དཔེ་ཀློག་དང་སློབ་ཆེན།

1111111111111111111

ཆིན་ལེ་ཆོན། ཨ་རིན་གྱིས་བསྒྱུར།

དཔེ་ཆ་ཅི་ཞིག་ཀློག་དགོས།

མཚམས་འདི་ནས་ཤེས་བྱ་ཇི་ལྟར་འཚོལ་བ་དང་དཔེ་ཀློག་ཇི་ལྟར་བྱེད་པའི་གནད་དོན་གླེང་བར་བྱ། དེ་ཡང་དཔེ་ཀློག་ལ་ལུའུ་ཞུན་དང་ཀྲོའུ་ཙུའོ་རེན་སྤུན་མཆེད་གཉིས་ཀྱིས་བསམ་ཡུལ་ལས་འདས་ཤིང་ནང་དོན་གྱིས་ཕྱུག་པའི་དཔེ་ཞིག་བླངས་ཡོད་དེ། ལུའུ་ཞུན་ན་རེ། དཔེ་ཀློག་ནི་ཤོ་རྩེ་བ་དང་འདྲ་ཞེས་ཟེར། དེ་ནི་དེ་རིང་གི་ཤོ་རྩེ་བར་དགའ་བའི་མི་དང་འདྲ་སྟེ། ཉིན་མཚན་རེ་རེར་དང་ཉིན་མཚན་འཕྲོར་མཐུད་ནས་བསྟུད་མུར་རྩེ་ཞིང་། མཚམས་རེར་སྤྱི་བདེ་མི་སྣས་བཟུང་ནའང་། གློད་བཀྲོལ་བཏང་རྗེས་མུ་མཐུད་དུ་ཤོ་རྩེ། དེ་ལས་ཤོ་རྩེ་བའི་ངོ་མཚར་ནི་ཤོ་སྦག་རེ་རེའི་འགྱུར་ལྡོག་སྣ་ཚོགས་ཤིང་།དཔེ་ཀློག་ཀྱང་དེ་དང་འདྲ་བར།ཤོག་གྲངས་རེ་རེའི་ངོས་སུ་རོལ་མྱོང་གི་བྲོ་བ་ཕུན་སུམ་ཚོགས་པ་ཡོད་པ་དེའོ།།དོན་དམ་པའི་ཤོ་རྩེ་མཁན་ཞིག་ཡིན་ཚེ་ཤོ་ཡི་རྒྱལ་ཕམ་ལ་སྣང་དོགས་མི་བྱེད་ཅིང་།གལ་ཏེ་སྒོར་མོའི་ཆེད་དུ་ཤོ་རྩེ་བ་ཡིན་ན་རྒྱན་པོ་འགྱེད་མཁན་ཁྲོད་ཀྱི“ཐ་མར”བརྩི། དེ་བས་རྒྱན་པོ་འགྱེད་མཁན་ནང་གི་ཤོ་རྩེ་མཁན་ནི་ཤོ་ཡི་ཆེད་དུ་ཤོ་རྩེ་བ་སྟེ།ཆེད་དུ་ཤོ་རྩེ་སར་སོང་ནས་དེའི་ཁྲོད་ཀྱི་བདེ་བ་རོལ་མྱོང་བྱེད་པ་དེ་ཡིན།དཔེ་ཀློག་ཀྱང་དེ་དང་འདྲ་སྟེ།དཔེ་ཀློག་གི་ཆེད་དུ་དཔེ་ཀློག་བྱེད་ཅིང་།ཁེ་ཕན་ལས་འདའ་འགོངས་བྱེད་དགོས།དེ་བས་དཔེ་ཀློག་དེ་ཡང་རྩེད་མོ་སྐྱིད་པོ་ཞིག་ཏུ་བསམ་ནས་དཔེ་ཀློག་གི་སྨྲ་བསམ་བརྗོད་འདས་ཀྱི་རོལ་མྱོང་གི་ཆ་དེ་སྙེག་པའོ།།ཀྲོའུ་ཙུའོ་རེན་གྱིས་ཀྱང་དཔེ་ཞིག་བཞག་ཡོད་དེ། “དཔེ་ཀློག་ནི་ཐ་མག་འཐེན་པ་དང་འདྲ”ཞེས་ཟེར། དུ་བ་འཐེན་པར་དགའ་བའི་མིས་ཁ་ཁོམ་ལག་ཁོམ་ཡིན་དུས་ད་གཟོད་དུ་བ་འཐེན་ནས་དུས་ཚོད་འཁྱོལ་ཐབས་བྱེད་ཀྱང་།དོན་དམ་པའི་དུ་བ་འཐེན་ཤེས་མཁན་གྱིས་དུ་བའི་དུད་སྤྲིན་ཀློང་གི་མཁའ་ན་གཡེང་བའི་ཚོར་བའི་ཁམས་དེ་འཚོལ་མུས།དཔེ་ཀློག་ཀྱང་དེ་བཞིན་ཏེ།བྲོ་བ་ཟད་ཀྱིས་མི་ཤེས་པའི་ཚོར་བའི་ཁམས་དེ་འདྲ་འཚོལ་བ་ཡིན།

རེད་ཀྱང་།ང་ཚོའི་སློབ་གསོ་སྟེ།སྒོས་སུ་སློབ་འབྲིང་སློབ་གསོའི་ཕམ་ཁ་ཆེ་ཤོས་ནི།འདི་ལྟ་བུའི་དོན་སྙིང་གིས་ཕྱུག་ཅིང་མི་རེ་རེས་ཡིད་སྨོན་བྱེད་དགོས་པ་ཞིག   ད་ནི་ཁེ་ཕན་ཅན་དུ་གྱུར་ལ་ཨ་ཐང་ཆད་ཅིང་སློབ་མ་རྣམས་དཔེ་ཀློག་ལ་འཇིགས་སྐྲག་སྐྱེས་པ་ཞིག་ཏུ་བཏང་ཡོད་འདུགཁོ་བོས་བསམ་ན་སློབ་གྲོགས་ཚོའི་ཁྲོད་དུ་འདི་ལྟ་བུའི་མྱོང་ཚོར་ཡོད་སྲིད་དེ།དཔེ་ཆ་མཐོང་མ་ཐག་མགོ་ན་བ་དེ་རེད།གལ་ཏེ་ཁོ་བོ་ཡིན་ན་དཔེ་ཆ་མཐོང་མ་ཐག་དགའ་ཚོར་སྐྱེས་ཤིང་སེམས་སུ་བརྗོད་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཁྱབ་ཡོང་།སློབ་འབྲིང་སློབ་གསོས་ཆེས་དོན་སྙིང་གིས་ཕྱུག་པའི་དཔེ་ཀློག་དེ་ཆེས་བྲོ་བ་མེད་པའི་དཔེ་ཀློག་ཅིག་ཏུ་བཏང་ཡོད་ལ།འདི་ནི་ང་ཚོའི་སློབ་གསོའི་ཕམ་ཁ་ཆེ་ཤོས་དེ་རེད།ད་ལྟ་སློབ་གྲོགས་ཚོ་སློབ་མཐར་ཕྱིན་ཏེ་སློབ་ཆེན་དུ་ཞུགས་རྗེས།སློབ་འབྲིང་དུས་སྐབས་ཀྱི་གནོན་ཤུགས་དེ་འདྲ་དང་སྡུག་བསྔལ་ཁྲོད་ཀྱི་དཔེ་ཀློག་ལས་བཅིངས་འགྲོལ་གྱིས་དོན་དམ་པའི་བྲོ་བས་ཕྱུག་པའི་དཔེ་ཀློག་བྱེད་རྒྱུ་ཤིན་དུ་གལ་ཆེ།ཆེས་མ་མཐའ་ཡང་ཡིག་རྒྱུགས་ཀྱི་ཆེད་དུ་དཔེ་ཀློག་མི་བྱེད་པ་དེའོ།།དེས་ན་འདི་ནས་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ཞིག་ལ་འཕྲད་སོང་སྟེ།དཔེ་ཀློག་བྱེད་དོན་ཅི་ཡིན་ནམ་ཞེས་པ་དེ་རེད།དཔེ་ཀློག་ནི་རྩེད་མོ་སྐྱིད་པོ་ཞིག་དང་འདྲ་སྟེ།མིང་དུ་གྲགས་པའི་གཏན་ཚིགས་རིག་པ་བ་ཅིན་ཡུའེ་ལིན[2]ལགས་ཀྱིས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་དུ་སློབ་ཁྲིད་བྱེད་སྐབས། ཐེངས་ཤིག་བུད་མེད་སློབ་གྲོགས་ཤིག་ཡར་ལངས་ཏེ།“སྐུ་ཞབས་ཅིན་ལགས། ཁྱོད་ཀྱི་གཏན་ཚིགས་རིག་པ་སྦྱངས་ན་ཕན་པ་ཅི་ཞིག་ཡོད་དམ། ཁྱོད་ཀྱིས་ཅིའི་ཕྱིར་གཏན་ཚིགས་རིག་པར་ཞིབ་འཇུག་བྱས་སམ”ཞེས་དྲིས་པར། ཅིན་ཡུའེ་ལིན་གྱིས་ཕྱིར་ལན་དུ།“རྩེད་འདོད་ཡོད་པའི་ཕྱིར་རོ”ཞེས་བཤད། དུས་དེར་ཅིན་སྐུ་ཞབས་ཀྱི་སྐད་ཆ་འདིར་སློབ་གྲོགས་རྣམས་ཀྱིས་ཉན་ཚེ་ཤིན་དུ་རྣ་ཐོས་གསར་བ་ཞིག་ཏུ་བསམས་མོད། དོན་དངོས་སུ།“རྩེད་འདོད་ཡོད་པའི་ཕྱིར”ཅེས་པས་དཔེ་ཀློག་དང་ཞིབ་འཇུག་ཅི་ཡོད་ཀྱི་གནས་ལུགས་བཤད་འདུག་གོ།

ད་དུང་གནད་དོན་ཞིག་ཡོད་དེ། དཔེ་ཆ་ཅི་ཞིག་ཀློག་དགོས་ཞེས་པ་དེ་རེད། དེ་ཡང་དཔེ་ཀློག་གི་ཁྱབ་ཁོངས་འདི་སློབ་གྲོགས་རྣམས་ལ་མཚོན་ན་ཆེས་དོན་དངོས་དང་ཆེས་བྱེ་བྲག་གི་གནད་དོན་ཞིག་ཡིན། དེར་སྐུ་ཞབས་ལུའུ་ཞུན་གྱིས་ཆེས་གནད་དུ་འཁེལ་བའི་སྐད་ཆ་ཞིག་བཤད་འདུག་སྟེ། “ན་གཞོན་རྣམས་ཀྱིས་སློབ་ཕྱིའི་དཔེ་ཆ་མང་དུ་ཀློག་དགོས”ཞེས་ཆེད་ལས་ཕྱི་རོལ་གྱི་དཔེ་ཆ་ཀློག་དགོས་པ་བསྟན་ཡོད། རིག་ཚན་སྦྱངས་མཁན་གྱིས་རྩིས་ཚན་ཕྱོགས་ཀྱི་དཔེ་ཆ་ཀློག་པ་དང་རྩིས་ཚན་སྦྱངས་མཁན་གྱིས་རིག་ཚན་ཕྱོགས་ཀྱི་དཔེ་ཆར་བལྟས་ཏེ། མི་གཞན་གྱིས་དེའི་ཕྱོགས་སུ་ཞིབ་འཇུག་ཅི་ཞིག་གནང་ཡོད་པར་རྒྱུས་ལོན་བྱས་པ་ཡིན་ན། མི་གཞན་དང་བྱ་དངོས་གཞན་ལ་ཆ་རྒྱུས་གཏིང་ཟབ་ཡོད་པར་འགྱུར། ཀྲོའུ་ཙུའོ་རེན་གྱིས་ཀྱང་། རང་ཉིད་ཀྱི་ལྟ་ཀློག་མཐོང་རྒྱ་བསྐྱེད་པའི་ཕྱིར་ཆེད་ལས་ཕྱི་རོལ་གྱི་དཔེ་མང་དུ་ཀློག་དགོས་པར་སྐུལ་འབོད་གནང་ཡོད།

དེས་ན་དཔེ་ཆ་ཅི་ཞིག་ཀློག་པ་ནི། དོན་གྱིས་རང་རྒྱུད་དུ་ཤེས་བྱའི་སྒྲོམ་གཞི་ཇི་ལྟར་ཇུས་འགོད་བྱ་རྒྱུའི་གནད་དོན་ཞིག་ཡིན། དེ་བས་སློབ་ཆེན་དུས་སྐབས་ནི་རང་ཉིད་མི་གང་འདྲ་ཞིག་བྱེད་པ་དེ་གཙོ་བོ་རང་རྒྱུད་དུ་ཤེས་བྱའི་སྒྲོམ་གཞི་གང་འདྲ་ཞིག་ཇུས་འགོད་བྱེད་པར་ཐུག་པས། ཀྲོའུ་ཙུའོ་རེན་གྱིས། “ང་ཚོའི་ཤེས་བྱ་དེ་ལྟེ་གནད་གཅིག་ལ་བསྐོར་བ་བརྒྱབ་ནས་ཡོད་དེ། རང་ངོ་ཟིན་པ་དེའོ”ཞེས་བཤད་མྱོང་། དེ་བས་རང་ངོ་ཟིན་པ་ལྟེ་གནད་ཀྱིས་ཤེས་བྱའི་སྒྲོམ་གཞི་ཇུས་འགོད་བྱེད་པ་ལ། ཀྲོའུ་ཙུའོ་རེན་གྱིས་ཕྱོགས་ལྔ་ནས་དཔེ་ཀློག་གི་རེ་བ་བཏོན་ཡོད་ཅིང་། དུས་ད་ལྟ་ཡང་ང་ཚོར་བློ་བསྐྱེད་མི་དམན་པ་ཐོབ་སྟེ། “གཅིག་ནི་རང་ཉིད་སྒེར་མི་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་སྐྱེས་མཆེད་རིག་པ་དང་སེམས་ཁམས་རིག་པ། གསོ་རིག་གི་ཤེས་བྱར་བལྟ་དགོས། དེ་ལས་སྐྱེས་མཆེད་རིག་པ་སྟེ་མཚན་མ་རིག་པའི་སྐོར་གྱི་ཤེས་བྱར་ཐོག་མར་བལྟ་དགོས། གཉིས་ནི་འགྲོ་བ་མི་ཞེས་པ་ངོ་ཟིན་པའི་ཆེད་དུ་ངེས་པར་སྐྱེས་དངོས་རིག་པ་དང་སྤྱི་ཚོགས་རིག་པ། དམངས་སྲོལ་རིག་པ་དང་ལོ་རྒྱུས་རིག་པའི་ཕྱོགས་ཀྱི་ཤེས་བྱར་བལྟ་དགོས། གསུམ་ནི་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བར་རྒྱུས་ལོན་བྱེད་ཆེད། ངེས་པར་གནམ་རིག་དང་ས་ཁམས་རིག་པ། དངོས་ལུགས་རིག་པ། རྫས་འགྱུར་རིག་པ་སོགས་ཀྱི་ཤེས་བྱར་བལྟ་དགོས། བཞི་ནི་ཚན་རིག་གི་རྨང་གཞི་འཇོག་པའི་ཆེད་དུ། ངེས་པར་རྩིས་རིག་དང་མཚན་ཉིད་རིག་པའི་ཤེས་བྱར་བལྟ་དགོས། ལྔ་ནི་སྒྱུ་རྩལ་ལ་བློ་སྦྱོང་ཡོད་པའི་ཆེད་དུ། ལྷ་སྒྲུང་རིག་པ་དང་རྩོམ་རིག   སྒྱུ་རྩལ་དང་སྒྱུ་རྩལ་རིག་པའི་ལོ་རྒྱུས་ལ་བལྟ་དགོས”སོ།། ཁོང་གིས་བཤད་པའི་ཕྱོགས་འདི་དག་ལས་ང་ཚོས་མི་རེ་ནས་ཉུང་མཐའ་ཡང་གཅིག་རེ་གཉིས་རེ་ཤེས་དགོས་ལ་བྱང་ཆུབ་པར་བྱ་འོས། ཀྲོའུ་ཙུའོ་རེན་གྱིས་བཏོན་པའི་རེ་བ་འདི་ང་ཚོས་བསྒྲུབ་མི་ནུས་པ་ཞིག་ལར་ནས་མ་རེད།

 

དཔེ་ཀློག་ལ་བློས་གཏོང་སྙིང་སྟོབས་ཡོད་དགོས།

ཁོ་བོས་ད་དུང་གནད་དོན་ཞིག་བཤད་དེ། དཔེ་ཀློག་དང་སློབ་སྦྱོང་ལ་བློས་གཏོང་སྙིང་སྟོབས་ཡོད་དགོས།ལོ་འདི་གར་ཚང་མས་བློས་གཏོང་སྙིང་སྟོབས་གླེང་བཞིན་མི་འདུག་མོད།ཁོ་བོ་སྒེར་ངོས་ཀྱི་ཉམས་མྱོང་ལྟར་ན་དོན་དམ་གྱི་དཔེ་ཀློག་དང་ཞིབ་འཇུག་བྱེད་པ་ལ་ངེས་པར་དུ་བློས་གཏོང་སྙིང་སྟོབས་ཡོད་དགོས།ཁོ་བོའི་སེམས་སུ་དྲན་བྱུང་བ་ཞིག་ནི།ཁོ་བོ་ཞིབ་འཇུག་སློབ་མར་ཞུགས་མ་ཐག་མཛུབ་སྟོན་དགེ་རྒན་ལྦང་ཡའོ་ལགས་ཀྱིས། “ཆིན་ལི་ཆོན། ཐོག་མར་ཁྱོད་ཀྱིས་རྩིས་ཤིག་རྒྱོབས།དུས་ཚོད་ནི་འཇལ་ཚད་ཡིན་ཏེ།མི་སུ་ཞིག་ཡིན་ཀྱང་ཉིན་གཅིག་ལ་དུས་ཚོད་ཉེར་བཞི་ལས་མེད་པས།རྒྱུན་ཤེས་འདི་སེམས་ལ་དམ་པོར་འཛིན་དགོས།ཁྱོད་ལའང་དེ་བཞིན་ཏེ་དུས་ཚོད་ཉེར་བཞི་མ་གཏོགས་མེད།གཙོ་བོ་ཁྱོད་ཀྱིས་དུས་ཚོད་ཉེར་བཞི་ཇི་ལྟར་བཀོད་སྒྲིག་བྱེད་མིན་དེ་རེད།གལ་ཏེ་འདིའི་ཕྱོགས་སུ་དུས་ཚོད་མང་པོ་སྤྱད་ན་གཞན་དེའི་ཕྱོགས་ཀྱི་མང་པོ་ཞིག་ཤོར་འགྲོ་བས།རང་ལ་ཐོབ་དགོས་ན་གཞན་དེ་ངེས་པར་བློས་གཏོང་དགོས།མ་གཏོགས་ཡོད་ཚད་འཐོབ་འདོད་ཀྱི་བློ་འཆང་མི་རུང”ཞེས་བཤད་མྱོང་། སྐད་ཆ་འདི་ཅུང་གོ་བདེ་བའི་ཚུལ་དུ་བཤད་ན།གནམ་འོག་གི་དོན་བཟང་ཡོད་ཚད་མི་གཅིག་གིས་བདག་འཛིན་བྱེད་མི་རུང་བ་དེའོ།།དེང་སྐབས་ན་གཞོན་པ་ཚོའི་ཆེས་ཆེ་བའི་གནད་དོན་ནི།དོན་བཟང་ཡོད་ཚད་རང་གཅིག་པུས་བདག་གིར་བྱས་ནས་སྣ་གཅིག་ཀྱང་ཕྱིར་ཤོར་བར་མི་འདོད་པ་དེ་རེད།གལ་ཏེ་ཁྱོད་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་སྟེང་གྲུབ་འབྲས་ལེགས་པོ་ཞིག་ལེན་འདོད་ན།ངེས་པར་དུ་རང་ཉིད་ཀྱི་དུས་ཚོད་དང་སེམས་ཤུགས།ལུས་ཤུགས།ཀླད་ཤུགས་སོགས་མང་པོ་ཞིག་བློས་གཏོང་དགོས་ཤིང་།ཐ་ན་རྩེད་མོ་རྩེ་བ་དང་གཉིད་ཀྱི་དུས་ཚོད་ཀྱང་བློས་གཏོང་དགོས་པས།རང་ཉིད་ལ་ཡག་གཏོད་པའི་དུས་ཚོད་དེ་བས་ཀྱང་མེད།འོན་ཀྱང་རང་ཉིད་ལ་ཡག་གཏད་ནས་བསྡད་ན་དཔེ་ཀློག་གི་དུས་ཚོད་སྐར་ཆ་རེ་རེ་ཤོར་བཞིན་པའང་ཧ་ཅང་གོ་སླ་བའི་གནས་ལུགས་ཤིག་རེད།དུས་ཚོད་ཇི་ལྟར་བཀོད་སྒྲིག་བྱེད་པའི་ཐད་ལ།ཁོ་བོར་ཚད་གཞི་ཞིག་མེད་ཅིང་།ཁྱོད་ཀྱིས་ཡག་གཏོད་པ་དང་ཉིན་གང་བོར་རྩེད་མོར་གཡེང་ནའང་།དེ་ཡང་མི་ཚེའི་འཚོལ་སྙེག་ཅིག་ཡིན་པས།དེར་རིན་ཐང་ཅི་ཡང་མེད་ཅེས་ལབ་མི་རུང་།ཡིན་ཀྱང་ཁྱོད་ཀྱིས་བསམ་གཞིག་གསལ་བོ་གཏང་དགོས་པ་ནི།ཕྱོགས་འདི་ནས་དུས་ཚོད་མང་པོ་འཕྲོ་བརླག་བཏང་ན་ཕྱོགས་གཞན་དེར་གྱོང་གུད་ཐེབས་བཞིན་ཡོད་པའང་ཤེས་དགོས་ཏེ།ཁྱོད་ཀྱི་ཡག་གཏོད་པ་དང་རྩེད་མོར་གཡེང་བའི་དུས་ཚོད་མང་དྲགས་ན།དེས་ཁྱོད་ཀྱི་དཔེ་ཀློག་ལ་བར་ཆད་ཐེབས་པའང་སྨོས་ཅི་དགོས།   གལ་ཏེ་དཔེ་ཆ་མང་ཙམ་ཀློག་འདོད་ན་ཚད་ལས་བརྒལ་བའི་རྩེད་མོར་གཡེང་བ་དང་དུས་ཚོད་མང་པོར་ཡག་མི་གཏོད་པ་ཤིན་དུ་གལ་ཆེ།

འདིའི་ཤུགས་སུ་དངོས་པོ་དང་བསམ་བློ་གཉིས་ཀྱི་འབྲེལ་བ་ཇི་ལྟར་ཐག་གཅོད་བྱེད་པའི་གནད་དོན་ཞིག་ལྷགས་ཏེ།དངོས་པོའི་ཕྱོགས་ནས་ཡིད་ཚིམ་དགོས་ཤིང་བསམ་བློའི་ཕྱོགས་ནས་ཀྱང་ཡིད་ཚིམ་དགོས་པ་ནི།གཞུང་ལུགས་ངོས་ཀྱི་བཤད་སྟངས་ཤིག་གམ།ཕུགས་བསམ་གྱི་རྣམ་པ་ཞིག་གམ།ཡང་ན་སྤྱི་ཚོགས་ཧྲིལ་བོའི་འཕེལ་རྒྱས་ཀྱི་ལུགས་མཐུན་ངོས་ནས་བཤད་པ་ཞིག་ལས།དོན་དངོས་ཀྱི་མི་སྒེར་གྱི་སྟེང་དུ་བབས་ན་མངོན་འགྱུར་བྱེད་པ་ཤིན་དུ་དཀའ།ཁོ་བོས་བལྟས་ན།མི་སྒེར་གྱི་ངོས་ནས་ཐོག་དང་པོར་དངོས་པོའི་རྨང་གཞི་འཇོག་དགོས་པར་འདོད་དེ།སྐུ་ཞབས་ལུའུ་ཞུན་གྱིས།དང་པོར་འཚོ་གནས་དང་།གཉིས་པར་ལྟོ་གོས།གསུམ་ནི་འཕེལ་རྒྱས་ཡིན་ཞེས་བཤད་མྱོང་།ཁོང་གིས་བཤད་པ་ཤིན་དུ་ཁ་གསལ་ཏེ།འཚོ་གནས་དང་ལྟོ་གོས་གཉིས་དངོས་པོའི་རྨང་གཞི་དང་།འཕེལ་རྒྱས་ནི་བསམ་བློའི་ཕྱོགས་སུ་གཏོགས།དེ་ཡང་དངོས་པོའི་འཚོ་ཚིས་ཀྱི་རྨང་གཞི་ཁག་ཐེག་མེད་པའི་ཆ་རྐྱེན་འོག་ཏུ།བསམ་བློའི་འཕེལ་རྒྱས་ཟེར་བ་གླེང་ཐུབ་པ་མིན།སྔོན་ཆད་ང་ཚོར་བཤད་སྲོལ་ཞིག་ཡོད་དེ།འདོད་ཆུང་ཆོག་ཤེས་བསྟེན་དགོས་ཟེར།   དེ་ནི་མགོ་བསྐོར་གཏོང་བའི་གཏམ་ཡིན་པས་དེའི་གཡོ་འོག་ཏུ་མི་ཚུད་པར་གྱིས།   གལ་ཏེ་འདོད་ཆུང་ཆོག་ཤེས་བསྟེན་རྒྱུ་ཟེར་ན་རང་ཉིད་ཀྱིས་དེ་ལྟར་བསྟེན་དང་།ངེད་ཅག་གིས་འདོད་ཆུང་ཆོག་ཤེས་བསྟེན་མི་ཐུབ་སྟེ།ང་ཚོར་མཚོན་ན་ཆེས་མ་མཐའི་འཚོ་བའི་རེ་བ་སྐོང་དགོས་ཤིང་།ད་དུང་བདེན་ཡོད་ཞུམ་མེད་ཀྱིས་རང་ཉིད་ཀྱི་དངོས་པོའི་ཁེ་ཕན་ཡང་སྲུང་སྐྱོབ་བྱེད་དགོས།

འོན་ཀྱང་ཁྱོད་ཀྱི་མ་མཐའི་དངོས་པོའི་ཁེ་དབང་ཁག་ཐེག་བྱེད་ཐུབ་སོང་བ་སྟེ། དཔེར་ན་ཁྱོད་ལ་སློབ་སྐྱོར་རོགས་དངུལ་ཐོབ་པ་དང་།ལྟོ་གོས་འཛོམས་པ།མ་ཟད་སློབ་ཁང་དང་ཉལ་ཁང་ཡང་བཀོད་སྒྲིག་གིས་ཁྱོད་ཀྱི་མ་མཐའི་འཚོ་བའི་ཆ་རྐྱེན་འཛོམས་སོང་ན།སློབ་གྲོགས་རྣམས་པས་ཀྱང་རང་ཉིད་ཀྱི་མི་ཚེ་ཇི་ལྟར་ཇུས་འགོད་དང་བཀོད་སྒྲིག་བྱེད་པར་བསམ་བློ་བཏང་ནས་རང་ཉིད་ཀྱི་མ་འོངས་པར་གྲ་སྒྲིག་ཨང་གསར་བྱེད་དགོས།གལ་ཏེ་ཁྱོད་ཀྱིས་བློ་གཅིག་སེམས་གཅིག་གིས་དངོས་པོའི་འཚོ་བ་བརྩོན་ལེན་བྱེད་བསམ་ནའང་མི་ཆོག་པ་མེད་མོད།ཁྱོད་ཀྱིས་བསམ་བློའི་ཕྱོགས་ནས་ཅི་ཞིག་འཐོབ་འདོད་ཀྱི་རེ་བ་མི་འཆང་བར་གྱིས།མ་ཟད་ད་དུང“ང་རང་སེམས་སྡུག་གིས་མནར་སོང”ལྟ་བུའི་སྐད་ཆའང་མི་ཤོད་པར་གྱིས། དེ་ལྟར་དངོས་པོའི་ལོངས་སྤྱོད་ཁོ་ན་མི་ཚེའི་དམིགས་འབེན་དུ་བཟུང་ནས་བརྩོན་ལེན་བྱས་པ་ཡིན་ན།ཁྱོད་ཀྱི་བསམ་བློའི་ཕྱོགས་ལ་གྱོང་གུད་ཐེབས་སྲིད་པ་ནི་གཞིར་བཞག་ཡིན།ཁོ་བོས་རང་ཉིད་ལའང་ཇུས་འགོད་བྱས་མྱོང་སྟེ།དང་པོར་ཁོ་བོའི་དངོས་པོའི་འཚོ་བ་དེ་ཆུ་ཚད་འབྲིང་ཙམ་དང་།རབ་ཡིན་ན་འབྲིང་ལས་ཅུང་ལེགས་པ་ཞིག་འདོད།དཔེར་ན་ཁོ་བོར་ཅུང་ཁོད་ཡངས་པའི་དཔེ་ཁང་ཞིག་དགོས་པའི་དབང་དུ་བཏང་ན།འདི་ནི་དཔེ་ཁང་གི་གནད་དོན་འབའ་ཞིག་མིན་པར་བསམ་བློའི་བར་སྟོང་གི་གནད་དོན་ཡིན།ཁོ་བོའི་རེ་བར་ཅུང་རྒྱ་ཆེ་བའི་ཁང་པ་ཞིག་ཡོད་པར་བསམ་ཞིང་།འདི་དང་ཁོ་བོའི་བསམ་བློའི་རང་དབང་གཉིས་ལྷན་གཅིག་ཏུ་སྦྲེལ་ཐུབ།འོན་ཀྱང་མ་མཐའི་འཚོ་གནས་ཀྱི་དངོས་པོའི་ཆ་རྐྱེན་འདི་དག་འཛོམས་རྗེས།ད་ནི་འདི་ལས་ལྷག་པའི་དངོས་པོའི་འདོད་བློ་ཡོད་མི་རུང་།གང་ལགས་ཤེ་ན།ཁོ་བོའི་རེ་བར་ཁོ་བོའི་བསམ་བློའི་འཚོ་བ་ཨང་དང་པོར་བཞག་ཡོད་པས་ཡིན།དེ་མིན་པར་ཁོ་བོས་མཉམ་གཅིག་ཏུ་དངོས་པོའི་འཚོ་བ་དང་བསམ་བློའི་འཚོ་བ་གཉིས་ཡང་རྩེར་འཕགས་པ་ཞིག་འདོད་མི་རུང་ཞིང་།རྒྱུ་ཅན་ཚོར་ཡང་བསྡུར་མི་རུང་།དེ་མིན་ན་ཁོ་བོའི་སེམས་པ་ནམ་ཡང་ལྷོད་ལ་འབབ་ཐུབ་མེད།དེའི་སྟབས་ཀྱིས་སློབ་གྲོགས་ཚོས་བསམ་བློ་ནན་མོ་གཏོང་དགོས་ཏེ།གལ་ཏེ་ཁྱོད་ཀྱིས་བསམ་བློའི་བརྩོན་ལེན་ཕྱོགས་སུ་ནུས་པ་འདོན་རྒྱུ་གཏན་འཁེལ་བྱས་ཚར་ན།ངེས་པར་དུ་དངོས་པོའི་བརྩོན་ལེན་ཕྱོགས་ནས་བློས་གཏོང་དགོས་ཤིང་།འོན་ཀྱང་དེའི་སྔོན་འགྲོའི་ཆ་རྐྱེན་ནི་མ་མཐའི་དངོས་པོའི་ཆ་རྐྱེན་ལ་ཁག་ཐེག་ཡོད་དགོས།དེ་ལྟར་མ་མཐའི་དངོས་པོའི་ཆ་རྐྱེན་འཛོམས་པའི་རྨང་གཞིའི་སྟེང་།ཁྱོད་ཀྱིས་ནུས་ཤུགས་རྩལ་སྤྲུགས་ཀྱིས་དངོས་པོ་གཞན་དག་བརྩོན་ལེན་བྱེད་མི་རུང་སྟེ།འདིའི་ཕྱོགས་སུ་ཁྱོད་ཀྱིས་ཕལ་བར་འཇོག་དགོས་ཀྱང་།དངོས་པོ་གང་ཞིག་འཐོབ་པར་གྱུར་ན་དངོས་པོ་གཞན་ཞིག་ཤོར་སྲིད་པ་འདི།ལུའུ་ཞུན་གྱི་སྒྲུང་ཐུང་ནང་གི་ཨQསྙིང་སྟོབས་ནི་མིན།མི་རྒྱུ་སྟོབས་ཅན་ལ་འཕྲད་ན་ཁོ་བོས་ཡིད་སྨོན་མི་བྱེད་ལ་མཐོང་ཆུང་ཡང་བྱ་མི་སྲིད་དེ།ཁོ་ཚོར་ཁོ་ཚོའི་རིན་ཐང་དང་ཁོ་ཚོའི་འཚོལ་སྙེག་ཡོད།གང་ལྟར་ཁྱོད་ཀྱིས་རྒྱུ་འབྲས་དྲང་སྲུང་གིས་འཚོལ་སྒྲུབ་བྱས་པའི་ངལ་རྩོལ་གྱི་འབྲས་བུ་དེར་ཁོ་བོས་བརྩི་བཀུར་བྱེད་སྲིད་མོད།འོན་ཀྱང་ཁོ་བོ་དང་ཁྱོད་གཉིས་མི་འདྲ་སྟེ།ཁོ་བོས་བརྩོན་ལེན་བྱེད་པ་ནི་བསམ་བློའི་སྙིང་སྟོབས་ཡིན་པས་སོ།།

ཁོ་བོས་འདིར་གླེང་བའི་བློས་གཏོང་སྙིང་སྟོབས་ནི་སྔོན་ཆད་ནང་བཞིན་རང་ལ་ཅི་ཡང་མི་མཁོ་བར་གཞན་དོན་གྱི་ཆེད་དུ་བློས་གཏོང་བ་དེ་འདྲ་ཞིག་ལ་གོ་བ་ཡང་མིན། ད་ལྟའི་ན་གཞོན་གྱི་ཆེས་ཆེ་བའི་གནད་དོན་དེ། རྒྱ་མཚོ་བཏུང་ཀྱང་མི་ངོམས་པ་ལྟ་བུ་ཞིག་ཆགས་འདུག་སྟེ། ཅི་ཞིག་ཡིན་ནའང་རང་ལ་འཐོབ་པར་རེ་ཞིང་། མ་ཟད་ད་དུང་ཡོད་ཚད་གཞན་ལས་ཁྱད་དུ་འཕགས་པར་འདོད་ཅིང་། ཅུང་ཙམ་ཞིག་ཐུགས་ཐོག་ཏུ་མ་སོང་ནའང་སྡུག་ར་ཚར་རྒྱུ་མེད་པ་ཞིག་བྱེད་ངེས། ཁོ་བོས་སློབ་གྲོགས་མང་པོ་ཞིག་ལ་འདི་ལྟ་བུའི་གནད་དོན་མངོན་སུམ་དུ་ཡོད་པ་མཐོང་མྱོང་ཞིང་། འདི་བཞིན་བྱས་ན་འགྲིག་པ་མ་རེད། འདི་ནི་ཁྱོད་ཀྱི་གདམ་གསེས་ལས་བྱུང་བ་ཡིན་པས། ཐོབ་ཟིན་ན་གཞན་ཞིག་ཤོར་འགྲོ་བ་བཤད་མ་དགོས་ཤིང་། ཤོར་ཟིན་ན་ད་གཟོད་ལྡོག་སྟེ་རང་ལ་འཐོབ་འོས་པ་འཐོབ་ངེས་སོ།།

 

 སློབ་ཆེན་གྱི་བསམ་བློའི་ཉེན་ཚབས།

 

དེས་ན་འདི་ལྟ་བུའི་ལམ་ལུགས་བསྐྱར་འཛུགས་དང་། རིག་གནས་བསྐྱར་འཛུགས། རིན་ཐང་བསྐྱར་འཛུགས། འཚོ་བའི་བསྐྱར་འཛུགས་ཁྲོད། ཀྲུང་གོའི་སློབ་ཆེན་ནམ་ཡང་ན་ཀྲུང་གོའི་པེ་ཅིང་སློབ་ཆེན་གྱིས་འགན་འཁྲི་གང་འདྲ་ཞིག་འཁུར་དགོས་དམ། ལས་འགན་གང་འདྲ་ཞིག་ཡོད་དམ། ཡང་ན་སྙིང་སྟོབས་གང་འདྲ་ཞིག་དར་སྤེལ་གཏོང་དགོས་སམ། འདི་ནི་ང་ཚོས་དེ་རིང་བགྲོ་གླེང་བྱེད་དགོས་པའི་གནད་དོན་གཉིས་པ་དེ་ཡིན།

ཁོ་བོའི་རྒྱུས་ལོན་ནམ་ཡང་ན་ཁོ་བོའི་སློབ་ཆེན་གྱི་ཕུགས་བསམ་ངོས་ནས། སློབ་ཆེན་ལ་སློབ་ཆེན་ཟེར་དོན་ཕྱོགས་གཉིས་ཀྱི་བྱེད་ནུས་ཚང་དགོས་པར་འདོད་དེ། གཅིག་ནི་སྲོལ་རྒྱུན་རང་བཞིན་གྱི་བྱེད་ནུས་ཏེ། བསམ་བློ་རིག་གནས་དང་རིག་གཞུང་སྙིང་སྟོབས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པ་དེ་ཡིན། དེའི་རྐྱེན་གྱིས་སློབ་ཆེན་ནམ་སྒོས་སུ་པེ་ཅིང་སློབ་ཆེན་ལྟ་བུའི་སློབ་ཆེན་འདི་འདྲ་ཞིག་ལ་མཚོན་ན། དེ་ནི་མི་རིགས་ཤིག་གི་སྙིང་སྟོབས་མཚོན་པའི་གནས་མཆོག་ཅིག་ཡིན་འོས། དེ་མིན་སློབ་ཆེན་ལ་ད་དུང་གསར་བརྗེ་རང་བཞིན་གྱི་བྱེད་ནུས་ཀྱང་བདོག་སྟེ། དགག་གཞག་དང་གསར་གཏོད་ཀྱི་སྙིང་སྟོབས་རིགས་ཤིག་ཡོད་འོས་ཤིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་ཚུལ་དང་། ད་ཡོད་ཀྱི་རིག་གནས་ཤེས་བྱའི་མ་ལག   མ་ཟད་འགྲོ་མི་རང་སྟེང་ནས་ཀྱང་རྒྱུན་མི་ཆད་པར་ཕྱིར་རྟོག་དང་དོགས་སློང་། དགག་གཞག་བྱེད་པ་དང་ལྷན་དུ་གསར་གཏོད་བྱེད་ལ། འདི་ལྟར་བྱས་ན། ད་གཟོད་སློབ་ཆེན་ནི་བསམ་བློ་གསར་བ་དང་། རིག་གནས་གསར་བ། རིག་གཞུང་གསར་བའི་འབྱུང་ཡུལ་དུ་འགྱུར་ངེས། སྐད་ཆ་མདོར་བསྡུས་ཀྱིས་བཤད་ན། གཅིག་ནི་སྲོལ་རྒྱུན་འཛིན་སྐྱོང་སྟེ། མི་རིགས་ཀྱི་སྙིང་སྟོབས་དང་བསམ་བློ་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་། གཅིག་ནི་དགག་གཞག་གསར་གཏོད་དེ། བསམ་བློ་གསར་བ་དང་རིག་གནས་གསར་བ། རིག་གཞུང་གསར་བ་གསར་གཏོད་བྱེད་པའོ།། ང་ཚོས་ད་ལྟའི་བར་དུ་ཆེས་ཡང་རྩེའི་སློབ་ཆེན་ཞིག་བསྒྲུབ་དགོས་ཞེས་འུར་བརྒྱབ་པ་རེད། འོ་ན་ཆེས་ཡང་རྩེར་འཕགས་པའི་སློབ་ཆེན་ནི་གང་འདྲ་ཞིག་ཡིན་ནམ་ཞེ་ན། ཁོ་བོའི་འདོད་ཚུལ་ལ་ཆེས་ཡང་རྩེའི་སློབ་ཆེན་བསྒྲུབ་པར་ཚད་གཞི་གཉིས་ཡོད་དེ། གཅིག་ནི་མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་སའི་རྟེན་གཞི་ཡིན་དགོས་ཤིང་། གཉིས་ནི་མི་རིགས་ཀྱི་བསམ་བློ་གསར་བ་དང་། རིག་གནས་གསར་བ། རིག་གཞུང་གསར་བའི་འབྱུང་ཡུལ་ཡིན་དགོས་པ་དེ་རེད།

འདི་ལྟར་སོང་ཚེ་པེ་ཅིང་སློབ་ཆེན་གྱི་ལོ་རྒྱུས་བཤད་དགོས་བྱུང་། ང་ཚོས་དུས་རྒྱུན་པེ་ཅིང་སློབ་ཆེན་གྱི་ལོ་རྒྱུས་སྟེང་འོད་སྟོང་འཕྲོ་བའི་དོན་དག་གཉིས་བྱུང་མྱོང་བར་སྨྲ་སྟེ། དོན་དག་དང་པོ་ནི་ལྔ་བཞི་རིག་གནས་གསར་བའི་ལས་འགུལ་གྱི་སྐབས་ཡིན་ལ། སྐུ་ཞབས་ཚའེ་ཡོན་ཕེ་ལགས་ཀྱིས་གཙོ་ཁྲིད་གནང་བའི་པེ་ཅིང་སློབ་ཆེན་དེ། དུས་སྐབས་དེའི་ཀྲུང་གོའི་ལྔ་བཞི་རིག་གནས་གསར་བ་དང་། དེང་རབས་རིག་གནས་གསར་བའི་འབྱུང་ཡུལ་ཡིན། དོན་དག་གཉིས་པ་ནི། ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་སྐབས་ཏེ། པེ་ཅིང་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན། ནན་ཁའེ་སློབ་ཆེན་གྱི་སྲོལ་རྒྱུན་མ་ཉམས་དར་སྤེལ་བྱས་ཤིང་། མི་རིགས་དཀའ་སྡུག་ལ་འཕྲད་དུས། མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་ཞིང་། ཆབས་ཅིག་བསམ་བློ་གསར་བ་དང་། རིག་གནས་གསར་བ། རིག་གཞུང་གསར་བའི་འབྱུང་ཡུལ་དུའང་གྱུར་རོ།། ང་ཚོས་ད་ལྟ་བལྟས་ན། ཆེས་ཕུལ་བྱུང་གི་ཚན་རིག་པ་དང་། རྩོམ་རིག་པ། བསམ་བློ་བ། མཚན་ཉིད་རིག་པ་བ་ཡོད་ཚད་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱིས་གསོ་སྐྱོང་བྱས་པ་ཡིན་འདུག ཡིན་ཀྱང་སློབ་ཆེན་ཡོད་ཚད་འདི་ལྟ་བུའི་མཐོ་ཚད་ཅིག་ལ་བསླེབས་མི་ནུས་ཤིང་། ཐ་ན་པེ་ཅིང་སློབ་ཆེན་ཡིན་ནའང་། ནར་ཞར་འདི་འདྲའི་མཐོ་ཚད་ལ་བསླེབས་པ་ཤིན་དུ་དཀའ།

“སྲོལ་རྒྱུན་སྲུང་སྐྱོབ”དང“དགག་གཞག་གསར་གཏོད”བྱེད་ན། སློབ་ཆེན་གྱིས་ངེས་པར་དུ་དངོས་ཡོད་ལ་དོ་སྣང་བྱེད་དགོས་ཤིང་། ཆབས་ཅིག་དངོས་ཡོད་དང་བར་ཐག་ཅུང་ཙམ་ཞིག་བསྐྱུར་དགོས། དེ་རིང་འདི་ནས་གཙོ་བོ“བར་ཐག”གླེང་བར་བྱ། ཁོ་བོས་བལྟས་ན། སློབ་ཆེན་གྱིས་བར་ཐག་གཉིས་རྒྱུན་འཁྱོངས་བྱེད་འོས་ཏེ། གཅིག་ནི་དར་སྲོལ་ཆེ་བ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་དཀྱུས་མ་དག་ལ་རྒྱང་བཀྱེད་དགོས་ཏེ། སློབ་ཆེན་གྱིས་མཚམས་རེར“མཁྲེགས་འཛིན”བྱེད་དགོས་པ་ལས། སྐབས་འཕྲལ་གྱི“དར་ཆེ་བ”འམ“དཔེ་གསར”གྱི་རྗེས་སུ་འབྲང་མི་རུང་། དེ་མིན་སློབ་ཆེན་གྱིས་ད་དུང་དངོས་ཡོད་ལའང་བར་ཐག་རྒྱུན་འཁྱོངས་བྱ་དགོས་ཏེ། ཆབ་སྲིད་དང་དཔལ་འབྱོར། བསམ་བློ། རིག་གནས། རིག་གཞུང་སོགས་འདུས་པའི་གནས་སྟངས་ལ་དགག་གཞག་གི་རྣམ་འགྱུར་འཛིན་དགོས།

དེ་ལྟར་སློབ་ཆེན་གྱིས་བར་ཐག་དེ་གཉིས་རྒྱུན་འཁྱོངས་བྱེད་པ་ལ། དེའི་འབྲེལ་གྱི་སྙིང་སྟོབས་ཤིག་ཀྱང་ཡོད་དགོས། ཁོ་བོས་བལྟས་ན། སློབ་ཆེན་ལ་སྙིང་སྟོབས་རིགས་གསུམ་ངེས་པར་ཡོད་དགོས་ཏེ། ཞི་དུལ། རྣམ་དག   དམིགས་འབེན་ནོ།། དེ་ཡང་སྤྱི་ཚོགས་ཧྲིལ་པོ་ཟང་ཟིང་ལང་ལོང་དུ་གྱུར་དུས། སློབ་ཆེན་གྱི་དགེ་རྒན་དང་སློབ་མ་རྣམས་ཞི་དུལ་ཡིན་དགོས་ལ། སྤྱི་ཚོགས་ཧྲིལ་པོའི་ཁ་དབུགས་རུལ་སུངས་འདམ་རྫབ་ཁྲོད་ལྷུང་དུས། སློབ་ཆེན་གྱི་དགེ་རྒན་དང་སློབ་མ་རྣམས་ལུས་ངག་ཡིད་གསུམ་རྣམ་དག་ཡིན་དགོས། མ་ཟད་སྤྱི་ཚོགས་ཧྲིལ་པོ་མགོ་བདེ་སླ་བཅོས་སུ་འགྱུར་དུས་ཀྱང་། སློབ་ཆེེན་གྱི་དགེ་རྒན་དང་སློབ་མ་རྣམས་ལ་དམིགས་འབེན་གསལ་བོ་ཡོད་དགོས། ཡང་གཅིག་བཤད་ན། “རང་ལུས་རང་སྲུང”གི་ཐབས་ལ་འབད་ནས་རང་བདག་གི་སྙིང་སྟོབས་འདམ་གྱིས་མ་གོས་པ་ཞིག་བྱེད་དགོས་པ་དང་། ཆབས་ཅིག་ཆེས་མ་མཐའི་ཚད་གཞི་དང་རིག་གཞུང་གི་ཚད་གཞི། མི་བཅའ་བའི་ཚད་གཞི་སོགས་སྲུང་འཛིན་བྱེད་དགོས་པས། སློབ་ཆེན་ནི་ཕྱི་རོལ་ཡུལ་གྱི་ཤན་ཞུགས་མི་ཐེབས་པ་ཞིག་དང་། གནོན་ཤུགས་དང་བསླུ་བྲིད་གང་རུང་གི་དབང་དུ་མི་འགྱུར་བ་ཞིག་ཡིན་དགོས་ལ། ཡང་ན་སློབ་ཆེན་གྱིས་རང་དགར་མི་བསྐྱུར་བ་དང་། གཟུར་བཤོལ་མི་བྱེད་པ། རུང་བསྟུན་མི་བྱེད་པའི་ཆེས་མ་མཐའི་སྙིང་སྟོབས་ཤིག་སྲུང་འཛིན་བྱེད་དགོས་པས་ཡིན།

ཡིན་ཀྱང་ཁོ་བོས་དེ་རིང་བཤད་པ་འདི་དག་གཉིད་བཤད་དང་ཐག་ཉེ་སྟེ། གང་ལགས་ཤེ་ན། དངོས་ཡོད་ཀྱི་ཀྲུང་གོ་དང་དངོས་ཡོད་ཀྱི་སློབ་ཆེན་ཏེ། པེ་ཅིང་སློབ་ཆེན་འདུས་པའི་སློབ་ཆེན་དག་གོང་སྨྲས་དེ་དག་ལས་ཡོངས་སུ་ལྡོག་ཅིང་། དེ་ནི་སྤྱི་ཚོགས་ཟང་ཟིང་ཡིན་ན་སློབ་ཆེན་དེ་བས་ཟང་ཟིང་ཡིན་པ་དང་། སྤྱི་ཚོགས་རུལ་སུངས་ཡིན་ན་སློབ་ཆེན་དེ་བས་རུལ་སུངས་སུ་གྱུར་ཡོད་ལ། སྤྱི་ཚོགས་མགོ་བདེ་སླ་བཅོས་ཡིན་ན་སློབ་ཆེན་དེ་བས་མགོ་བདེ་སླ་བཅོས་སུ་གྱུར་ནས་དམིགས་འབེན་མེད་པར་ཆགས་ཡོད་པས་ཡིན། འདི་ནི་ང་ཚོས་ད་ལྟ་ངེས་པར་གདོང་གཏོད་དགོས་པའི་དོན་དངོས་ཡིན། ཁོ་བོས་བསམ་ན་དེང་གི་ང་ཚོའི་སློབ་ཆེན་དུ་ཆེས་འཇིགས་སུ་རུང་བའི་བསམ་བློའི་རླབས་རྒྱུན་གཉིས་ཁྱབ་བཞིན་ཡོད་དེ། དངོས་ཕན་རིང་ལུགས་དང་དོན་སྟོང་རིང་ལུགས[3]ཀྱི་བསམ་བློའི་རླབས་རྒྱུན་རེད། དེ་ཡང་དངོས་ཕན་རིང་ལུགས་ཟེར་བ་ནི་ཡོངས་སུ་མི་སྒེར་གྱི་ཁེ་ཕན་དབང་དུ་སོང་བ་སྟེ། དགོས་མཁོ་ཡོད་ན་སྒྲུབ་པ་དང་དགོས་མཁོ་མེད་ཚེ་གཏན་ནས་མི་སྒྲུབ་པ་དེ་རེད། དེའི་སྟབས་ཀྱིས་རང་བཞིན་གྱིས་དོན་སྟོང་རིང་ལུགས་ཕྱོགས་སུ་འགྲོ་བའང་ཆོས་ཉིད་ཡིན། དེ་ནི་དར་ཆེ་བའི་སྲོལ་དང་ཁེ་ཕན་རྐྱང་རྐྱང་ལས་གང་ལའང་ཡིད་མི་རྟོན་ཞིང་། གང་ལའང་བློ་གཏོད་མེད་པ། ཅི་ཞིག་ཡིན་ཀྱང་འདོར་ཕོད་པ་ཞིག་ལའོ།། དེ་ལྟར་དངོས་ཕན་རིང་ལུགས་དང་དོན་སྟོང་རིང་ལུགས་ཀྱིས་སློབ་ཆེན་ལ་མཇུག་འབྲས་ངན་པ་གཉིས་བསྐྱེད་པ་སྟེ། གཅིག་ནི་ཤེས་བྱ་དངོས་ཕན་ཅན[4]དུ་གྱུར་ནས། སྤྱི་ཚོགས་དངོས་ཡོད་དང་འབྲེལ་བ་མེད་པའི་ཤེས་བྱ་ཅི་རིགས་སློབ་ཆེན་གྱི་སྒོའི་ཕྱིར་བཀག་པ་སྟེ། སློབ་ཆེན་དགེ་རྒན་གྱིས་ཕྱིར་བཀག་ཅིང་སློབ་ཆེན་སློབ་མས་ཕྱིར་བཀག་པ་དེ་ཡིན། གཉིས་ནི་བསམ་བློའི་སྙིང་སྟོབས་མེད་པ་སྟེ། བསམ་བློའི་སྟེང་གི་རིན་ཐང་ཅི་ཡོད་བརྩོན་ལེན་དང་རྒྱུན་འཛིན་མི་བྱེད་པའོ།། ཁོ་བོས་བསམ་ན་འདི་ལྟ་བུའི་དངོས་ཕན་རིང་ལུགས་དང་དོན་སྟོང་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་འདི་ཡིས་ཤེས་བྱ་དངོས་ཕན་ཅན་དང་བསམ་བློའི་སྙིང་སྟོབས་ཉམ་རུལ་དུ་བཏང་བ་ཡིན་ལ། དེ་ནི་དེང་གི་སློབ་ཆེན་ནང་གི་ཆེས་ཆེ་བའི་ཉེན་ཚབས་གཉིས་རེད། དེ་བས་སློབ་གྲོགས་ཚོས་འདིའི་རིགས་ལ་དོགས་ཟོན་ནན་ཏུར་བྱེད་དགོས་ཤིང་། དེ་ལྟར་བྱས་ན་ད་གཟོད“རང་ལུས་རང་སྲུང”གི་ཐབས་སུ་འབད་པ་ཡིན།

ཕྱོགས་གཞན་ཞིག་ནི། སློབ་ཆེན་གྱི་དགག་གཞག་བྱེད་ནུས་དང་གསར་གཏོད་བྱེད་ནུས་ཀྱང་ཇེ་གཉོམ་དུ་སོང་སྟེ་ཐ་ན་རྩ་བ་ནས་ཤོར་འདུག ཁོ་བོས་བལྟས་ན། སློབ་ཆེན་དུ་དགེ་རྒན་ནི་ཤེས་ཡོན་ཅན་རྣལ་མ[5]ཡིན་འོས་ཤིང་། སློབ་ཆེན་ནང་གི་སློབ་མས་ཀྱང་རང་ཉིད་གསོ་སྐྱོང་གིས་ཤེས་ཡོན་ཅན་རྣལ་མར་འགྱུར་བར་བརྩོན་དགོས་པ་ཡིན། ཤེས་ཡོན་ཅན་རྣལ་མས་སྤྱི་པའི་ཁེ་ཕན་མཚོན་པ་ཡིན་པས། མི་རིགས་ཀྱི་རིག་གནས་དང་འགྲོ་མིའི་རིག་གནས་ཁྲོད་ཀྱི་ཡོངས་ཁྱབ་རང་བཞིན་གྱི་རིན་ཐང་དང་ཕུགས་བསམ། ད་དུང་མི་སྒེར་བའི་ཚུགས་ཐུབ་ཀྱི་བསམ་བློ་དང་རིག་གཞུང་རང་དབང་གི་བརྩོན་ལེན་དེ་རྒྱུན་འཛིན་བྱེད་དགོས་པ་ཡིན། སློབ་ཆེན་གྱི་འགན་འཁུར་གཙོ་བོ་དེ་རྒྱལ་ཁབ་ལ་མི་འཇོན་ནུས་ཅན་སྐྱེད་སྲིང་བྱེད་དགོས་པ་ལས། ཁེ་ཕན་ཚོགས་པ་ག་གེ་མོ་ཞིག་གི་འདུ་ཤེས་འཛིན་སྟངས་མཚོན་པ་ཁྱོན་ནས་མིན་ལ། དེ་བས་ཀྱང་རང་ཉིད་ཁེ་ཕན་ཚོགས་པ་ཞིག་ཏུ་འགྱུར་བར་སྔོན་འགོག་བྱ་དགོས། འདི་ལྟར་བྱས་ན་ད་གཟོད་སློབ་ཆེན་གྱིས་རང་ཉིད་ཀྱི་སློབ་ཆེན་སྙིང་སྟོབས་ཚུགས་ཐུབ་ཅན་དང་བསམ་བློའི་རིག་གཞུང་རང་དབང་ཅན་དུ་རྒྱུན་འཁྱོངས་བྱེད་ཐུབ། ཁོ་བོས་བསམ་ན། སློབ་ཆེན་གྱི་དགེ་རྒན་དང་སློབ་མར་རྩ་བའི་རང་གཤིས་ཤིག་དང་རྩ་བའི་སྤྱོད་ལམ་ཞིག་ཡོད་པ་ནི་ཚུགས་ཐུབ་སྟེ། སྙིང་སྟོབས་ཀྱི་ཚུགས་ཐུབ་དང་། རིག་གཞུང་། བསམ་བློ། སྦྱོར་བའི་ངོས་ཀྱི་ཚུགས་ཐུབ་ཡིན་དགོས་ཤིང་། འདི་ལྟ་བུ་ཞིག་ཡིན་ཚེ་ད་གཟོད་སྤྱི་གཞུང་ལ་དོ་ཁུར་གྱིས་དགག་གཞག་དང་གསར་གཏོད་བྱེད་སྲིད་ལ། ད་གཟོད་ངེས་པ་དོན་གྱིས་སྤྱི་ཚོགས་ལ་ཕན་པའི་བསམ་བློ་གསར་བ་དང་། རིག་གནས་གསར་བ། རིག་གཞུང་གསར་བ་གསར་གཏོད་བྱེད་ནུས།

འོན་ཀྱང་ཁོ་བོའི་ཕུགས་བསམ་འདི་ཡང་སྔར་བཞིན་དངོས་ཡོད་དང་བཀྱེད་ཡོད་དེ། རྒྱུ་མཚན་ནི་དེ་རིང་གི་སྤྱི་ཚོགས་ཀྱིས་སློབ་ཆེན་ནང་གི་དགེ་རྒན་དང་མཁས་པ།སློབ་མ་སོགས་ད་ལྟའི་གནས་བབ་འདིའི་སྲུང་སྐྱོབ་པ་དང་དག་འབུད་པར་འགྱུར་དགོས་པའི་རེ་བ་བཏོན་ཡོད་པས་ཡིན།ཁོ་བོས་སྔོན་ཆད་སྐུ་ཞབས་ལུའུ་ཞུན་གྱི་སྐད་ཆ་ཞིག་གཡར་ནས་དེ་རིང་གི་དགེ་རྒན་ཆེན་མོ་དང་སྒོས་སུ་རིག་ཚན་སྐོར་གྱི་དགེ་རྒན་ཆེན་མོ་ཚོ་བརྗོད་ཡོད་ཅིང་།དེའི་ནང་སློབ་ཆེན་པ་ཡང་འདུ་སྲིད།ལུའུ་ཞུན་གྱི་སྐད་ཆ་དེ་ནི་མོས་མཐུན(དེང་གི་སློབ་གསོའི་ལམ་ལུགས་ལ་སྲུང་སྐྱོབ་ལྟ་བུ)དང་འགྲེལ་བཤད(ཁྱོད་ཀྱི་རིག་གཞུང་གིས་གཞུང་ལུགས་འདི་ཅི་འདྲའི་ཡང་དག་རླབས་ཆེན་དུ་གསལ་བཤད་ཀྱིས་ལུགས་མཐུན་ཅན་དང་ཁྲིམས་མཐུན་ཅན་དུ་གཏོང་བ་ལྟ་བུ)། དྲིལ་བསྒྲགས།འཁྲབ་སྟོན་ཏེ་ཡིག་འབྲུ་བརྒྱད་དོ།།འདི་ནི་དེ་རིང་གི་སྤྱི་ཚོགས་ཀྱིས་སློབ་ཆེན་དགེ་རྒན་དང་སློབ་ཆེན་པར་བཏོན་པའི་རེ་བ་ཡིན་པ་མ་ཟད།ལམ་ལུགས་ཀྱི་རྒྱབ་སྐྱོར་ཡང་ཐོབ་ཡོད།གང་ལྟར་ཁྱོད་ཀྱིས་དང་ལེན་དང་མོས་མཐུན།འགྲེལ་བཤད།དྲིལ་བསྒྲགས།འཁྲབ་སྟོན་བྱས་པ་ཡིན་ན།ཁྱོད་ལ་ཅི་ཡང་འཐོབ་སྟེ།ཁང་པ་དང་ལས་གནས།གོ་གནས་ཡོད་ལ།ཁྱོད་ཀྱི་ཞིབ་འཇུག་ཀྱང་གཙོ་གནད་རིག་ཚན་དུ་འགྱུར་ངེས་ཤིང་།གཟེངས་རྟགས་ཀྱང་ལོན་ངེས།འོན་ཀྱང་ཁྱོད་ཀྱིས་མོས་མཐུན་དང་དྲིལ་བསྒྲགས།འགྲེལ་བཤད།འཁྲབ་སྟོན་མི་བྱེད་པ་ཡིན་ན་ཁྱོད་ལ་ཅི་ཡང་འཐོབ་ཏུ་མེད་དོ།།འདི་ལྟ་བུའི་ལམ་ལུགས་ཤིག་གི་བསླུ་བྲིད་འོག་ཏུ།སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་མཁས་པ་དག་གཞན་དབང་དུ་འགྱུར་ངེས་ཏེ།དང་ཐོག་ཅུང་འཚེར་སྣང་སྐྱེས་རུང་ཕྱིས་སུ་ཇེ་བདེ་ཇེ་སྐྱིད་དུ་སོང་བས་རིམ་གྱིས་གོམས་ལོབས་སུ་འགྱུར་བ་དང་།མཐའ་མར་རྩ་བ་ནས་གཞན་དབང་དུ་འགྱུར་བ་དེ་ཡིན།རེད་དེ་ཁོ་བོས་དེ་རིང་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཐུབ་པ་ནི་ཁོ་བོས་ལས་འཁྱུར་ངལ་གསོ་བྱས་པས་ཡིན་ལ།གལ་ཏེ་ཁོ་བོ་ད་དུང་དགེ་རྒན་ཆེན་མོ་བྱས་ཡོད་པ་ཡིན་ན།འདི་ལྟ་བུའི་སྐད་ཆ་བཤད་པའི་སྤོབས་པ་མེད་ཀྱང་སྲིད།ང་ཚོས་གདོང་གཏད་པའི་གནད་དོན་འདི་ལམ་ལུགས་ཀྱིས་བཟོས་པ་རེད་མ་གཏོགས་མི་སྒེར་བའི་ཀུན་སྤྱོད་ཀྱིས་བཟོས་པ་ཞིག་ཁྱོན་ནས་མིན།དེ་ནི་སློབ་གསོའི་ལམ་ལུགས་ཀྱིས་སློབ་ཆེན་ཞིག་ལ་ཡོད་འོས་པའི་རང་དབང་ཚུགས་ཐུབ་ཀྱི་གསར་གཏོད་སྙིང་སྟོབས་ཤོར་དུ་བཅུག་པ་ཡིན་ཅིང་།འདི་ནི་ད་ལྟ་ང་ཚོས་འཁྲབ་སྟོན་བྱེད་དང་བྱེད་མུས་ཀྱི་སྙིང་སྟོབས་དང་བླ་སྲོག་ཡལ་བའི་སློབ་ཆེན་གྱི་སྐྱོ་གར་ཡིན་མོད།འོན་ཀྱང་སྐྱོ་གར་མང་པོ་ཞིག་དུས་དེ་རིང་གི་ངོས་ནས་སྐྱོ་གར་ཡིན་པའང་བརྗོད་དཀའ་སྟེ།གང་ལགས་ཤེ་ན།སྐྱོ་གར་གྱིས་ཁྱོད་ལ་ཡིད་སྐྱོ་རུ་འཇུག་མོད།ད་ནི་དེ་ལས་ལྡོག་སྟེ་དགོད་བྲོ་བ་ཞིག་ཏུ་གྱུར་འདུགདེ་བས་དེང་གི་སློབ་ཆེན་དུ་དེ་འདྲའི་དགོད་བྲོ་བའི་དོན་དག་མང་པོ་མཐོང་དུ་མཆིས།སློབ་གྲོགས་ཚོའང་དེའི་ནང་ཡོད་པས་ཁོ་བོ་དང་བསྡུར་ན་རང་བཞིན་གྱིས་མྱོང་བ་ཟབ།ཁོ་བོ་སློབ་གྲོགས་ཚོའི་མདུན་དུ་ལངས་ཐེངས་རེར་ངོ་གནོང་གི་འདུག་སྟེ།སློབ་ཆེན་དགེ་རྒན་གྱིས་གཞན་ལ་མིག་དཔེ་བྱེད་མི་ཐུབ་ལ།ཆེས་མ་མཐའི་སྲུང་བྱ་ཉག་གཅིག་པུ་དེ་ཡང་བསྲུང་མ་ནུས་ན།འདིས་སློབ་མར་ཤུགས་རྐྱེན་ངན་པ་བཟོ་སྲིད་པ་ནི་བཤད་ཅི་དགོས།

ལོ་འདི་གར་གོང་ནས་བཤད་པ་བཞིན་གྱི་དངོས་ཕན་རིང་ལུགས་དང་དོན་སྟོང་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་ཤུགས་དྲགས་ཤིང་། སློབ་ཆེན་སློབ་མའི་ཁྲོད་འདིའི་ཤུགས་རྐྱེན་ཤིན་དུ་ཆེ་བའི་རྒྱུ་མཚན་གཙོ་བོ་གཞན་ཞིག་ནི། ཚང་མས་མཐོང་བའི་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་ཚོའི་ཁྲོད་རུལ་སུངས་ཀྱི་སྣང་ཚུལ་ཅི་རིགས་མང་ལ། འདིས་མཐའ་འཁོར་གྱི་སློབ་གྲོགས་ལའང་ཤུགས་རྐྱེན་ཐེབས་ནས་སློབ་མ་རང་ཉིད་ཀྱིས་ཀྱང་གང་ཅིར་ནན་ཏན་བྱེད་སྙིང་མེད་པར་ཡོད་ཚད་སྤང་སྲིད་པ་དེ་ཡིན། དེར་བརྟེན། ང་ཚོས་དེ་རིང་འདི་ནས་སློབ་ཆེན་གྱི་སྙིང་སྟོབས་ཤོར་བའི་སྐོར་བགྲོ་གླེང་གིས་སློབ་ཆེན་སྙིང་སྟོབས་དང་སྒོས་སུ་པེ་ཅིང་སློབ་ཆེན་གྱི་སྙིང་སྟོབས་བསྐྱར་འཚོལ་བྱེད་པ་འདི། སློབ་ཆེན་པ་རྣམས་དང་འབྲེལ་བ་ཏོག་ཙམ་མེད་པའི་གནད་དོན་ཞིག་མིན་པར། འདིར་སྡོད་པའི་སློབ་གྲོགས་རེ་རེའི་བསམ་བློའི་བདེ་ཐང་གི་འཚར་ལོངས་ལ་ཐད་ཀར་འབྲེལ་བ་ཡོད། ང་ཚོས་ངེས་པར་དུ་ལེགས་ཉེས་དབྱེ་འབྱེད་ཀྱིས་སློབ་ཆེན་ཞིག་ལ་ཡོད་འོས་པའི་ཚུགས་ཐུབ་ཀྱི་སྲོལ་རྒྱུན་སྲུང་སྐྱོབ་ཀྱི་སྙིང་སྟོབས་དང་རང་དབང་དགག་གཞག། གསར་གཏོད་འཛུགས་སྐྲུན་གྱི་སྙིང་སྟོབས་བརྩོན་ལེན་བྱས་པ་ཡིན་ན། ད་གཟོད་ཕན་ནུས་ཡོད་པའི་སྒོ་ནས་དངོས་ཕན་རིང་ལུགས་དང་དོན་སྟོང་རིང་ལུགས་ཀྱི་བསམ་བློའི་རླབས་རྒྱུན་འགོག་ཐུབ་ལ། རང་ཉིད་ཀྱང་ཚུགས་ཐུབ་ཀྱི་དེང་རབས་ཤེས་ཡོན་པ་དང་དེང་རབས་སྤྱི་དམངས་ཤིག་ཏུ་གསོ་སྐྱོང་བྱེད་ནུས། ཁོ་བོས་བསམ་ན། འདི་ནི་དེ་རིང་གི་པེ་ཅིང་སློབ་ཆེན་བཙུགས་ནས་ལོ་འཁོར་110འགོར་བར་རྗེས་དྲན་བྱེད་པའི་དོན་སྙིང་ཡིན་པར་བསམས་སོ།།

 

[2] ཅིན་ཡུའེ་ལིན།(金岳霖 1895—1984)ཀྲུང་གོའི་མཚན་ཉིད་རིག་པ་བ་དང་གཏན་ཚིགས་རིག་པ་བ།   བརྩམས་ཆོས་སུ《ཤེས་བྱ་གླེང་བ》སོགས་ཡོད།
[3](实用主义、虚无主义)ཞེས་པ་བསྒྱུར།

[4](知识的实用化)ཞེས་པ་བསྒྱུར།

[5](公共知识分子)ཞེས་པ་བསྒྱུར།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

2 thoughts on “དཔེ་ཀློག་དང་སློབ་ཆེན།

  1. བྱ་ནག་པོ།

    ཀློའུ་རྒན་ཚོ། རྩོམ་ཡིག་འདི་ཅི་ཞིག་ལ་འཁྱེར་མི་ཆོག་པ་རེད། དེ་ནི་རྩོམ་པ་པོ་དང་བསྒྱུར་བ་བོའི་ཐུགས་འདུན་དང་འགལ་བ་སེམས་ཐག་རེད། དྲ་བའི་ཁེ་དབང་ཁོ་ནར་བསམ་པནས་གཞན་ལ་གནོད་སྐྱེལ་བ་ནི་ངོ་མ་བཅོལ་ཆུང་གི་ལས་ཀ་རང་རེད།

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།