སྐབས་བཅུ་གསུམ་པའི་གཞོན་གསར་གླེང་སྟེགས་སྐོར་གྱི་གནས་ཚུལ།

སྐབས་བཅུ་གསུམ་པའི་གཞོན་གསར་གླེང་སྟེགས་དེ་སྤྱི་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་དུ། ཟི་ལིང་གྲོང་ཁྱེར་ལན་པའོ་ཧྲི་གསོལ་མགྲོན་ཁང་ཆེན་མོ་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཐེངས་འདིའི་གླེང་སྟེགས་སྟེང་དུ་བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོ་ནས་ཕེབས་པའི་གསན་མཁན་ཉིས་བརྒྱ་ལྷག་ཚོགས་ར་གཅིག་ལ་འཛོམས་ཏེ། ཆེད་དུ་གདན་འདྲེན་ཞུས་པའི་གཏན་བཤད་པ་རྣམས་ཀྱི་འཁྲུག་ཆ་དོད་ཅིང་མི་ཚེ་མྱོང་སྣང་གིས་ཕྱུག་པའི་གཏན་རྒྱུད་ལ་ཉན་ནས། ཚོགས་ར་ཧྲིལ་བོ་ལྷོད་གཡེང་དང་བག་ཕེབས་ཀྱི་ངང་ནས་བདེ་ལེགས་ངང་གྲོལ། ཐེངས་འདིའི་གླེང་སྟེགས་ཀྱིས་དུས་རབས་ཀྱི་དགོངས་པ་དང་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་རང་རེིའི་གླེང་སྟེགས་སྒྲུབ་ཕྱོགས་ཀྱི་ཆིག་རྐྱང་བའི་རྣམ་པ་བསྒྱུར་ཏེ། རིག་གཞུང་ཞིབ་འཇུག་དང་བསམ་བློ་བགྲོ་གླེང་གི་གདན་ཁྲི་མཐོན་པོ་ནས་མར་བབས་ནས། ཆེས་དཀྱུས་མ་དང་ཕལ་བ་ཡི་སྒེར་མི་སོ་སོའི་མངར་སྐྱུར་འདྲེས་མའི་གཏམ་རྒྱུད་བརྗོད་
དོན་དུ་བཟུང་བར་མ་ཟད། མི་བུ་རེ་རེའི་འཚར་ལོངས་ཀྱི་འཚོ་བའི་རྒྱབ་ལྗོངས་གླེང་བའི་མཐོང་སྣེ་ནས་སྤྱི་ཚོགས་ཀྱི་དཀའ་ངལ་གདོང་ལེན་དང་དཀའ་སྤྱད་འབད་འབུངས་ཀྱི་སྙིང་སྟོབས་འབུར་དུ་ཐོན་པར་བྱས།

སྐབས་བཅུ་གསུམ་པའི་གཞོན་གསར་གླེང་སྟེགས་འདིའི་སྟེང་དུ་བོད་ཀྱི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ན་གདན་ཆ་ཅུང་ཡོད་པའི་གཏན་བཤད་པ་འགའ་གདན་དྲངས་ཡོད་པ་ནི་སོ་སོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་ལེ་ཚན་མདོ་འཛིན་པ་ཚེ་མགོན་དང་། རྨ་འབྲི་རྫ་གསུམ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་ཧྭ་ཤུལ་བཀྲ་ཤིས་རྡོ་རྗེ། རེབ་གོང་རྫོང་སློབ་དཔྱོད་ཁང་གི་སློབ་གསོ་བ་ནག་ཀྱཱ་ཤ་བོ་ཚེ་རིང་། གཙང་གསུམ་འགོ་ཁུངས་བསྟན་པ་དར་རྒྱས་འཁེལ་འཐག་བཟོ་གྲྭའི་སྤྱི་གཉེར་བ་རྭ་བསྟན་པ་དར་རྒྱས། རྒྱལ་ཁབ་རིམ་པའི་འཁྲབ་གཞུང་རྩོམ་པ་པོ་ཨ་ལོ་རིན་ཆེན་རྒྱལ་པོ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་རིན་ཆེན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་བཅས་ཡིན།

མདོ་འཛིན་པ་ཚེ་མགོན་ལགས་ཀྱིས་ཁ་བྱང་ལ༼མདོ་འཛིན་དང་འབྲེལ་བའི་མི་ཚེའི་མྱོང་སྣང་།༽ཞེས་པ་བརྗོད་གཞིར་བཟུང་ནས། སྙན་སྒྲོན་དང་མདོ་འཛིན་གྱི་ལས་ཀ་གཉེར་ཏེ་མི་ལོ་རིང་ཙམ་འགྱངས་བའི་བཞུད་ལམ་ལ་ཕྱིར་མིག་འཕངས་ནས། ཐོག་མའི་རྒྱ་ཡིག་ལས་བོད་ཡིག་གི་ཆུ་ཚད་བཟང་ཙམ་མེད་པའི་གནས་སྟངས་ཀྱིས་རང་གི་ལས་གནས་སྟེང་འཕྲད་པའི་དཀའ་ངལ་དང་། གཞོན་དུས་ཀྱི་བློ་རྩེ་གསལ་ཐོག་ལ་གཉེར་ན་འདོད་པའི་ལེ་ཚན་ལེགས་པོ་ཞིག་མ་དབང་བ། གསུམ་བདུན་ལྔ་ཐད་གཏོང་ཁང་གི་ལེ་ཚན་ཇུས་འགོད་ལ་རྨང་ཐོག་མར་བཏིང་བ་སོགས་གཏན་བཤད་ཀྱི་རྨང་དུ་བཟུང་ནས་གཏམ་བཤད་གནང་།

ཧྭ་ཤུལ་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་ཁ་བྱང་ལ༼འགལ་རྐྱེན། འགན་ཁུར། དྲིན་དྲན།༽ཞེས་པ་བརྗོད་གཞིར་བཟུང་ནས། ཡོ་རོབ་ཀྱི་རོལ་མོ་བ་གྲགས་ཅན་མོ་ཀྲ་ཐི་ལགས་ཀྱི་སྐྱེས་སྐར་དང་འབྲེལ་ནས། ཆུང་དུས་ནོར་རྫི་བྱས་པ་དེ་དཀའ་ངལ་ཆེ་ཡང་དགའ་སྣང་ཆེ་བས་དཀའ་སྡུག་ཅིག་ལ་མ་བརྩིས་པ། མིའི་དཀའ་སྡུག་ནི་རང་ལ་ཕྱི་ནང་གི་རྐྱེན་དང་རང་དབང་ངམ་གཞན་དབང་གང་རུང་གི་རྐྱེན་གྱིས་ཚུར་སྤྲད་པའི་འགན་ཁུར་དེ་ཡིན། འགན་ཁུར་དེ་ངེས་པར་དུ་ཕྲག་སྟེང་དུ་ལེན་རྒྱུ་ནི་མི་ཚེ་དོན་ཡོད་དུ་གཏོང་བྱེད་ཅིག་ཡིན། སྐྱེས་ནས་ལོ་གཅིག་འགོར་རྗེས་ཁོའི་ཕ་ལགས་འཇིག་རྟེན་དཀར་ངོགས་དང་བྲལ་བར་བརྟེན། མ་ཡུམ་ལགས་ནི་ཕ་མ་གཉིས་ཀྱི་ཚབ་མ་བྱས་ཏེ་ཁོའི་མི་ཚེའི་བཞུད་ལམ་གྱི་ལམ་ངོགས་གསལ་བྱེད་འབའ་ཞིག་ཏུ་གྱུར་པར་མ་ཟད། དཀའ་སྡུག་གི་འཚོ་བ་དེ་ལྟ་བུའི་ཁྲོད་ནས་དཔའ་མ་ཞུམ་གཉའ་མ་སྒུར་བར་རང་ལམ་རང་གིས་བཙལ་བ་སོགས་གཏམ་བཤད་ཀྱི་རྨང་དུ་བཟུང་ནས་ཡིད་སེམས་འགུལ་བའི་གཏམ་བཤད་གནང་།

ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་ཀྱིས་ཁ་བྱང་ལ༼ངས་སློབ་གསོའི་ལམ་ཁ་འདི་བདམས་དོན། ༽ཞེས་པ་བརྗོད་གཞིར་བཟུང་ནས། ཐོག་མའི་རྩོམ་རིག་གི་དད་མོས་དང་གཞུང་ཞབས་པའི་ལས་ཀ་བསྐྱུར་ནས་གཞི་རིམ་གྱི་དགེ་རྒན་བྱས་པའི་གོ་རིམ་ལ་ཕྱིར་དྲན་བྱས་ཏེ། སློབ་གསོའི་ལས་གནས་བདམས་དོན་དང་། དངོས་སྦྱོང་གི་གོ་རིམ་ཁྲོད་ནས་སློབ་མ་དང་འབྲེལ་འདྲིས་བྱུང་བར་བརྟེན་ནས། སློབ་གསོའི་དགོས་པ་དང་སྙིང་བོ་ལ་ངེས་ཤེས་ཐོབ་སྟེ། ཕུགས་འདུན་སློབ་གསོར་བཅོལ་བ་སོགས་གཏན་བཤད་ཀྱི་རྨང་གདན་དུ་བཟུང་ནས་ཚོར་བས་ཁྱོགས་པའི་གཏམ་བཤད་གནང་།

རྭ་བསྟན་པ་དར་རྒྱས་ལགས་ཀྱིས་ཁ་བྱང་ལ༼ང་དང་འཁེལ་འཐག་བཟོ་གྲྭ༽ཞེས་པ་བརྗོད་གཞིར་བཟུང་ནས། རང་གི་ལག་ཟུང་ལ་བརྟེན་ནས་འཚོ་བ་བསྐྲུན་པའི་ལས་ཀ་ནི་མཛེས་སྡུག་ཅིག་ཡིན་པ་དང་། ཉི་ཧོང་ནས་སློབ་གཉེར་དང་ལས་ཀ་བྱེད་པའི་རིང་ལ་དཀའ་ངལ་གང་མང་ལ་འཕྲད་ཀྱང་། རང་གི་ལུས་པོ་དང་འབྲལ་མེད་དུ་སྦྱར་བའི་སྲུང་འཁོར་ཚི་དྲེགས་མ་དེ་ལ་བསྣམས་ནས་ཕ་ཡུལ་གྱི་དྲན་གདུང་དང་ཡུལ་གྱིས་བསྐལ་བའི་ཕ་མ་དྲན་པའི་གདུང་བ་སེལ་བར་མ་ཟད། འ་ཟད་འུ་ཐུག་གི་སྐབས་སུ་པཎ་ཆེན་དྲན་གླུ་ཞེས་པའི་གཞས་དེ་ལ་ཉན་ནས་རང་གིས་རང་ལ་ངར་བླུད་པ་སོགས་ཚོར་སྣང་གི་སྲད་བུར་བརྒྱུས་ཏེ་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ལྡན་པའི་གཏམ་བཤད་གནང་།

ཨ་ལོ་རིན་ཆེན་རྒྱལ་པོ་ལགས་ཀྱིས་ཁ་བྱང་ལ༼ང་དང་བོད་རང་གི་ཟློས་གར། ༽ཞེས་པ་བརྗོད་གཞིར་བཟུང་ནས། ཆུང་དུས་འབྱོར་ལྡན་གྲལ་རིམ་གྱི་ཁྱིམ་ཚང་ནས་ལག་ཆགས་པའི་དབང་གིས། ཁོ་སྐྱེས་དུས་ནི་རིག་གནས་གསར་བརྗེ་དང་གྲལ་རིམ་འཐབ་རྩོད་ཀྱི་ངར་སྒང་ལ་འཁེལ་བར་བརྟེན། ལོ་ཆུང་དུས་རང་ལ་དབང་བའི་པར་ཞིག་བསྐྱོན་ཆེད། པར་ལེན་ཁང་ཞིག་ཏུ་པར་ལེན་དུ་སོང་རུང་། པར་བསྐྱོན་མཁན་གྱིས་ཁོའི་སྐྱེས་ཁུངས་འབྱོར་ལྡན་ཁྱིམ་ཚང་ཡིན་པའི་དབང་གིས། པར་ལེན་ཐུབ་མ་བྱུང་བ་དང་འབྲེལ་ཏེ་མི་ཞིག་ལ་རང་གཤིས་གྲུབ་པ་དང་མི་རིགས་ཤིག་ལ་རང་གཤིས་གྲུབ་པ་ནི་གང་ནས་འགོ་བརྩམས་པ་དང་རྐྱེན་ཅི་ལ་བརྟེན་ནས་གྲུབ་པའི་སྐོར་སོགས་བརྗོད་གཞིར་བཟུང་སྟེ། གཏམ་རྒྱུད་ཀྱི་ཤས་ཆེ་ཞིང་མི་སེམས་ཚོས་ཀྱིས་བསྒྱུར་སླ་བའི་སྐད་ཆའི་བབ་ལེགས་པོ་ཞིག་ལ་རང་གི་འཚར་སྐྱེད་གོ་རིམ་ཆ་ཚང་བརྒྱུས་ཏེ་གཏམ་བཤད་གནང་།

ལུང་རིན་ཆེན་ལགས་ཀྱིས་ཁ་བྱང་ལ༼རྩོམ་རིག་དང་ལོ་ཙཱའི་སྐོར་གྱི་དྲན་ཚུལ་ཐོར་བུ། ༽ཞེས་པ་བརྗོད་གཞིར་བཟུང་ནས། ཁོའི་ཁྱིམ་ཚང་གི་རྒྱབ་ལྗོངས་ནི་ལོ་ཙཱའི་རྨང་གཞི་ཡོད་པ་ཞིག་རེད། ཕ་རྒྱ་རིགས་ཡིན་པའི་རྐྱེན་གྱིས་རྒྱ་ཡིག་གི་དཔེ་ཆ་མང་པོ་ཞིག་བཀླགས་པ་དང་། རྗེས་སུ་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་སོང་། དཔལ་དོན་གྲུབ་རྒྱལ་སློབ་གྲྭ་དེར་ཕེབས་པས་རྩོམ་རིག་དང་ལོ་ཙཱའི་ལམ་དུ་ཞུགས་འདོད་ཀྱི་འདུན་མ་རྒྱས་པ། བོད་པ་ཚོས་སྐད་གཉིས་ཤེས་པའི་འཇོན་ཐང་འདི་བེད་སྤྱོད་ལེགས་པོ་གཏང་འོས་པ། བོད་རང་གི་ལོ་རྒྱུས་ལ་བལྟས་ན་ལོ་ཙཱའི་བྱ་བ་གལ་འགངས་ཆེ་ཤོས་ཤིག་ཡིན་པ་རྟོགས་སླ་ནའང་། ད་ལྟའི་ཕྱི་རབས་པ་དང་སྤྱི་ཚོགས་ཀྱིས་དེའི་དགོས་གལ་རང་བཞིན་ལ་གོ་བ་ཡང་དག་འདྲོངས་མེད་པ་སོགས་སྐྱ་ཐིག་ཏུ་བཟུང་ནས་གཏམ་བཤད་གནང་།

ཟོན་ཐར་རྒྱལ་ལགས་ཀྱིས་ཁ་བྱང་ལ༼ང་དང་གློག་བརྙན་གྱི་ལས་འབྲེལ། ༽ཞེས་པ་བརྗོད་གཞིར་བཟུང་ནས། ཐོག་མའི་རི་མོ་བ་ཞིག་ནས་མཐའ་མར་གློག་བརྙན་གྱི་ལམ་བུ་བདམས་པའི་གོ་རིམ་དང་། ཕབ་སྐྲུན་བྱས་པའི་གློག་བརྙན་སྐོར་ཅིག་ལ་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་སྡིངས་ཆ་སོ་སོ་ནས་དགའ་གུས་ཚད་མེད་ཐོབ་པ་ཤེས་རྗེས། གཞི་ནས་གྲུབ་འབྲས་དེ་ནི་རང་ཉིད་ཁོ་ནའི་མ་ཡིན་པར། རང་གི་མི་རིགས་དང་རིག་གནས་ནི་རང་གི་གློག་བརྙན་ལ་དགའ་གུས་ཚད་མེད་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་སོགས་སྒྲོམ་གཞིར་བཟུང་ནས་གཏམ་བཤད་གནང་།

གཞོན་གསར་གླེང་སྟེགས་ཀྱི་གཙོ་སྒྲུབ་པ་རྣོ་སྦྲེང་ལགས་ཀྱིས་གཏམ་བཤད་པ་ཨ་ལོ་རིན་ཆེན་རྒྱལ་པོ་ལགས་ལ་ལེགས་སྐྱེས་འབུལ་བཞིན་པ།

གཞོན་གསར་གླེང་སྟེགས་ཀྱི་གཙོ་སྒྲུབ་པ་རྣོ་སྦྲེང་ལགས་ཀྱིས་གཏམ་བཤད་པ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་ལ་ལེགས་སྐྱེས་འབུལ་བཞིན་པ།

གཞོན་གསར་གླེང་སྟེགས་ཀྱི་གཙོ་སྒྲུབ་པ་རྣོ་སྦྲེང་ལགས་ཀྱིས་གཏམ་བཤད་པ་ཟོན་ཐར་རྒྱལ་ལགས་ལ་ལེགས་སྐྱེས་འབུལ་བཞིན་པ།

གཞོན་གསར་གླེང་སྟེགས་ཀྱི་གཙོ་སྒྲུབ་པ་རྣོ་སྦྲེང་ལགས་ཀྱིས་གཏམ་བཤད་པ་ཧྭ་ཤུལ་བཀྲ་ཤིས་རྡོ་རྗེ་ལགས་ལ་ལེགས་སྐྱེས་འབུལ་བཞིན་པ།

གཞོན་གསར་གླེང་སྟེགས་ཀྱི་གཙོ་སྒྲུབ་པ་རྣོ་སྦྲེང་ལགས་ཀྱིས་གཏམ་བཤད་པ་ཚེ་མགོན་ལགས་ལ་ལེགས་སྐྱེས་འབུལ་བཞིན་པ།

གཞོན་གསར་གླེང་སྟེགས་ཀྱི་གཙོ་སྒྲུབ་པ་རྣོ་སྦྲེང་ལགས་ཀྱིས་གཏམ་བཤད་པ་རྭ་བསྟན་པ་དར་རྒྱས་ལགས་ལ་ལེགས་སྐྱེས་འབུལ་བཞིན་པ།

གཞོན་གསར་གླེང་སྟེགས་ཀྱི་གཙོ་སྒྲུབ་པ་རྣོ་སྦྲེང་ལགས་ཀྱིས་གཏམ་བཤད་པ་ལུང་རིན་ཆེན་ལགས་ལ་ལེགས་སྐྱེས་འབུལ་བཞིན་པ།

ཐེངས་འདིའི་གདན་ཞུའི་སྐུ་མགྲོན་དང་རྣོ་སྦྲེང་གློག་བརྙན་འཕྲིན་ཚང་གི་ལས་བཟོ་བ་དག་གི་མཉམ་པར།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།