༄༅།། སྤྱི་ལོ2016ལོའི་ཟླ4བའི་ཚེས23ཉིན་ཏེ་སྐབས21པའི་འཛམ་གླིང་དཔེ་ཀློག་ཉིན་མོར།

༄༅།། སྤྱི་ལོ2016ལོའི་ཟླ4བའི་ཚེས23ཉིན་ཏེ་སྐབས21པའི་འཛམ་གླིང་དཔེ་ཀློག་ཉིན་མོར། མདོ་སྨད་ཁྱུང་མཆུ་རྫོང་གསེར་དེའུ་གྲོང་རྡལ་སློབ་ཆུང་གིས་འཛམ་གླིང་དཔེ་ཀློག་དུས་དྲན་གྱི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་གསུམ་པ་དབྱངས་ཀྱི་གཤོག་པ་ལྗང་ཁུ་ཞེས་བྱ་བའི་ཆོ་ག་ཞིག་སྤེལ་ཚུལ།

2

གཅིག དཔེ་ཀློག་དུས་ཆེན་ངོ་སྤྲོད་མདོ་ཙམ།

རྒྱལ་སྤྱིའི་དཔེ་ཀློག་དུས་ཆེན། མིང་ཆ་ཚང་ལ་འཛམ་གླིང་དཔེ་ཀློག་དང་དཔེ་སྐྲུན་རང་དབང་གི་ཉིན་མོ་ཟེར། དཔེ་ཀློག་དུས་ཆེན་འདི་ནི་སི་པེན་རྒྱལ་ཁབ་ཀྱི་གནའ་བོའི་ངོ་མཚར་གཏམ་རྒྱུད་ཅིག་ལས་བྱུང་།
དེ་ཡང་་སི་པེན་གྱི་སྒ་ཁྲ་ལོ་ནི་ཡ་ཟེར་བའི་ཡུལ་དེའི་རི་ན་མི་ཤ་ཟ་མཁན་གྱི་འབྲུག་ཧ་ཅང་གཏུམ་པོ་ཞིག་ཡོད་པར་གྲགས་ལ། ལོ་རེར་མི་རེ་འབྲུག་གཏུམ་པོ་དེར་གསོན་འབུལ་བྱེད་པའི་སྲོལ་ཞིག་ཡོད། ལོ་ཞིག་ལ་རྒྱལ་པོའི་སྲས་མོར་ཁེལ་བས། བཟློག་ཐབས་མེད་པའི་ལས་ཀྱིས་སྲས་མོ་མཆོད་འབུལ་བྱེད་གྲབས་ཀྱི་དུས་དེར། དཔའ་རྒོད་ལྗོར་ལྗིས་ཟེར་བ་སླེབས་ཤིང་། ཟླ4པའི་ཚེས23ཉིན། དཔའ་རྒོད་ཁོ་རི་ལ་འཛེགས་ནས་མི་ཤ་ཟ་མཁན་གྱི་འབྲུག་གཏུམ་པོ་དང་ཉིན་གང་བོར་འཐབ་འཛིང་བྱས་མཐར་གཞི་ནས་འདུལ་ཐུབ་པ་བྱུང་། རྒྱལ་པོའི་སྲས་མོ་ཡང་སྲོག་ལས་ཐར་བས་སྲས་མོས་དཔའ་རྒོད་དེ་ལ་དཔེ་ཆ་ཞིག་མཚམས་རྟགས་སུ་ཕུལ། དེས་ནི་ཤེས་རབ་དང་སྟོབས་ཤུགས་ཟུང་དུ་མཚོན་པ་རེད། དེ་ནས་བཟུང་། ཡུལ་དེ་གའི་བུད་མེད་རྣམས་ཀྱིས་ཀྱང་ལོ་རེའི་ཉིན་མོ་འདིར་རང་གི་ཁྱོ་ག་དང་མཛའ་བོ་སོགས་ལ་དཔེ་ཆ་འབུལ་བའི་སྲོལ་དར་ཞིང་། སྐྱེས་པ་ཚོས་ཕྱིར་རྒྱ་སེ་མེ་ཏོག་ལེགས་སྐྱེས་སུ་འབུལ་བ་ཡིན། རྟེན་འབྲེལ་ལེགས་པ་ཞིག་ལ། ཟླ4པའི་ཚེས23ཉིན་ནི་སི་པེན་རྒྱལ་ཁབ་ཀྱི་འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ། འཛམ་གླིང་དེང་རབས་བརྩམས་སྒྲུང་གི་སྲོལ་འབྱེད་པ་སེ་ཝན་ཐེའུ་སི་ཡི་རྗེས་དྲན་ཉིན་མོ་ཡིན་ལ། ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་སྐབས་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་གྲགས་ཅན་ཤིགས་སི་ཕེར་ལགས་ཀྱི་འཁྲུངས་སྐར་དང་འདས་སྐར་གཅིག་ཏུ་ཁེལ་བའི་ཉིན་མོའང་ཡིན། ད་དུང་ཨ་རིའི་རྩོམ་པ་པོ་ནཱ་ཕུའུ་ཁི་ཧྥོའུ་དང་ཧྥ་རན་སིའི་རྩོམ་པ་པོ་མོ་ལེའུ་སི་ཏི་ལོའུ་ཨང་། འཁྱག་གླིང་གི་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་ལཱ་ཁེ་སི་ནེའུ་སི་སོགས་འཛམ་གླིང་ཡུལ་གྲུ་ཀུན་ལ་མིང་དུ་གྲགས་པའི་རྩོམ་པ་པོ་མང་པོ་ཞིག་གི་སྐྱེས་སྐར་དུའང་ཁེལ་བས་ན། 1995ལོར། མཉམ་འབྲེལ་རྒྱལ་ཚོགས་ཚང་གིས་ཟླ4པའི་ཚེས23ཉིན་འདི་རྒྱལ་སྤྱིའི་དཔེ་ཀློག་ཉིན་མོར་བདམས་ཤིང་། ད་ཆ་འཛམ་གླིང་ཤར་ནུབ་ཀུན་གྱི་རྒྱལ་ཁབ་བརྒྱ་ལྷག་གིས་ཉིན་མོ་འདི་ལ་སོ་སོའི་བྱེད་ལུགས་ལྟར་དཔེ་ཀློག་སྐོར་གྱི་ཆོ་ག་སྣ་ཚོགས་སྤེལ་བཞིན་ཡོད། འདི་ནི་འགྲོ་བ་མིའི་རིགས་ཀྱིས་ཤེས་རིག་གི་རིན་ཐང་ལ་བརྩི་བཀུར་བྱེད་པའི་ཀུན་སློང་དྭངས་མ་ཞིག་ཡིན་ལ། ཤེས་རིག་དང་དཔེ་སྐྲུན་གྱི་རང་དབང་ལ་སྲུང་སྐྱོབ་མཛད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུའང་གྲུབ།

གཉིས། འདི་ལྟའི་བྱ་འགུལ་སྤེལ་དོན།

ད་ལྟའི་མི་རྣམས་ཀྱིས། གཞུང་གི་དུས་ཆེན་ཁག་གཙོ་བྱས་པའི་དུས་ཆེན་མང་པོ་ཞིག་ལ་ང་ངར་ཁྱོད་ངར་གྱིས་སྔ་ཕྱི་རྩོད་ཀྱིན་ཡོད་དེ། རྒྱུ་མཚན་ནི་དུས་ཆེན་དེ་ག་ལ་གཞུང་ནས་ངལ་གསོ་གནངས་བའམ། ཟ་འཐུང་གི་སྟོན་མོ་བཤམས་པའམ། ཡར་མར་འཁྱམ་ཉུལ་གྱི་གླགས་རྙེད་པ་གང་རུང་ཁོ་ནས་མ་གཏོགས། དུས་ཆེན་ཟེར་བ་ཞིག་དོན་གྱི་ཆ་ནས་དུས་ཆེན་ལྟར་རོལ་ཅིང་དུས་ཆེན་པོ་ཞིག་ཡིན་པའི་དོན་སྙིང་ཟེར་བ་སོགས་ལ་ནི་མཉམ་འཇོག་གང་ཡང་མེད་པས། དཔེ་ཀློག་དུས་ཆེན་ཟེར་བ་སོགས་ལ་ནི་བཤད་མ་དགོས་ས་རེད། ཐ་ན་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཟེར་བ་ཞིག་ཡོད་རབས་ཤེས་ཀྱི་མེད་ལ་ཤེས་རུང་མཐོང་ཆེན་བྱེད་ཐུབ་མེད། འདི་ནི་ང་རང་ཚོ་ངོ་གནོངས་དགོས་པ་ཞིག་མ་ཡིན་ནམ།
སྤྱིར་ན་འུ་ཅག་ནི་མ་གཞི་ནས་རིག་གནས་དང་དཔེ་ཆ་ལ་འབྲེལ་འདྲེས་ཉུང་ལ། ལྷག་པར་སློབ་གསོའི་སྡེ་ཁག་ན་བྱ་བ་གཉེར་བའི་དགེ་རྒན་ཡིན་ལོ་མང་པོ་ཞིག་གིས་ཀྱང་རང་གི་འཚོ་བ་དང་ཁེ་ཕན་ཁོ་ན་ཙམ་གྱིས་སློབ་ཁྲིད་དང་སློབ་གསོའི་ལས་སུ་སྙེགས་པ་ལས། ངེས་པ་དོན་གྱིས་སློབ་གསོ་དང་སློབ་ཁྲིད་ལ་སེམས་ཁུར་རྨང་ནས་བྱས་ཏེ། རང་ནུས་ཅི་ལྕོག་གིས་དཔེ་ཀློག་ཀྱང་ཅི་ཐུབ་ཅིག་འེ་འགྲུབ་བལྟ་མཁན་ཤིན་ཏུ་ཉུང་བ་དེས་ནི། རང་ཅག་གི་སློབ་གསོ་དང་ཤེས་རིག་འཕེལ་རྒྱས་ཀྱི་བག་ལ་ཞ་བའི་ལམ་ཁ་དེ་གསལ་བོར་མཚོན་ཡོད་པ་མ་ཡིན་ནམ། མ་གཞི་དུས་དྲན་ནི་དུས་དྲན་ཙམ་སྟེ། ཉིན་གཅིག་རིང་གི་བྱ་འགུལ་ཁོ་ན་ཙམ་ཡིན་ན་ཡང་། ཅིའི་ཕྱིར་དུས་དྲན་བྱེད་པ་དང་ཇི་ལྟར་དུས་དྲན་བྱེད་དགོས་པའི་དྲི་བ་ནི་སོ་སོའི་ཡུལ་དུ་ངེས་པར་དུ་ཡོད་དགོས་པའི་དོན་དག་ཅིག་རེད་སྙམ། དེ་བཞིན་དཔེ་ཀློག་ཉིན་མོར་དུས་དྲན་བྱེད་པ་ཡང་སློབ་མའི་ངོས་ནས་དཔེ་ཆ་ཀློག་པ་ནི་གལ་ཆེན་པོ་ཞིག་དང་རིན་ཐང་ཆེན་པོ་ཅན་ཞིག་ཡིན་པའི་ངེས་ཤེས་འོག་དཔེ་ཀློག་ལ་དགའ་མོས་བསྐྱེད་ཐབས་དང་དགེ་རྒན་སོགས་ཀྱིས་རང་གི་དཔེ་ཀློག་ལ་འཆར་བཀོད་གསར་བ་ཞིག་དང་གོམ་སྟབས་གསར་བ་ཞིག ཡང་ན་སྟོབས་ཤུགས་གསར་བ་ཞིག་སྨིན་དགོས་པ་ནི་འཛམ་གླིང་དཔེ་ཀློག་ཉིན་མོར་དུས་དྲན་བྱེད་དགོས་ཀྱི་རྒྱུ་མཚན་ཞིག་ཀྱང་རེད་འདོད།

གསུམ། བྱ་འགུལ་གྱི་བརྒྱུད་རིམ།

གསེར་དེའུ་སློབ་ཆུང་གིས་སྤྱི་ལོ2014ལོ་ནས་བཟུང་འཛམ་གླིང་དཔེ་ཀློག་ཉིན་མོ་རྗེས་དྲན་གྱི་ཆོ་ག་སྤེལ་བ་ཡིན་ཞིང་། དེ་ནི་སློབ་གྲོགས་དང་དགེ་རྒན་རྣམས་དཔེ་ཀློག་ལ་དགའ་བ་དང་། དཔེ་ཀློག་གི་གོམས་གཤིས་ཡག་པོ་ཆགས་པར་དམིགས་པ་ཡིན། གསེར་དེའུ་སློབ་ཆུང་གི་དཔེ་མཛོད་ཁང་དུ། གཞུང་གིས་སྤྲད་པའི་དཔེ་ཆ་ལས་གཞན་ཟི་ལིང་སོགས་ནས་སློབ་མ་དང་དགེ་རྒན་སོ་སོར་འཚམས་པའི་བོད་ཡིག་དཔེ་ཆ་དུ་མ་བླུས་ཡོད་ཅིང་། སློབ་གྲོགས་དང་དགེ་རྒན་རྣམས་ལ་ཅི་འདོད་དུ་གཡར་བཞིན་ཡོད་པས། ལོ་རིམ་མཐོ་བའི་སློབ་གྲོགས་སྐོར་ཞིག་ལ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཆགས་ཡོད། སང་ལོ་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་ལེགས་འགྲུབ་བྱུང་རྗེས། དགེ་སློབ70ཡས་མས་ཀྱིས་དུས་མཉམ་དུ་དཔེ་ཀློག་བྱེད་ཐུབ་པའི་དཔེ་མཛོད་ཁང་ཞིག་བསྐྲུན་འཆར་ཡང་ཡོད་དོ།།
སྤྱི་ལོ2016ལོའི་ཟླ4ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད8ཀྱི་སྟེང་ནས་ང་ཚོས་ལོ་སྔོན་མའི་ཉམས་མྱོང་དང་རྨང་གཞིའི་སྟེང་ནས་སླར་ཡང་ལོ་འདིའི་དཔེ་ཀློག་ཉིན་མོར་དུས་དྲན་གྱི་ཆོ་ག་སྟེ། སྐབས་གསུམ་པའི་སྙན་ངག་གྱེར་འདོན་འགྲན་སྡུར་དབྱངས་ཀྱི་གཤོག་པ་ལྗ་ཁུ་བྱ་བ་དེ་སྤེལ་ཞིང་། འདི་གའི་སློབ་གྲྭ་གཞུང་གིས་རྒྱབ་སྐྱོར་དང་མཐུན་རྐྱེན་གྱ་ནོམ་པའི་ཐོག་དགེ་རྒན་ཡར་སེམས་ཅན་མང་པོའི་མ་བགོས་ཁུར་ལེན་གྱིས་རོགས་འདེགས་དང་། སློབ་མ་དག་གི་འབད་པ་ཧུར་ཐག་བཅས་ཀྱིས་ཐེངས་འདིའི་བྱ་འགུལ་གྱི་མགོ་མཇུག་བར་གསུམ་ཅུང་ལེགས་འགྲུབ་བྱུང་བར་སྙམ།

1
འདི་གའི་རྒན་བསྟན་གསལ་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་མདོ་འཛིན་གནང་བཞིན་པ།

3

6

ཐེངས་འདིའི་བྱ་འགུལ་གྱི་ཡུལ་དངོས་འདྲ་པར་འགའ།

7

བྱ་དགའ་གནངས་བའི་རིམ་པ།

8

ཐེངས་འདིའི་བྱ་འགུལ་གྱི་དཔྱད་འདེམ་པའི་མཉམ་པར། ༼ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་འཇམ་དབྱངས། རྫོང་སློབ་འབྲིང་གི་དགེ་རྒན་དཀོན་བཀྲ། རེ་སྨོན་སློབ་ཆུང་གི་དགེ་རྒན་ཡེ་ཤེས། རེ་སྨོན་སློབ་ཆུང་གི་དགེ་རྒན་ཚེ་རིང་སྐྱབས་བཅས་དང་། གཞན་སློབ་གྲྭ་རང་གི་དགེ་རྒན་རྟ་མགྲིན་རྡོ་རྗེ། བསོད་མགོན། ཚེ་རིང་དོན་གྲུབ་བཅས་ཡིན།༽

11

གསེར་དེའུ་སློབ་གྲྭའི་སློབ་གཙོ་རྒན་ཕུར་བ་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་མཇུག་སྡོམ་བྱེད་ཀྱིན་པ།

བཞི། ཐེངས་འདིའི་དཔེ་ཀློག་དུས་དྲན་ལ་ཆེད་དུ་བྲིས་པའི་སྙན་ངག

དབྱངས་ཀྱི་གཤོག་པ་ལྫང་ཁུ།

༢༠༡༦ལོའི་འཛམ་གླིང་དཔེ་ཀློག་ཉིན་མོར་ཕུལ་བ།


འབྲི་མཁན། གཡག་སུག
གྱེར་འདོན་མཁན། རྒན་བསྟན་གསལ།


རླུང་འཚུབ་དང་མུན་ནག་གི་མདུན་དུ
ལོ་རྒྱུས་དང་འཚོ་བ་ཡི་དབུས་སུ
ཁྱོད་ཁོ་ན་བདག་གི་བློས་ཐུབ་ཀྱི་གྲོགས་པོ་སྟེ
ཁྱོད་ཁོ་ན་ང་ལ་དབང་བའི་ཕུགས་བསམ་གྱི་ཡུལ་གྲུ་དེ
དུས་ཚོད་ནག་པོ་ཞིག་གིས
ཁྱོད་ཀྱི་ལོ་རྒྱུས་ཀྱི་རྒྱབ་ཤ་ལེབ་ཀྱིས་གཤགས་དུས
ཁྱོད་ནི་སྔར་བཞིན ཁྲག་དམར་ལྷོག་ལྷོག་གདུ་བའི་དྲོད་ཁོལ་ལྷག་མ་དེ་མིན་ནམ
མུན་པ་ནག་པོ་ཞིག་གིས
ཁྱོད་ཀྱི་མདུན་སྐྱོད་ཀྱི་ལམ་པ་ཅར་གྱིས་བསྒྲིབས་དུས
ཁྱོད་ནི་སྔར་བཞིན མུན་ནག་ལ་ལྷན་ནེར་ཕྱོགས་པའི་འོད་སྣང་ཕོན་པོ་དེ་མིན་ནམ
བདག་སེམས་གྱེན་དུ་བརྩེངས་མཁན་གྱི
བདག་སེམས་དྲོད་ཀྱིས་གསོ་མཁན་གྱི
པ་ལགས་ཀྱི་དྲོལ་ཁོལ་ལྟ་བུའི་ཞལ་གདོང་དཀར་པོའི་བདག་ཉིད་ཅན་དེ


ཁྱོད་ལ་རྒོལ་བ་བཙན་ཡང་རས་པ་སྲ་མོ་ཡི
ཁྱོད་ལ རྩིས་ཐང་བཅད་ཀྱང་བློ་ཁོག་ཡངས་མོ་ཡི
ཤ་དང་ཁྲག་དང་རུས་པའི་གཟུགས་ཀྱིས་ངར་ཤུགས་སྐྱེན་པས
ངས་ཁྱོད་ཀྱི་ཤེས་རབ་ཀྱིས་རང་ཉིད་དངོས་སུ་རྙེད་ཅིང
ངས་ཁྱོད་ཀྱི་སྟོབས་ཤུགས་ཀྱིས་མི་རིགས་འདི་ཡང་གསལ་བོར་རྙེད


ཡིན་ནའང དུས་ཚོད་དང་ལོ་རྒྱུས་ཀྱི་མདུན་དུ
མང་པོ་ཞིག་གིས་ཁྱོད་ཀྱི་དཔལ་ཡོན་མ་མཐོང་ཡང
འཚོ་བ་དང་ཚེ་སྲོག་གི་མདུན་དུ
མང་པོ་ཞིག་གིས་ཁྱོད་ཀྱི་བྲང་ཁོག་མ་རྙེད་ཀྱང
ཁྱོད་ནི་སྔར་བཞིན་ཨ་སྔོན་འཕྲེད་ཀྱིས་གཅོད་པའི་གཤོག་པ་རང་ཡན་དེ་ཡིན
ཁྱོད་ནི་སྔར་བཞིན་ས་གཞི་དྲོད་ཀྱིས་གསོ་བའི་གཤོག་པ་ལྗང་ཁུ་དེ་ཡིན


ལོ་དང་ཟླ་བས་འཇིག་རྟེན་རྟིང་འོག་བརྗེས་ཀྱང
སྡུག་དང་མུན་པས་མི་སེམས་ཀེམ་ཀེམ་བསྒུལ་ཡང
ཁྱོད་ཀྱི་དབྱངས་རྟ་དབྱངས་གསལ་སོ་བཞིའི་མགྲིན་པར་འཁྱུད་ཡོད
ཁྱོད་ཀྱི་ཁ་དོག་གདོང་བ་དམར་བོའི་སེམས་པར་ཆགས་ཡོད
མུན་པ་མཆེད་ཀྱང་ཁྱོད་ཀྱི་ཁྲག་ལ་འདྲེ་དོགས་མེད
མུན་པ་མཆེད་ཀྱང་ཁྱོད་ཀྱི་རྐང་ལ་སྦག་དོགས་མེད


ཀྭ་ཡེ འཇིག་རྟེན་སྒོ་མོ་འབྱེད་མཁན་གྱི
རིག་པའི་ཚང་མལ་སློག་མཁན་གྱི
མུན་པའི་ཡོ་དོང་སྤྲུགས་མཁན་གྱི
ཐ་སྙད་ཀྱི་འདུ་བྱེད ཚིག་གི་འདུ་བྱེད རིགས་རྒྱུད་ཀྱི་གཤོག་པ་ཡཱ
ཁྱོད་ཀྱི་བསུང་ཞིམ་གྱིས་ང་ལ་ང་རྒྱལ་གྱི་དབུ་འཕངས་ལྷག་མ་བསྟད
ཁྱོད་ཀྱི་སྒེག་ཉམས་ཀྱིས་ང་རང་ཁྱོད་དང་གཏན་ནས་འབྲལ་མི་ཕོད་པར་བྱས

2016.4.23

ཆེད་ཞུ། ཐེངས་འདིའི་བྱ་འགུལ་ལ་ཆེད་དོན་སློབ་གྲྭ་གཞན་ནས་འོང་བའི་དཔྱད་འདེམ་དགེ་རྒན་དག་ལ་ཁ་དྲོ་བཀྲ་ཤིས་དང་བཅས།

གསར་འགོད་པ། རྟ་མགྲིན་རྡོ་རྗེ། བསྟན་གསལ། ཆོས་སྣང་བཅས་ཀྱིས།
2016.4.24ཉིན་ལ།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།