོན་ཉམས་དོད་པ།ཚོན་རིས་བཀྲག་མདངས་ལྡན་པའི་ཁར། གསེར་ལྷད་མེད་ཀྱི་ཚོན་བྱུག་པས་སྔར་བས་ཀྱང་གཟི་བྱིན་ལྡན་པར་གྱུར། སྐབས་དེར། རི་བོ་རྩེ་ལྔའི་ཐ་ཡོན་དགོན་པའི་མཆོད་རྟེན་དཀར་པོའི་མཐའ་འཁོར་དུ་བཞེངས་པའི《སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་རབས་གཏམ་རྒྱུད》དང《རྒྱལ་ཆེན་རིགས་བཞི》སོགས་བརྩམས་ཆོས༥༨ལ་ལྷག་ཏུ་བརྩི་མཐོང་ཆེ་བས། དགོན་པ་འདིའི་ཡུལ་སྐོར་ལྗོངས་རྒྱུའི་གནད་ས་ཞིག་ཏུ་གྱུར་ཡོད།

476353605

 

ལོ་བཅུ་ཕྲག་འགའི་རིང་བཀྲ་ཤིས་རྒྱ་མཚོས་རྒྱུན་ཆད་མེད་པར་གསར་སྐྲུན་དང་འཚོལ་ཞིབ། འབྲི་རྒྱུན་སོ་སོར་སློབ་སྦྱོང་བྱས་པ་དང་། བོད་ལྗོངས་དང་ཀན་སུའུ།ཧྲན་ཞི་སོགས་ནང་བསྟན་གནས་མཆོག་ཁག་ལ་བསྐྱོད་དེ། དགོན་སྡེ་ཁག་ན་བཞུགས་པའི་རྟེན་གྲགས་ཅན་བགྲང་ལས་འདས་པ་ལ་མཇལ་ཞིང་བློ་བསྐྱེད་མི་དམན་པ་ཐོབ་སྟེ། སྒྱུ་རྩལ་གྱི་རོལ་མྱོང་ནུས་པ་དང་གསལ་འབྱེད་ནུས་པ་ཡང་ཡར་རྒྱས་ཆེན་པོ་བྱུང་། དེ་ལྟར་རིམ་བཞིན་ཁོ་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་གྲུབ་སྟེ། ཐིག་རྩ་དང་མ་ཕྱི་ཅི་ཡང་མི་མཁོ་བར་ཐད་ཀར་ཐང་ག་བཞེངས་ནུས་པ་དང་། སྲོལ་རྒྱུན་གྱི་ཐང་ག་བཞེངས་རྩལ་རྒྱུད་འཛིན་དང་དར་སྤེལ་གྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཏེ།རེབ་གོང་ན་ཀུན་གྱིས་ཁས་ལེན་པའི’ཐང་གའི་རྒྱལ་པོར’གྱུར། བརྩམས་ཆོས་ཁག་རེབ་གོང་གི་སྒྱུ་རྩལ་པ་མང་པོའི་མ་དཔེར་འཛིན།
བཀྲ་ཤིས་རྒྱ་མཚོས་དགེ་ཕྲུག་མང་པོ་གསོ་སྐྱོང་གནང་ནས་རེབ་གོང་རིག་གནས་རྒྱུད་འཛིན་དར་སྤེལ་མཛད་ཡོད་དེ། ཁོས་སྔ་ཕྱིར་དགེ་ཕྲུག༡༥༦བསྡུས་པ་ལས་ཕལ་ཆེ་བ་འཁོས་ཀ་ཞན་པའི་དུད་ཁྱིམ་གྱི་བུ་ཕྲུག་ཡིན་པ་དང་། དེའི་གྲས་ནས་དགེ་ཕྲུག༥༨གྱིས་སྤྱི་ཚོགས་སྟེང་ལས་རིགས་གསར་གཏོད་ལ་ཕྱོགས་ཏེ། འགའ་ཤས་ཤིག་རེབ་གོང་སྒྱུ་རྩལ་ལས་རིགས་ཁྲོད་ཀྱི་ཕུལ་བྱུང་མི་སྣར་གྱུར་བས། རོང་འབྲོག་མང་ཚོགས་ ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་ཀྱི་ནུས་པ་ཐོན།

1216497943
ཁོ་ལ་སྔ་ཕྱིར་བྱ་དགའ་གཟིགས་བཟོས་གང་མང་ཐོབ་མྱོང་སྟེ། ཟི་ལིང་དུ་བསྡུས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དང་ཤུལ་བཞག་རིག་གནས་འགྲེམ་ཚོགས་སམ་སྐབས་ལྔ་བའི་མི་རིགས་རིག་གནས་ལྗོངས་རྒྱུ་དུས་ཆེན་སྟེང་། འབྲེལ་ཡོད་སྡེ་ཁག་གིས་ཆུ་ཚད་མཐོ་ཞིང་ཉར་ཚགས་ཀྱི་རིན་ཐང་ལྡན་ པའི་ཐང་ག་སྐོར་ཞིག་བདམས་ནས་ཡུལ་དངོས་སུ་བཙོང་རྒྱུ་བྱས་པར།ཁོའི་བརྩམས་ཆོས《འཇིགས་བྱེད》དང《བླ་མ་མཆོད་པ》གཉིས་ཁོ་ན་འཚོང་ཐུབ་པ་བྱུང་།

༢༠༠༧ལོར་མཚོ་སྔོན་རེབ་གོང་ཐང་ག་སྒྱུ་རྩལ་འགྲེམ་ཚོགས་སྟེང་། བརྩམས་ཆོས《འཇིགས་བྱེད》ལ་བྱ་དགའ་ཐང་དང་པོ་ཐོབ།
༢༠༠༨ལོར་ཀོང་ཀྲིག་ཏུ་བསྡུས་པའི་སྐབས༡༠༣པའི་རྒྱལ་སྤྱིའི་ཉོ་འཚོང་འགྲེམ་ཚོགས་ལ་ཞུགས་ཏེ། ཐང་ག་འགྲེམ་སྟོན་ཐེངས་དང་པོ་བྱས་པས། རེབ་གོང་སྒྱུ་རྩལ་བརྩམས་ཆོས་འཛམ་གླིང་གི་ཚོང་རར་འཇུག་པར་བརྒྱུད་སྒྲོག་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན།
༢༠༠༩ལོར་སྐབས་གཉིས་པའི་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དང་ཤུལ་བཞག་རིག་གནས་འགྲེམ་ཚོགས་སམ་སྐབས་དྲུག་པའི་མི་རིགས་རིག་གནས་ལྗོངས་རྒྱུ་དུས་ཆེན་སྟེང་། བརྩམས་ཆོས《རྒྱལ་ཆེན་ཡུལ་འཁོར་སྲུང》ལ་བྱ་དགའ་ཨང་དང་པོ་ཐོབ།
༢༠༡༠ལོའི་ཟླ༦པའི་ཚེས༣༠ཉིན་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་གནང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་ལག་ཤེས་པ་ཆེན་མོའི་མཚན་སྙན་ཐོབ།
༢༠༡༡ལོར་སྐབས་བཞི་བའི་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དང་ཤུལ་བཞག་རིག་གནས་འགྲེམ་ཚོགས་སམ་སྐབས་བརྒྱད་པའི་མི་རིགས་རིག་གནས་ལྗོངས་རྒྱུ་དུས་ཆེན་སྟེང་ཁོའི་བརྩམས་ཆོས《བདེ་བ་ཅན་གྱི་ཞིང་བཀོད》ལ་བྱ་དགའ་ཨང་གཉིས་པ་ཐོབ།
༢༠༡༢ལོར་སྐབས་ལྔ་བའི་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དང་ཤུལ་བཞག་རིག་གནས་འགྲེམ་ཚོགས་སམ་སྐབས་དགུ་བའི་མི་རིགས་རིག་གནས་ལྗོངས་རྒྱུ་དུས་ཆེན་སྟེང་ཁོའི་བརྩམས་ཆོས《སངས་རྒྱས་འོད་དཔག་མེད》ལ་བྱ་དགའ་ཨང་དང་པོ་ཐོབ།

665764787
རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་།

ད་ལྟ། ཁོ་དང་ནུ་བོ་ཆོས་གྲགས་ཀྱིས་མཉམ་དུ་བསྒྲུབས་པའི་རེབ་གོང་ཀླུ་སྒྲུབ་མཛེས་རྩལ་གླིང་གིས་གྲ་སྒྲིག་ཚགས་སུ་ཆུད་དེ། དེང་ཕྱིན་སྒྱུ་རྩལ་གསར་གཏོད་དང་སློབ་གསོའི་ལས་ཀར་ནུས་པ་ཡོད་ཚད་བཏོན་ནས་རེབ་གོང་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གྱི་གསོས་སུ་འགྱུར་བའི་རེ་སྨོན་བཟང་པོ་འཆང་བཞིན་ཡོད་དོ༎

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།