འཇར་པན་དང་ཀྲུང་གོའི་སློབ་གསོའི་གཤིབ་བསྡུར།

jiumeilkhjgh copy

ཨ་འབུམ་བློ་བཟང་དམ་ཆོས་ཀྱིས་སྒྲིག་སྒྱུར་བྱས།

སྤྱིའི་ཆ་ནས་བལྟས་ན། འཇར་པན་དང་ཀྲུང་གོའི་སློབ་གསོའི་ཁྲོད་དུ་རྗེས་ཤུལ་མི་འདྲ་བ་གཉིས་མངོན་གསལ་དུ་མཐོང་།
འཇར་པན་གྱི་དེང་རབས་དང་ཉེ་རབས་སློབ་གསོ་ནི་སྲིད་གཞུང་གི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་སུ་བཏང་བ་དང་། སློབ་གསོའི་འཕེལ་རྒྱས་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དོ་མཉམ་ཡོང་བ་དང་། རྒྱུན་བསྲིང་རང་བཞིན་གྱིས་གོམ་གང་རེ་དང་རིམ་པ་རེ་བཞིན་ཡར་རྒྱས་སུ་བཏང་། ཕྱི་རོལ་གྱི་འགོག་རྐྱེན་ཅི་ཡང་མེད་པར་ནམ་ཡང་བརྟན་ཆགས་རང་བཞིན་ངང་སྔོན་བསྐྱོད་བྱེད། སྲིད་གཞུང་གི་ཆོད་སེམས་བརྟན་པོ་ཡིན་པ་དང་སྟོབས་ཤུགས་གང་ལས་ཀྱང་སློབ་གསོའི་ཆེད་དུ་སྟོབས་ཤུགས་གང་ཡོད་འབུལ། སློབ་གསོ་ནི་འཇར་པན་མི་དམངས་ཀྱི་བླ་སྲོག་ཡིན་པ་དང་། སློབ་གསོའི་བཅའ་ཁྲིམས་ནི་འཇར་པན་གྱི་རྩ་ཁྲིམས་ཨང་གཉིས་པ་ཡིན་ལ། འགོ་ཁྲིད་ཀྱིས་ཀྱང་སློབ་གསོ་ནི་རྒྱབ་ཁབ་འཛུགས་པའི་རྩ་བ་ཡིན་ཞེས་སློབ་གསོར་ཤིན་ཏུ་གཙིགས་ཆེན་བྱེད།

ཀྲུང་གོའི་དེང་རབས་དང་ཉེ་རབས་ཀྱི་སློབ་གསོ་རྩ་བའི་སྟེང་ནས་འཇར་པན་དང་རྣམ་པ་གཅིག་མཚུངས་ཡིན། འོན་ཀྱང་། སྲིད་དབང་གི་འགྱུར་ལྡོག་དང་བསྟུན་རྒྱལ་ཁབ་ཉེན་ཚབས་ལྟ་བུའི་འོག་ཏུ་ཡོད་ཅིང་། ཉེ་རབས་སློབ་གསོ་མུ་མཐུད་གོང་འཕེལ་བཏང་ཡང་བརྟན་ཆགས་ཀྱི་ཁོར་ཡུག་བཟང་པོ་ཞིག་མེད་པས། སྲིད་གཞུང་ལ་དེང་རབས་སློབ་གསོ་ཡར་རྒྱས་གཏོང་བའི་ཆོད་སེམས་ཡོད་ཀྱང་རྒྱལ་ཁབ་ཀྱིས་སྟོབས་ཤུགས་འདོན་ཐུབ་ཀྱིན་མེད་པ་རེད། སློབ་གསོ་རྒྱལ་དམངས་ཀྱི་བླ་སྲོག་དང་རྩ་ཁྲིམས་ཨང་གཉིས་པར་དེ་བས་ཀྱང་འཇོག་ཐབས་མེད་ཅིང་། ཁྲིམས་ལུགས་ཀྱི་ནུས་པ་དམིགས་བསལ་ལྡན་པའི་སློབ་གསོའི་བཅའ་ཁྲིམས་དང་ཡིག་ཆ་ཡང་མེད།

༢༠༠༢ལོར། ཀྲུང་གོའི་དར་མའི་ཡིག་ངོ་ཆོད་ཚད་ནི་བརྒྱ་ཆའི་༨༡་༥དང་། ཡིག་རྨོངས་པ་དང་ཡིག་རྨོངས་པ་ཕྱེད་ཀྱི་བསྡུར་ཚད་ནི་བརྒྱ་ཆའི་༡༥ཡིན། ༢༠༠༢ལོར། འཇར་པན་གྱི་དར་མའི་ཡིག་ངོ་ཆོད་ཚད་བརྒྱ་ཆའི་༡༠༠ཡིན་པ་དང་། ད་ལྟ། འཇར་པན་དུ་ཡིག་རྨོངས་པ་གཅིག་ཀྱང་བཙལ་མི་ཐུབ།

༢༠༠༥ལོར། ཀྲུང་གོའི་མཐོ་རིམ་སློབ་གསོ་(སློབ་གྲྭ་ཆེན་མོའི་ནང་གི་སློབ་མ་ཡང་འདུ)མྱོང་མཁན་ནི་རྒྱལ་ཡོངས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་༥ཡིན་པ་དང་། འཇར་པན་གྱིས་བརྒྱ་ཆའི་༤༨ཟིན་ཡོད་པ་རེད།

༢༠༠༥ལོར། ཀྲུང་གོའི་རྨང་གཞིའི་སློབ་གསོ་འཇར་པན་གྱི་༡༩༠༠ལོའི་ཆུ་ཚད་ཙམ་ཡིན་པ་དང་། འབྲིང་རིམ་སློབ་གསོ་འཇར་པན་གྱི་༡༩༡༠ལོའི་ཆུ་ཚད་ཙམ་དང་། མཐོ་རིམ་སློབ་གསོ་འཇར་པན་གྱི་༡༩༢༠ལོའི་ཆུ་ཚད་དང་མཉམ།

༢༠༠༥ལོར། ཀྲུང་གོའི་སློབ་གསོའི་མ་རྩར་བཏང་བའི་ནོར་སྲིད་ཀྱི་གྲངས་ཀ་ནི་ཕལ་ཆེར་འཇར་པན་གྱི་༡༩༢༤ལོ་དང་མཉམ།

འཇར་པན་གྱིས་མཚོ་ཁུག་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་རྗེས་ཀྲུང་གོའི་ས་ནས་བླངས་པའི་དངུལ་རྐྱང་དུང་ཕྱུར་གཉིས་ཡོངས་རྫོགས་རྒྱལ་དམངས་སློབ་གསོའི་འགྲོ་གྲོན་དུ་བཏང་བ་དང་། སྐར་གང་ཡང་དམག་རྒྱག་གི་འགྲོ་སོང་ནང་བཏང་མེད། གལ་ཏེ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་རྗེས་འཇར་པན་གྱིས་ཀྲུང་གོར་དངུལ་རྐྱང་དུང་ཕྱུང་གཉིས་གུན་གསབ་དུ་སྤྲོད་པའི་དབང་དུ་བཏང་ན། དངུལ་འདི་ཡོད་ཚད་རྒྱལ་དམངས་སློབ་གསོའི་འགྲོ་གྲོན་དུ་གཏོང་ངེས་སམ།

༡༩༤༩ལོའི་རྗེས་སུ། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཐོག་མའི་ལོ་བཅུའི་ནང་དུ་རྒྱལ་ཁབ་ཀྱིས་རྒྱལ་དམངས་སློབ་གསོ་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་ཕྱིར་དངོས་ཤུགས་རྒྱུ་ཤུགས་གཉིས་ཀ་བཏོན་པ་རེད། ༡༩༥༠ལོ་ནས་༡༩༦༠ལོའི་བར་གྱི་ལོ་ངོ་བཅུའི་ནང་ཀྲུང་གོའི་རྨང་གཞིའི་སློབ་གསོ་ཅུང་བཟང་བའི་ཕྱོགས་སུ་འཕེལ་རྒྱས་ཀྱི་རྣམ་པ་ལྡན། འོན་ཀྱང་། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་བ་དང་། ལྷག་པར་དུ་རིག་གནས་གསར་བརྗེའི་འགོ་བརྩམས་ནས་ཀྲུང་གོའི་སློབ་གསོར་ཡར་རྒྱས་མ་སོང་བ་མ་ཟད། ད་དུང་གནོད་འཚེ་ཆེན་པོ་ཐེབས་ནས་རྗེས་ལུས་སུ་གྱུར། རིག་གནས་གསར་བརྗེའི་འགོག་རྐྱེན་དང་གཡོན་གྱི་བསམ་བློས་འཇར་པན་དང་ཀྲུང་གོའི་བར་ཁྱད་ལོ་ཉི་ཤུའི་ཇེ་རིང་དུ་བཏང་བ་དང་། ༡༩༧༦ལོར་ད་གཟོད་ཀྲུང་གོའི་སློབ་གསོའི་དཔྱིད་ཀ་གསར་བ་སླེབས་པ་རེད།

འཇར་པན་གྱིས་དེང་རབས་སློབ་གསོ་ཁྱབ་སྤེལ་བཏང་བའི་ལོ་ངོ་བཞི་བཅུའི་རིང་འགོག་བྲལ་སྐྱོན་མེད་ངང་འཕེལ་རྒྱས་བྱུང་ཡོད་པ་དང་། ཀྲུང་གོའི་དེང་རབས་སློབ་གསོ་འཕེལ་རྒྱས་བཏང་བའི་ལོ་ངོ་བཞི་བཅུའི་བགྲོད་ལམ་ནི་ཀྱག་ཀྱོག་དང་དཀའ་ཁག་ཆེན་པོ་བྱུང་ཡོད་པ་མ་ཟད། འགོག་རྐྱེན་དང་གནོད་འཚེ་རབ་དང་རིམ་པར་ཐེབས། མཇུག་འབྲས་འདིས་༢༠༠༤ལོར་ཀྲུང་གོའི་GDPནི་འཇར་པན་གྱི་སུམ་ཆའི་གཅིག་ཙམ་ལས་ཟིན་མེད་པ་རེད།

རྒྱལ་ཁབ་ཞིག་འཕེལ་རྒྱས་འགྲོ་མིན་གྱི་རྩ་བའི་གནད་འགག་ནི་རྨང་གཞིའི་སློབ་གསོ་ཡིན་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཆེས་ཐོག་མ་ཡང་འདི་ཡིན་པ་རེད། འོན་ཀྱང་ཀྲུང་གོ་འདིའི་ཐད་ནས་ཏག་ཏག་འཇར་པན་གྱི་རྗེས་སུ་ལུས་ཡོད་པ་རེད།
༢༠༠༦ལོའི་བར་དུ། འཇར་པན་དུ་ནོ་པེ་འར་བྱ་དགའ་ལོན་མཁན་གྱི་མི་༡༢བྱུང་ཡོད་པ་དང་། ཀྲུང་གོར་གཅིག་ཀྱང་བྱུང་མེད། ཕྱི་སྡོད་ཀྲུང་གོ་བའི་ནང་ནོ་པེ་འར་བྱ་དགའ་རེག་མཁན་བྱུང་མོད། དེ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་སྒྲིག་འཛུགས་དང་འཛིན་སྐྱོང་འོག་གི་མི་ལ་ཐོབ་པ་མ་རེད།

༢༠༠༦ལོར་ཀྲུང་གོའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་ནི་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་བའི་འཇར་པན་གྱི་ཆུ་ཚད་དང་མཉམ་པ་ཙམ་རེད།

༢༠༠༥ལོར་ཀྲུང་གོའི་སློབ་གྲྭ་ཆེན་མོ་མཐར་ཕྱིན་ཚད་ནི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི༥ཡིན་པ་དང་། འཇར་པན་གྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི༤༨ཟིན།

༢༠༠༠ལོར། ཀྲུང་གོའི་ལོ་༢༥–༦༤བར་གྱི་མི་གྲངས་ཁྲོད། མཐོ་འབྲིང་མཐར་ཕྱིན་མཁན་གྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་༡༨ལས་ཟིན་མེད་པ་དང་། འཇར་པན་དང་། ཨ་རི། ཁ་ན་ཏ། འཇར་མན། དབྱིན་ཇི། ཧྥ་རན་སི་བཅས་ནི་བརྒྱ་ཆའི་༨༠ལས་བརྒལ་ཡོད་པ་རེད།

༢༠༠༥ལོར། བོའུ་ཁུ་ལེན་ལ་མི་གྲངས་ཁྲི་༥༠༠༠ཡོད་པ་དང་། མཐོ་རིམ་སློབ་གླིང་༡༠༤༧བཙུགས་ཡོད། ཀྲུང་གོར་མི་གྲངས་དུང་ཕྱུར་༡༣ལྷག་ཡོད་ཀྱང་། མཐོ་རིམ་སློབ་གླིང་༡༡༠༠ལས་མེད།

ཏིང་ཞའོ་ཕིན་གྱིས། ཀྲུང་གོའི་རྒྱལ་ཁབ་བཙུགས་རྗེས་ཆེས་ཚབས་ཆེ་བའི་ནོར་འཛོལ་ནི་སློབ་གསོའི་སྟེང་གི་ནོར་འཛོལ་ཡིན་ཞེས་གསུངས།

དེང་སྐབས་ཀྲུང་གོར་ཁ་རྒྱུན་ཞིག་ཡོད་པ་ནི། ཅི་ལྟར་དཀའ་ཡང་བྱིས་པ་དཀའ་རུ་མི་འཇུག ཅི་ལྟར་དབུལ་ཡང་སློབ་གསོ་དབུལ་བར་མི་བྱ་ཞེས་ཟེར། སྐད་ཆ་འདི་ཀྲུང་གོའི་མི་ཚང་མས་བཤད་ཤེས་པ་རེད། འོན་ཀྱང་། དངོས་ཡོད་འཚོ་བའི་ཁྲོད་ཀྱི་དོན་དངོས་གནས་ཚུལ་ནི། དཀའ་ཁག་མེད་ཀྱང་བྱིས་པ་དཀའ་རུ་འཇུག་པ་དང་། རྒྱུ་ནོར་ཡོད་ཀྱང་སློབ་གསོ་དབུལ་པོར་ལུས་ཡོད་པ་དེ་རེད།

སློབ་གསོ་ནི་རྒྱལ་ཁབ་སྐྱོང་བའི་རྩ་བ་ཡིན་པ་དང་། སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱིརྩ་བའི་རྨང་གཞི་ཡིན་ནོ།། དེས་ན་ང་ཚོ་ཚང་མས་སློབ་གསོའི་ཆེད་དུ་རང་གི་ཡོད་ཚད་འབུལ་བའི་སྙིང་སྟོབས་བསྐྱེད་པར་བྱའོ།།

༢༠༡༥/༤/༢/ཉིན།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

དཔྱད་མཆན་སྤེལ།

གློག་འཕྲིན་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།