TBTVགཞོན་གསར་དྲ་ལམ་བརྙན་འཕྲིན་ཤར་གཏོང་བྱས་ཡོད།

TBTVདྲ་བརྙན་ཤར་གཏོང་བྱས་ཡོད། ང་ཚོས་མི་ལོ་བཅུ་ལྷག་གི་རིང་ལ་གཞོན་གསར་དྲ་བ་གཉེར་ནས་ཡོང་། ཡིན་ནའང་གཞོན་གསར་དྲ་བའི་སྒང་ལ་རྩོམ་ཡིག་འགོད་པའི་ཕན་ཆད་ནས་སྒྲ་དང་བརྙན་སོགས་འཇོག་པ་ལ་བར་སྟོང་དང་ཕྱོགས་གང་ཅིའི་ཐད་ནས་སྟབས་བདེ་བོ་མེད་པའི་ཁར། སྐད་འཕྲིན་དང་སྤྱི་སྟེགས་དར་བ་ནས་ཧ་ལམ་མི་རེ་རེ་ལ་སྤྱི་སྟེགས་རེ་རེ་ཡོད་ཅིང་། གཞན་གྱི་དཀའ་སྤྱད་ལས་ཐོན་པའི་འབྲས་བུ་རེ་རེ། སྤྱི་སྟེགས་རྩོམ་སྒྲིག་པ་རེ་རེའི་མི་མངོན་པའི་ལག་ཟུང་བརྐྱངས་ནས་འཁྱེར་འགྲོ་བས། དྲ་བར་རྩོམ་སྒྲིག་བྱེད་འདོད་ཀྱི་་དང་ག་རེ་ཞིག་འགག་སྟེ། གཞོན་གསར་དྲ་བར་རྩོམ་ཡིག་སྤུས་གཙང་རེ་ཟུང་འགོད་པ་ལས། གྲངས་ཀའི་རྗེས་སུ་སྙེག་པའི་ལས་ཀ་རེ་ཞིག་བསྐྱུར། གང་ལྟར་ད་རེས། ང་ཚོས་དུས་ཡུན་རིང་བོ་ཞིག་གི་འབད་པ་བརྒྱུད་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། བྱ་རིམ་ཆུང་བའི་མཉེན་ཆས་བེད་སྤྱད་ནས་TBTVཞེས་པའི་སྒྲ་བརྙན་གཙོ་བོར་བཟུང་བའི་བརྙན་ལམ་ཞིག་ཤར་གཏོང་བྱས་ཡོད།

དྲ་བརྙན་འདི་ཤར་གཏོང་བྱེད་དགོས་པའི་དམིགས་པ་གཙོ་བོ་ནི། རོལ་རྩེད་ཀྱི་གོང་ཐང་ཇེ་ཆེ་དང་ཤེས་བྱའི་རིན་ཐང་ཇེ་ཆུང་དུ་འགྲོ་བའི་བར་གསེང་འདིར། ང་ཚོས་ཤེས་བྱའི་རིན་ཐང་ཇེ་དམའ་རུ་གཏོང་མི་རུང་བའི་རྩ་དོན་གཞིར་བཟུང་ནས། ཕྱོགས་སོ་སོའི་སློབ་དཔོན་ཆེན་མོ་དང་། དགེ་བའི་བཤེས་གཉེན། སྐྱ་སེར་ཤེས་ལྡན་པ་མང་པོ་ལ་སོ་སོའི་ཆེད་ལས་ཐད་ཀྱི་སློབ་ཁྲིད་དང་། བཅར་འདྲི། གཏམ་བཤད་སོགས་བྱེད་དུ་འཇུག་རྒྱུ་ཡིན་ལ། དེ་ལ་སོ་སོའི་ཆེད་ལས་དང་ཁམས་མོས་པ་ཇི་ལྟ་བ་བཞིན་དུ་རིན་ལྡན་གྱི་ལམ་ནས་ལོངས་སྤྱོད་ཀྱི་བགོ་སྐལ་དུ་འཇོག་རྩིས་ཡོད།

གཞན། བརྙན་ཕྲན་དང་དངོས་ཞུ་གློག་བརྙན་གྱི་བདག་པོ། ལེ་ཚན་གཞན་གཙོ་སྐྱོང་བ་དག་གིས་ངེད་ཀྱི་སྡིངས་ཆ་འདི་ལ་མཉམ་འབྲེལ་གནང་འདོད་ཚེ། ངེད་ཅག་ལ་འབྲེལ་བ་གནང་བར་དགའ་བསུ་དང་།   མཐར། ང་ཚོའི་TBTVཡི་དྲ་བརྙན་འདི་ལ། ལས་རིགས་སོ་སོའི་རིགས་མཐུན་སྤུན་ཟླ་དག་གིས་དོ་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་བཀའ་དྲིན་མི་ཆུང་བར་ཞུ།

དྲ་གནས། https://h5.duanshu.com/b538je61e7db642dg0/#/


འབྲེལ་ཡུལ། དཀོན་མཆོག་སྐྱབས། དོན་གྲུབ། པདྨ་རྒྱལ། ལྕགས་མོ་བྱམས།

ཡིག་ཟམ། TByouth123@163.com

 

ང་ཚོས་འགྲོ་ཞོར་འདུག་ཞོར་བར་ལ་འཇོན་མི་དག་གི་གཏམ་རྒྱུད་ལ་ཉན།
ང་ཚོས་ཉལ་ཁ་ལངས་ཁའི་བར་ནས་དགེ་རྒན་དག་གི་སློབ་ཁྲིད་ལ་ཉན།

TBTV

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།