མེ་རི།

09ཐེ་ལན་གྱི་རྩོམ་པོ་ཏའོ་ཏའོ།
སྒྲེན་པོས་བསྒྱུར།

ཁྱོད་ཀྱིས་མེ་རི་འཕྱུར་བའི་སྣང་ཚུལ་དེ་དངོས་སུ་མཐོང་མྱོང་མེད་ཀྱང་སྲིད། འོན་ཀྱང་མེ་རི་འཕྱུར་བའི་སྣང་བརྙན་དེ་ཁྱོད་ཀྱིས་རང་གི་བློ་ངོ་ནས་རྟོག་བཟོ་བྱས་ཆོག་སྟེ། ལམ་ལམ་དུ་འབར་ཞིང་གས་པའི་མེ་ཞུན་ཁོལ་མས་རི་ལུང་ཐང་གསུམ་གྱི་ས་གཞིའི་གདོང་གི་སྐྱི་གཉེར་རྨང་ནས་བསྲེགས་ལ། གནམ་ས་བསྒྲིབས་པའི་ཐལ་རྡུལ་གྱི་འཚུབ་མའི་རྔམ་ཟིལ་གྱིས་སྲོག་ཆགས་གྲངས་མེད་སྐད་ཅིག་རྨེག་མེད་དུ་གཏོང་བཞིན་འཕྱུར་འགྲོ  མེ་རུ་འཕྱུར་རྗེས་ཀྱི་ས་གཞི་དེ། ལོ་ངོ་བཅུ་ཁའི་རིང་ལ་མ་གཏོགས་བསྐྱར་གསོན་བྱེད་མི་ཐུབ།

ནམ་ཞིག་ཁྱོད་ཀྱིས་རང་གི་ཞེ་སྡང་ལ་ཚོད་འཛིན་མ་ཐུབ་པར་རྐྱེན་བྱས་ཏེ། ཁོང་ཁྲོའི་མེ་ལྕེ་ལང་ལོང་འཕྱུར་བའི་སྐད་ཅིག་མར། ཁོང་ཁྲོ་གཏིང་ནས་ལངས་སྟངས་དེའང་མེ་རི་འཕྱུར་བ་དང་འདྲ་བར། དེས་མི་གཞན་པའི་སེམས་ཁོང་ལ་སོས་ཐབས་དཀའ་བའི་རྨ་ཤུལ་འཇོག་ངེས་པ་མ་ཟད།  ཁོང་ཁྲོ་ཟ་སྐབས་ཀྱི་འཇིགས་སུ་རུང་བའི་བཟོ་ལྟ་དང་རྣ་བར་གཟན་པའི་སྐད་ཆའི་ཚིག་མཚོན་གྱིས་ཀྱང་གཞན་གྱིས་ནམ་ཞར་བརྗེད་དཀའ་ཞིང་རང་གིས་རང་ཉིད་མི་ཚེ་གང་བོར་གུ་ཡངས་གཏོང་མི་ཐུབ་པའི་སྡུག་བསྔལ་དང་འགྱོད་པ་བསྐྲུན་ཐུབ།     ཁྱོད་ཀྱིས་མེ་རི་འཕྱུར་བ་ལྟར་ཚོད་མ་ཟིན་པར་ཤོར་བའི་སྐད་ཅིག་གི་ཁོང་ཁྲོ་དེས་བཟོས་པའི་མཇུག་འབྲས་ནི། དུས་ཚོད་ཅི་ཙམ་རིང་དུ་འགྱངས་རྗེས་གཞི་ནས་སླར་གསོ་བྱེད་ཐུབ་བམ།

ང་ཚོ་མི་ཚང་མའི་སེམས་ཁོང་ན་བག་ལ་ཉལ་བའི་མེ་རི་རེ་རེ་བསྐྱིལ་ནས་ཡོད་ནའང་།  མི་དར་མའི་སེམས་ཁོང་གི་མེ་རི་གཉིད་དུ་ཡུར་བའི་རི་བོ་ཞིག་དང་མཚུངས་ལ། གཞོན་ནུའི་སེམས་ཁོང་གི་མེ་རི་དེ་རྐྱེན་གང་རུང་དང་འཕྲད་ན་ཐོལ་ཐོལ་འཕྱུར་ངེས་པའི་མི་རི་གསོན་པོ་ཞིག་དང་འདྲ།   སྤྱིར་ན་མེ་རི་ཡིན་པ་འདྲ་འདྲ་ཡིན་རུང་། འོན་ཀྱང་མེ་རི་གསོན་པོ་འཕྱུར་སར་སྐྱ་ཤིག་གེར་ལུས་པའི་མྱ་ངམ་ཐང་ལས་ཡོད་མི་སྲིད་ལ། གཉིད་དུ་ཤོར་བའི་མེ་རི་ཡོད་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ནགས་ཚལ་གྱིས་ཁེབས་ངེས།

(རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་ཚིགས་དང་འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག)

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།