གོང་སྤེལ་དང་ཁྱབ་བརྡལ།

09

—1920ལོའི་པེ་ཅིང་སློབ་ཆེན་གྱི་སློབ་མགོ་ཚུགས་པའི་མཛད་སྒོའི་སྟེང་གི་གཏམ་བཤད།

ཧུའུ་ཧྲི།

དེ་རིང་ཁོ་བོ་ནད་ཀྱིས་མནར་བཞིན་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་ཏེ།  དགེ་རྒན་ཆེན་མོ་གསར་བ་ཚོའི་གཏམ་བཤད་དང་ང་ཚོར་བཟུང་བའི་རེ་བ་ལ་ཉན་འདོད་ཤིན་ཏུ་ཆེ།  ཁོ་བོ་སྤྱི་ལོ1917ལོར་སློབ་གྲྭ་འདིར་ཡོང་ཞིང་ལོ་གསུམ་རིང་གི་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་མྱོང་།  འདི་དག་ལས་ལོ་རེར་བསླབ་བྱ་རེ་མྱོང་ཐུབ་ལ།  དེ་རིང་ཡང་བསླབ་བྱ་དངོས་སུ་མྱོང་ཐུབ་པའི་ཉིན་མོ་ཡིན།
སྤྱིར་ཡིན་ན་ཁོ་བོས་སྐད་ཆ་བཤད་རྩིས་མེད་མོད།  འོན་ཀྱང་ཅང་སྐུ་ཞབས་ཀྱིས་ཏག་ཏག་ཁོ་བོའི་སྐད་ཆའི་ཟུར་ཞིག་གླེང་སོང་།  ཁོས”ཉན་འདོད་ན་ལེའུ་ཕྱི་མར་འཕྲད”ཅེས་པའི་སྐད་ཆ་ཞིག་ཏག་ཏག་ཁོ་བོར་བསྐྱུར་སོང་པས།  འདིར་ཡོང་ནས་རྣམ་པ་ཚོ་དང་ལྷན་དུ་སྐད་ཆ་འགའ་རེ་མི་བཤད་ཐབས་མེད་དུ་གྱུར།
དབྱར་གནང་སྐབས།  ཁོ་བོས་ནན་ཅན་མཐོ་རིམ་དགེ་ཐོན་གྱི་དབྱར་ཚོགས་སློབ་གྲྭར་གཏམ་བཤད་སྤེལ་སྐབས།  ཉན་མཁན་མི་བདུན་བརྒྱ་བརྒྱད་བརྒྱ་ལྷག་ཡོད་པས། ཆེས་ལམ་འགྲོ་རྒྱུགས་པའི་དགེ་རྒན་ཞིག་ཏུ་རྩིས་ཆོག  དགེ་རྒན་འདི་དག་ཀྱང་ཞིང་ཆེན་བཅུ་བདུན་ནས་ཐོན་པ་ཡིན་པས།  ནམ་རྒྱུན་ཁོ་ཚོ་དང་ལྷན་དུ་ལབ་གླེང་སྣ་ཚོགས་བྱེད་པར་མོས།  ཐོག་དང་པོར་ཁོ་ཚོར་འཕྲད་དུས།  ཁོ་ཚོས་གུས་པའི་སྒོ་ནས་ཁོ་བོ་ནི་རིག་གནས་གསར་བའི་ལས་འགུལ་གྱི་གཙོ་འཛིན་ཞིག་ཏུ་བཤད་བཞིན་འདུག་ཅིང་།  སྐད་ཆ་འདི་ཐོས་དུས་ཁོ་བོ་ལམ་སེང་འདུག་བཟོད་མི་བདེ་བར་གྱུར་འགྲོ།  གང་ལགས་ཤེ་ན།  ཁོ་བོར་གར་སོང་གང་དུ་བསྡད་ཀྱང་།  ཁོ་བོས་བསྒྲུབ་བཞིན་པ་དེ་རིག་གནས་གསར་བའི་ལས་འགུལ་ཡིན་ཞེས་ནམ་ཞར་ཡང་བཤད་མི་ཕོད་པས་སོ།།

ཁོ་ཚོས་ཀྱང་དུས་རྟག་ཏུ།  རིག་གནས་གསར་བའི་མདུན་ལམ་གང་འདྲ་ཡིན་ཚུལ་ཁོ་བོར་དྲིས་བྱུང་མོད།  དེ་ལའང་ཁོ་བོས་དངོས་ནས་ལན་ཅི་ཞིག་འདེབས་དགོས་མིན་ཤེས་མ་བྱུང་།  ཁོ་བོས་བལྟས་ན།  ང་ཚོར་ད་ལྟ་རིག་གནས་ཤིག་གང་དུ་ཡོད་དམ་སྙམ།  ང་ཚོའི་པེ་ཅིང་སློབ་ཆེན་ནི་རིག་གནས་གསར་བའི་ལས་འགུལ་གྱི་ལྟེ་གནས་མིན་ནམ་ཞེ་ན།   ཁྱོད་ཚོས་ཉེ་ལམ་གྱི 《རིག་རྩལ》ཞེས་པའི་དུས་དེབ་ཞིག་ཡོད་པ་དེར་ལྟོས་དང་།  《རིག་གཞུང་ཞིབ་འཇུག་པའི་སྡེ་ལ་བཏོན་པའི་རེ་འདུན་གསར་བ》ཞེས་པའི་རྩོམ་ཡིག་ཅིག་ཏུ། ང་ཚོའི་སློབ་ཆེན་ལ་ལྷག་བསམ་རྣམ་དག་གིས་ཁ་ཏ་སློབ་སྟོན་གནང་འདུག  རྩོམ་པ་པོས་སྐུ་ཞབས་ཁྲེན་ཞིང་ནུང་གིས《པེ་ཅིང་སློབ་ཆེན་གྱི་ཟླ་དེབ》ཞེས་པ་རྩོམ་སྒྲིག་བྱེད་དུས་ཀྱི་གཏམ་རྒྱུད་ཅིག་དྲངས་འདུག་སྟེ།  ང་ཚོའི་སློབ་ཆེན་གྱི་དགེ་རྒན་བཞི་བརྒྱ་ལྷག་དང་།  སློབ་མ་སུམ་སྟོང་ལྷག་གིས་ཐུན་མོང་དུ་ཟླ་དེབ་ཞིག་འདོན་བཞིན་ཡོད་ཅིང་།  ལོ་གཉིས་རིང་དེབ་ལྔ་མ་གཏོགས་པར་སྐྲུན་བྱེད་མ་ཐུབ།  ཕྱིས་སུ་སྐུ་ཞབས་ཁྲེན་གྱིས་རྩོམ་སྒྲིག་བྱེད་སྒང་།  མ་རྩ་ནས་རྩོམ་ཡིག་གཅིག་ཀྱང་རེག་མ་སོང་བར།  ཐབས་རྡུགས་ནས་རང་ཉིད་ཀྱིས་རྩོམ་ཡིག་དུ་མ་བྲིས་པས་ད་གཟོད་པར་སྐྲུན་ཐུབ་ཙམ་བྱུང་སྐད།  《སློབ་ཆེན་དཔེ་ཚོམ》ཞེས་པ་པར་དུ་སྐྲུན་ནས་ལོ་གཉིས་འགོར་ཡང་།  དུས་ད་ལྟའི་བར་དཔེ་ཆ་ལྔ་མ་གཏོགས་ཕུད་མ་ཐུབ།  ཕྱིས་སུ་ང་ཚོས་བསམ་བློ་བཏང་སྟེ།  རྩོམ་ཡིག་འབྲི་མཁན་མེད་ཀྱང་།  ཨུ་ཚུགས་ཀྱིས་བཙལ་ན་ཡིག་སྒྱུར་པ་སྐོར་ཞིག་ཡོད་ངེས་སྙམ་ནས།  ང་ཚོས་ལོ་སྟོད་ནས་བཟུང་།  《འཛམ་གླིང་དཔེ་ཚོམ》ཞེས་པ་ཞིག་བསྒྲིགས་མགོ་ཚུགས།  མ་བསམ་ས་ནས་ཟླ་བ་ལྔ་ཡི་རིང་ལ།  ཕྱོགས་སོ་སོ་ནས་བསྒྱུར་རྩོམ་བརྒྱ་ལྷག་བསྐུར་བྱུང་།  འོན་ཀྱང་དེ་དག་ལས་བསྒྱུར་རྩོམ་གཅིག་མ་གཏོགས་ཕུད་རིན་མི་འདུག  འདི་ལྟར་རིག་གཞུང་ཞིབ་འཇུག་རྩ་བ་ནས་ཉམས་རྒུད་དུ་གྱུར་བའི་གནས་ཚུལ་འོག   རིག་གནས་གསར་བའི་ལས་འགུལ་ཟེར་བ་ཅི་ལྟར་གླེང་དགོས་སམ།  དེར་བརྟེན།  དྲི་བ་དེར་ལན་ཞིག་དགོས་ན།  ཁོ་བོས་འདི་ལྟར་བཤད་འདོད་དེ།  ད་ལྟ་རིག་གནས་ཟེར་བ་མེད་ལ།  རིག་གནས་གསར་བ་ཟེར་བ་དེ་བས་ཀྱང་མེད་ཅེས་པའོ།།
ད་ནི་གནད་དོན་གཉིས་པ་བཤད་དེ།  ད་ལྟ་ཕྱི་རོལ་ན་རིག་གཞུང་ཞིབ་འཇུག་གི་སྡེ་རུ་སྣང་ཚུལ་གསར་བ་ཞིག་ཐོན་ཡོད་ཅིང་།  དེ་ང་ཚོས་ཁས་མི་ལེན་ཐབས་མེད་ཡིན།  འོན་ཀྱང་སྣང་ཚུལ་དེ་ནི་ཀུན་སློང་གསར་བ་ཙམ་དང་རེ་འདུན་གསར་བ་ཙམ་ཡིན་པ་ལས།  ཁོ་ཚོའི་དྲི་བ་བཞིན་གྱི་རིག་གནས་གསར་བའི་ལས་འགུལ་ལྟ་བུ་ཞིག་ལར་ནས་མིན།  ཁོ་ཚོ”འགུལ”ཟིན་པ་ཡིན་ན།  དངོས་ལུགས་རིག་པའི་གཏན་སྲོལ་ལྟར།  ”འགུལ་མེད”དུ་ནམ་ཡང་གཏོང་རྒྱུ་མེད།  དེ་བས་ཐབས་ལམ་ཉག་གཅིག་ནི།  འདི་ལྟའི་ལས་འགུལ་གྱི་འགྲོ་ཕྱོགས་དེ་རིན་ཐང་ཡོད་པ་དང་འབྲས་བུ་ཡོད་པའི་ལམ་དུ་འཇུག་དགོས་པ་དེ་རེད།
ལས་འགུལ་འདིའི་འགྲོ་ཕྱོགས་ལ་གཉིས་ཏེ།
དང་པོ།  ཁྱབ་བརྡལ།
ད་ལྟ”རིག་གནས་གསར་བའི་ལས་འགུལ”ཟེར་བ་ནི།  མ་གསང་དྲང་མོར་བཤད་ན་ཐ་སྙད་གསར་བའི་ལས་འགུལ་ཙམ་རེད།  ཤེས་མ་ཤེས་ཀྱི་ཐ་སྙད་སྐོར་ཞིག་ལ་འཐམ་ནས།  དཔེར་ན་བཅིངས་འགྲོལ་དང་།  བཅོས་བསྒྱུར།  བློས་གཏོང་།  ཧུར་བརྩོན།  མཛའ་བསྒྲིགས་རང་མོས།  གུང་ཁྲན་རིང་ལུགས།  སྲིད་གཞུང་མེད་པའི་རིང་ལུགས་ལྟ་བུ་སོགས།  ངས་ཁྱོད་ལ་བཤད།  ཁྱོད་ཀྱིས་ང་ལ་བཤད།  འདི་ལ”ཁྱབ་བརྡལ”ཞེས་འབོད་ཀྱི་འདུག   ལས་དོན་འདི་དག   ཕྱི་ན་བསྒྲུབ་མཁན་མང་བས་ཁོ་ཚོར་ནུས་ཚོད་ཀྱིས་བསྒྲུབ་ཏུ་བཅུག་པས་ཆོག   ཁོ་བོ་རང་ཉིད་འདི་འདྲར་མི་ཞུགས་དམ་བཅས་ཚར་ལ།  ཁོ་བོའི་རེ་བར་པེ་ཅིང་སློབ་ཆེན་གྱི་སློབ་གྲོགས་རྣམས་ཀྱང་དེར་མི་ཞུགས་པའོ།།
གཉིས་པ།  གོང་སྤེལ།
དེས་ན་གོང་སྤེལ་ཟེར་བ་ནི།  ང་ཚོར་རིག་གནས་མེད་ཚེ་རིག་གནས་གསར་སྐྲུན་དང་།  རིག་གཞུང་མེད་ཚེ།  རིག་གཞུང་གསར་སྐྲུན།  བསམ་བློ་མེད་ཚེ།  བསམ་བློ་གསར་སྐྲུན་བྱེད་པ་སྟེ།  མེད་པ་ཞིག་ཡོད་པར་བཏང་ནས་ཐམས་ཅད་གསར་སྐྲུན་བྱེད་པ་དེ་ཡིན།  འདིའི་ཕྱོགས་ནས།  ཁོ་བོའི་རེ་བར་སློབ་གྲོགས་ཡོད་ཚད་ནང་དུ་ཞུགས་ཏེ།  རྡོག་རྩ་གཅིག་སྒྲིལ་གྱིས་ནུས་ཤུགས་ཅི་ཡོད་བཏོན་ནས་བསྒྲུབ་དགོས་པ་དེའོ།།  དེ་ལྟར་གོང་སྤེལ་ཡོད་ན་ད་གཟོད་དངོས་སུ་ཁྱབ་བརྡལ་ཡོད་དེ།  ཅི་ལྟར་གོང་དུ་སྤེལ་ན་དེ་ལྟར་ཁྱབ་བརྡལ་དུ་འགྲོ་བའོ།།  ཁྱོད་ཀྱིས་ལྟོས་དང་།  མདུན་ཅོག་སྟེང་གི་སྒྲོན་འོད་ལས་ཁང་པའི་ཡང་སྟེང་གི་སྒྲོན་འོད་ཀྱི་འཕྲོ་ཚད་ཤིན་ཏུ་ཡངས་ལ།  ཁང་པའི་ཡང་སྟེང་གི་སྒྲོན་འོད་དེ།  ནམ་མཁའི་མཐོངས་སུ་ཡོད་པའི་ཉི་འོད་ཀྱི་འཕྲོ་ཚད་ལ་བསྡུར་ཐབས་ཡེ་ནས་མེད་པ་ལྟ་བུ་ཡིན།  གནས་ལུགས་བཤད་ན་འདི་རེད།
ད་ལྟ་འདི་འདྲའི་རེ་བ་གསར་བ་དང་འདོད་ཞེན་གསར་བ་བདོག་ཚེ།  ང་ཚོས་ཅིས་ཀྱང་རིན་ཐང་ཡོད་པ་ཞིག་གྲ་སྒྲིག་བྱས་ནས་འདི་ལྟ་བུའི་རེ་བ་གསར་བ་དང་འདོད་ཞེན་གསར་བ་ཡིད་ཚིམ་དུ་འཇུག་དགོས།  གལ་སྲིད་སླ་བཅོས་ཀྱི་སྒོ་ནས་ཤེས་མ་ཤེས་ཀྱི་ཐ་སྙད་གསར་བས་ཁོ་ཚོའི་ཤེས་བྱའི་ལྟོགས་སྐོམ་སེལ་བར་རེམ་པ་ནི།  ཡེ་ཤུས་སྨྲས་པ་ལྟར།  ”གཞན་གྱིས་ང་ལ་བག་ལེབ་སློང་དུས།  ངས་མི་དེར་རྡོ་བ་སྟེར་དགོས་སམ”ཞེས་པ་དང་འདྲའོ།།
ང་ཚོའི་པེ་ཅིང་སློབ་ཆེན་གྱིས་ལོ་འདི་དག་ལ།  ནམ་ཞར་བསམ་བློ་གསར་བའི་སྔོན་བསྐྱོད་ཅེས་པ་དང་།  རིག་གནས་གསར་བའི་ལྟེ་གནད་ཅེས་པའི་མིང་བྱང་ཞིག་འཁུར་ཡོད།  འོན་ཀྱང་ཁོ་བོས་གོང་སྨྲས་ལྟར།  ང་ཚོ་རང་ཉིད་ཀྱི་ཤེས་བྱའང”དབུལ”དྲགས་ནས་འདི་ལྟ་བུའི་ཚད་ཅིག་ལ་ལྷུང་ཡོད་ན།  ང་ཚོས་ད་དུང་གསེར་འོད་ཆེམ་ཆེམ་འཕྲོ་བའི་མིང་བྱང་འདི་འདྲ་ཞིག་འཁུར་ནས་འདུག་རྒྱུ་ཁ་སྐྱེངས་མི་ཡོང་ངམ།  དེའི་སྟབས་ཀྱིས་ཁོ་བོའི་རེ་བར།  པེ་ཅིང་སློབ་ཆེན་གྱི་ལས་གྲོགས་དང་དགེ་རྒན།  སློབ་མ་རྣམས་ཀྱིས་རྗེས་ཕྱོགས་དེང་གི་འདི་ལྟ་བུའི་མགོ་བདེ་ཡི”ཁྱབ་སྒྲོག”བྱེད་པ་ལས་ཕྱིར་ལྡོག་ནས”གོང་སྤེལ”གཏོང་བའི་ཞིབ་འཇུག་གི་ལས་ཀ་རིགས་ཤིག་ལ་འཇུ་དགོས་པ་དེའོ།།

གལ་ཏེ་ང་ཚོས་ཀྲུང་གོའི་ཚབ་ཏུ་རིག་གནས་གསར་བ་ཞིག་འཛུགས་སྐྲུན་བྱེད་འདོད་ན། ངེས་པར་དུ་ཚད་མཐོ་བའི་ཤེས་རིག་ཅིག་ནས་མགོ་མི་རྩོམ་ཐབས་མེད་ཡིན་ཅིང་།  གལ་ཏེ་ང་ཚོས་ཚད་མཐོ་བའི་ཤེས་རིག་ཅིག་ནས་མགོ་རྩོམ་ཚེ།  ཐོག་མར་ཤེས་རིག་འཚོལ་བ་ལ་དགོས་ངེས་ཀྱི་ལག་ཆ་སྐོར་ཞིག་མི་སྒྲུབ་ཐབས་མེད་ཡིན།  དཔེར་ན།  ཕྱི་ཡིག་དང་ཕ་སྐད།  རྨང་གཞིའི་ཚན་རིག་ལྟ་བུ་སོགས་ནི་ཤེས་རིག་འཚོལ་བ་ལ་མེད་དུ་མི་རུང་བའི་ལག་ཆ་སྟེ།  ང་ཚོས་ངེས་པར་དུ་འདི་འདྲའི་དངོས་ཡོད་ཀྱི་ལག་ཆ་བེད་སྤྱད་ནས།  ཐ་སྙད་གསར་བའི་ལས་འགུལ་གྱི་ཚབ་བྱེད་དགོས་ཤིང་།  འདིའི་རིགས་ཀྱི་ལག་ཆ་བཀོལ་ཏེ།  དངོས་ཐོག་བདེན་འཚོལ་གྱིས་ཤེས་རིག་རྣལ་མ་ཞིག་འཚོལ་ཐུབ་ལ་འབད་ནས་ང་ཚོས་རང་ཉིད་ཀྱི་རིག་གཞུང་ཆུ་ཚད་གོང་ཏུ་སྤེལ་དགོས།  ང་ཚོས་གལ་ཏེ་འདི་ལྟར་བསྒྲུབ་ཐུབ་ཚེ།  ལོ་བཅུ་དང་ལོ་ཉི་ཤུའི་རྗེས་སུ།  ད་གཟོད”རིག་གནས་ལས་འགུལ”སྤེལ་བའི་ཐོབ་ཐང་ཐབས་ཆག་ཅིག་ཡོད་ཀྱང་སྲིད།
ཁོ་བོའི་གོང་སྨྲས་ཀྱི་སྐད་ཆ་མདོར་དྲིལ་ནས་བཤད་ན་འདི་ལྟ་སྟེ།  གལ་སྲིད་མི་གཞན་གྱིས་པེ་ཅིང་སློབ་ཆེན་ལ་གྲགས་འགུལ་མི་འདུག་ཅེས་སྡུག་དམོད་གཏོང་དུས།  དེར་ཁ་ཡ་བྱེད་མི་དགོས།  གལ་སྲིད་མི་གཞན་གྱིས་པེ་ཅིང་སློབ་ཆེན་ལ་བརྩོན་སེམས་མི་འདུག་ཅེ་ན།  དེར་ཡང་ཁ་ཡ་བྱེད་མི་དགོས།  འོན་ཏེ་མི་གཞན་གྱིས་པེ་ཅིང་སློབ་ཆེན་ལ་རིག་གནས་ཀྱི་ཆུ་ཚད་མི་འདུག   སློབ་མའི་ཡོན་ཏན་ཞན་འདུག   སློབ་སྦྱོང་གི་ཁ་དབུགས་མི་ཡག་ཅེས་སྡུག་དམོད་གཏོང་དུས།  དེ་ནི་ད་གཟོད་དོན་དམ་པའི་ངོ་ཚ་དགོས་པ་ཞིག་རེད།  དེ་བས་ཁོ་བོའི་རེ་བར།  རྣམ་པ་ཚོས་སྣང་ཚུལ་འདི་བསྒྱུར་རོགས་ཞེས་ཞུས་པ་ཡིན།  དེ་བཞིན་ད་དུང་རེ་བ་ཞིག་ནི།  པེ་ཅིང་སློབ་ཆེན་གྱི་ལས་གྲོགས་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས”གོང་སྤེལ”གྱི་ཕྱོགས་ལ་ཧུར་བརྩོན་བྱེད་དགོས་པ་ལས།  པེ་ཅིང་སློབ་ཆེན་གྱིས་མགོ་བདེ་སླ་བཅོས་ཀྱི”ཁྱབ་བརྡལ”ལས་འགུལ་མི་སྤེལ་བ་དེ་ཡིན།  རིག་གནས་དང་རིག་གཞུང་།  བསམ་བློ་གསར་སྐྲུན་བྱེད་པ་ལ།  ”གོང་སྤེལ”ཁོ་ནས་ད་གཟོད་དོན་དངོས་ཀྱི་ཁྱབ་བརྡལ་བྱེད་ཐུབ་པ་དེའོ།།

—ཞེས་སྒྱུར་རྩོམ་དེབ 《དགག་གཞག་དང་དཀྱེལ་ཡངས》ལས་དྲངས།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།