རྒྱལ་སྤྱིའི་ཁྲིམས་ལུགས།

1134 copy

མ་ཡིག་ཝེ་ཁེ་རིག་མཛོད་ཀྱི་དབྱིན་ཡིག་སྡེ་ཁག་ལས་བདམས།
སྒྱུར་བ་བོ། པཎ་ཆེན་རྒྱལ།

ངོ་སྤྲོད་མདོར་བསྡུས།
རྒྱལ་སྤྱིའི་ཁྲིམས་ཞེས་པ་ནི་ས་ཁུལ་དང་ས་ཁུལ། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་མཉམ་འབྲེལ་དང་མཐུན་གནས་ལ་དམིགས་ནས་གཏན་འབེབས་བྱས་པའི་རྩ་འཛུགས་ཤིག་ལ་ངོས་འཛིན་བྱ་ཆོག  རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་རྒྱལ་སྤྱིའི་མཐུན་སྒྲིལ་དང་འབྲེལ་ལམ་གྱི་རྟེན་གཞི་དང་སྙོམས་སྒྲིག་གི་གཞི་རྩའི་སྒྲོམ་གཞི་བཟུང་ཡོད། རེད་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྤྱོད་སྒོའི་ཐད་ནས་རྒྱལ་ཁབ་ཀྱི་ཁྲིམས་དོན་ལས་རིགས་དང་ཅུང་ཐ་དད་ཡིན། འདི་ནི་རྒྱལ་སྤྱི་རང་བཞིན་ཅན་གྱི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་ལས་མི་སེར་ སྒེར་བ་དང་འབྲེལ་མེད་ཡིན། གལ་ཏེ་གྲོས་ཆོད་དང་ཆིངས་ཡིག་སོགས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་ལ་འཐུས་ཚབ་བྱས་ནས་ཆེས་མཐོའི་རྒྱལ་ཡོངས་ཁྲིམས་ཞིབ་ཁང་སྟེ། ཡོ་རོབ་ཀྱི་འགྲོ་མིའི་ཐོབ་ཐང་དོན་གཅོད་ཁྲིམས་ཁང་དང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་སོགས་ནས་རྒྱལ་ཁབ་ཀྱི་ཁྲིམས་སོགས་རྒྱལ་སྤྱིའི་ཁྲིམས་སུ་བསྒྱུར་བའང་ཡོད།   རྒྱལ་སྤྱིའི་ཁྲིམས་ལུགས་གང་མང་ཞིག་ནི་བཀའ་འཁྲོལ་གཞིར་བཞག་གི་དབང་འཛིན་ལ་གོ  དེའི་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་རིམ་པའི་མི་སྣ་ཡིན་ན་དམིགས་བསལ་གྱི་བཀོད་འདོམས་ཀྱི་བཀའ་འཁྲོལ་དབང་ཆ་ཡིན་ན་མ་གཏོགས་འདིའི་རིགས་ཀྱི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་མི་བྱེད་ཐུ་མེད་མིན། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་གཙང་མའི་རྩ་དོན་དང་འབྲེལ་ཡོད་པས་ཡིན། ཕྱོགས་གཞན་ཞིག་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྣང་ཚུལ་དེ་བཀའ་འཁྲོལ་གཞིར་བཞག་གི་དབང་འཛིན་ལ་བསྟུན་མི་དགོས་པ་འདྲ་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཞུགས་པར་བསྟུན་དགོས་ཏེ། དཔེར་ན་རྒྱལ་སྤྱིའི་སྲོལ་གཙོ་ཁྲིམས་ལུགས་ (customary international law) དང་གཏན་འབེབས་ལས་རིགས་བཅས་སོ། །
རྒྱལ་སྤྱིའི་ཁྲིམས་ལུགས་ཞེས་པའི་བརྡ་ཆད་དེ་ཁྲིམས་ལུགས་རིག་པའི་ངོས་ནས་དོན་གསུམ་ལ་འཇུག་སྟེ། ༡ སྤྱི་དོན་རྒྱལ་སྤྱིའི་ཁྲིམས་ལུགས་ (Public international law) ཞེས་པར་འཇུག་ལ་ཁྲིམས་ལུགས་ཁྱབ་ཁོངས་དེས་རྒྱལ་ཁབ་རང་བཞིན་ཅན་དང་རྒྱལ་སྤྱི་རང་བཞིན་ཅན་གྱི་འབྲེལ་ལམ་ཀྱི་གནས་བབ་འཛིན་སྐྱོང་བྱ་ངེས་ཏེ། དེའི་ཁྱབ་ཁོངས་སུ་གྲོས་ཆོད་ཁྲིམས་ལུགས་དང་། མཚོ་དོན་ཁྲིམས་ལུགས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ལུགས། དམག་དོན་ཁྲིམས་ལུགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས། སྐྱབས་བཅོལ་ཁྲིམས་ལུགས་བཅས་ཀྱི་ཁོངས་སུ་གཏོགས། ༢ ཕལ་དོན་རྒྱལ་སྤྱིའི་ཁྲིམས་ལུགས་ (Private international law) ཞེས་པར་འཇུག་ལ་ཁྲིམས་ལུགས་དེ་གཙོ་བོ་ཁྲིམས་ཀྱི་དབང་ཚད་ཅི་ཙམ་ལ་ཁྱབ་ཐུབ་པ་དང་ཇི་ལྟར་གནས་བབས་ཀྱི་རྩ་དོན་ཐོག་ཏུ་བཀོལ་ཐུབ་མིན་གྱི་ཁྱབ་ཁོངས་ལ་གོའོ། ། ༣ ཆེས་མཐོའི་རྒྱལ་ཡོངས་ཁྲིམས་ལུགས་ (Supranational law) ཞེས་པར་འཇུག་ལ་ཁྲིམས་ལུགས་དེ་ནི་གནས་སྟངས་དམིགས་བསལ་བ་ཞིག་གི་འོག་ནས་བཀོལ་ཏེ། གལ་ཏེ་གཞུང་ཞིག་གིས་ཁྲིམས་ལུགས་ལ་བརྩི་སྲུང་དང་གཏེན་འབེབས་ལག་ལེན་དུ་མ་བསྟར་བར་ཆེས་མཐོའི་རྒྱལ་ཡོངས་ཁྲིམས་དོན་གྱི་སྒྲོམ་གཞི་དང་འགལ་ཚེ་ས་ཁུལ་རང་བཞིན་ཅན་གྱི་མོས་མཐུན་དང་བསྟུན་ངེས་ཏེ། སྐབས་དེར་སྲིད་གཞུང་གིས་ཆེས་མཐོའི་རྒྱལ་ཡོངས་མཐུན་ཚོགས་དང་ཆིངས་ཡིག་གི་གྲོས་ཆོད་བཞག་ཡོད་པའི་ཕྱིར་རོ། །སྲོལ་རྒྱུན་རང་བཞིན་ཅན་གྱི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གཞི་ཁྱོན་མི་འདྲ་བ་གཉིས་ནི། ༡ རྒྱལ་ཚོགས་ཀྱི་ཁྲིམས་ལུགས། ༢ རྒྱལ་ཚོགས་ནང་ཁུལ་གྱི་མོས་མཐུན།

བྱུང་རིམ།
རྒྱལ་སྤྱིའི་ཁྲིམས་ལུགས་ནི་དུས་རབས་བཅུ་དགུ་བའི་དུས་དཀྱིལ་ཞིག་ནས་ཡོད་པ་ཞིག་ཡིན་ཡང་། རིག་པ་དེའི་གཞུང་ལུགས་ཀྱི་མགོ་ཁུངས་ནི་དུས་རབས་བཅུ་དྲུག་པའི་བསམ་བློ་སྨྲ་བ་རྣམས་ཏེ་སི་པན་རྒྱལ་ཁབ་ཀྱི་ཡེ་ཤུ་ཆོས་ལུགས་ཀྱི་བླ་མ་དང་མཚན་ཉིད་སྨྲ་བ་ཝེ་ཋོ་རེ་ཡ༼ Francisco de Vitoria སྤྱི་ལོ 1483-1546༽དང་སི་པན་རྒྱལ་ཁབ་ཀྱི་ཡེ་ཤུ་ཆོས་ལུགས་གསར་མའི་བླ་དཔོན་ནམ་མཚན་ ཉིད་སྨྲ་བ་སོའུ་རེ་རྫི༼ Francisco Suárez སྤྱི་ལོ 1548-1617༽། ད་དུང་ཨེ་ཋ་ལེ་རྒྱལ་ཁབ་ཀྱི་བླ་དཔོན་འཇེན་ཋེ་ལེ༼ Alberico Gentili)སྤྱི་ལོ 1552-1608༽དང་ཌྷཱ་ཆི་སྤྱི་མཐུན་རྒྱལ་ཁབ་ཀྱི་བླ་དཔོན་ཧོས་གྷོ་གྷི་རོ་ཋེའོ་ སི༼ Hugo Grotius  སྤྱི་ལོ 1583-1645༽་སོགས་ཀྱི་རིག་པ་ལས་བྱུང་བ་ཡིན་པ་མ་ཟད། མཚན་ཉིད་སྨྲ་བ་ཝེ་ཋོ་རེ་ཡ་ལགས་ཀྱིས་དམག་འཐབ་ཁོ་ནའི་གཞུང་ལུགས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཕྱོགས་ལ་རླབས་ཆེན་གྱི་ཕྱག་རྗེས་བཞག་ཡོད་པས་ཁོང་ནི་རྒྱལ་ སྤྱིའི་ཁྲིམས་ལུགས་ཀྱི་ཡབ་ཆེན་ལ་ངོས་འཛིན་གནང་མཁན་ཡང་མི་ཉུང་བ་ཡོད། གཞན་ད་དུང་བླ་དཔོན་འཇེན་ཋེ་ལེ་ལགས་ནི་དམངས་དོན་ཁྲིམས་ལུགས་ཀྱི་སློབ་དཔོན་ཆེན་མོ་ཡིན་སྟབས་ཁོང་ནི་སྤྱི་དོན་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་གྱི་དཔྱད་པ་འབྲི་མཁན་གྱི་ཐོག་མའི་གྲས་ཤིག་ཀྱང་ཡིན། ནུབ་ཕྱོགས་ལ་མཚོན་ན་ཁྲིམས་ལུགས་གཏན་འབེབས་སྐོར་གྱི་ལམ་ལུགས་མི་འདྲ་བ་གཉིས་འཕེལ་རྒྱས་སུ་སོང་ཡོད་དེ། གཅིག་ནི་ཡོ་རོབ་ཀྱི་ཕྱི་གླིང་མངའ་སྡེའི་ལམ་ལུགས་གཏན་འབེབས་བྱས་ཡོད། དེ་ནི་ཨ་རིའི་དམངས་དོན་ཁྲིམས་ལུགས་(American Civil Law)ཡིན། གཉིས་པ་ནི་དབྱིན་ཇུའི་སྤྱི་ཁྱབ་ཁྲིམས་ལུགས་(English common law)ཡིན། གོང་གི་ཁྲིམས་དཔོན་གྱིས་གཏན་འབེབས་བྱས་པའི་མཉམ་འབྲེལ་མངའ་སྡེའི་ཁྲིམས་ལུགས་དག་ནི་ཕལ་དོན་རང་བཞིན་ཅན་གཞིར་བཞག་གིས་གཏན་འབེབས་བྱས་པ་ཤ་སྟག་ཡིན།
དུས་རབས་ཉི་ཤུ་བར་འཛམ་གླིང་གི་འཁྲུག་ཆེན་གཉིས་ཀ་དང་། མནའ་མཐུན་རྒྱལ་ཚོགས་(League of Nations) གསར་འཛུགས། ད་དུང་རྒྱལ་སྤྱི་རང་བཞིན་ཅན་གྱི་ཚོགས་ཁག་དག་སྟེ་དཔེར་ན་རྒྱལ་སྤྱིའི་ངལ་རྩོལ་ལས་དོན་ཚོགས་པ་(International Labor Organization) ལྟ་བུ་སོགས་ཀྱིས་དེང་རབས་སྤྱི་དོན་རྒྱལ་སྤྱིའི་ཁྲིམས་ལུགས་གསར་འཛུགས་ཀྱི་ བརྒྱུད་རིམ་ལ་རམ་འདེགས་དང་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད། འཛམ་གླིང་འཁྲུག་ཆེན་དང་བོ་ནི་མནའ་མཐུན་རྒྱལ་ཚོགས་ཀྱི་མངའ་ཁོངས་ནས་འཇར་མན་ རྒྱལ་ཁབ་དང་ཕྱོགས་མཐུན་རྒྱལ་ཁག་གཉིས་ཀྱི་བར་ལ 1919 ལོར་ཞི་བདེའི་ཆིངས་ཡིག་སྟེ་ཝིར་སེལ་ལེ་སི་གྲོང་ཁྱེར་གྱི་ཆིངས་ཡིག་ཅེས་པ་དེ་བཞག་ནས་མཇུག་རྫོགས་པ་ཡིན།  རེད་དེ་ཆིངས་ཡིག་དེ་ལ་བརྩི་སྲུང་མ་བྱས་པར་འཛམ་གླིང་དམག་འཁྲུག་ཆེན་གཉིས་པ་ བྱུང་བ་མ་ཟད། མནའ་འབྲེལ་རྒྱལ་ཚོགས་རྩ་འཐོར་དུ་སོང་ནས་དེའི་ཚབ་ཏུ་མཉམ་འབྲེལ་རྒྱལ་ ཚོགས་(United Nations) བྱུང་། མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱལ་ཚོགས་དེའི་བཅའ་ཁྲིམས་ཀྱི་འོག་ནས་རྩ་འཛུགས་ བྱུང་བ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྟེན་གཞི་གསར་བ་གང་མང་ཞིག་ལ་གཞི་བཞག་ནས་གཏན་འབེབས་གང་མང་ཞིག་མཐོར་འདེགས་དང་རྒྱ་སྐྱེད་བྱས་ཡོད་དེ། དཔེར་ན་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ལྟ་བུ་ཡིན། ལྷག་པར་དུ་སི་ཝེ་རྫི་ལན་ཌྷི་རྒྱལ་ཁྱབ་ (Switzerland) ཀྱི་ལྗ་ནེ་ཝ་གྲོང་ཁྱེར་ (Geneva) ནས་བསྡུས་པའི་ལྗེ་ནེ་ཝ་གྲོས་མཐུན་(Geneva Conventions) གྱིས་འཁྲུག་རྩོད་འགལ་འདུ་ལ་སྟངས་འཛིན་དང་ཐག་གཅོད་བྱས་པའི་ཆིངས་ཡིག་དག་གཙོ་བྱས་རྒྱལ་སྤྱིའི་གཏན་འབེབས་དང་ཁྲིམས་ལུགས་གང་མང་ཞིག་རྒྱལ་སྤྱི་རང་བཞིན་ཅན་ གྱི་མོས་མཐུན་དང་ཐག་གཅོད་ཀྱི་བརྒྱུད་རིམ་སྣ་ཚོགས་བརྒྱུད་ནས་གསར་འཛུགས་བྱས་ ཡོད་དེ། རྒྱལ་སྤྱིའི་ངལ་རྩོལ་ལས་དོན་ཚོགས་པ་ (International Labor Organization) དང་། འཛམ་གླིང་འཕྲོད་བསྟེན་ཚོགས་པ། (World Health Organization) འཛམ་གླིང་ཁྱད་ནོར་སྲུང་སྐྱོབ་ཚོགས་པ། (World Intellectual Property Organization) རྒྱལ་སྤྱིའི་ཏར་འཕྲིན་ལས་དོན་ལྷན་ཚོགས། (International Telecommunication Union) མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རྩལ་རིག་གཞུང་སྲུང་སྐྱོབ་ཚོགས་པ།  (UNESCO) འཛམ་གླིང་ཚོང་དོན་ཚོགས་པ། (World Trade Organization) རྒྱལ་སྤྱིའི་ནོར་དོན་ཐེབས་རྩ་ཚོགས་པ་ (International Monetary Fund) བཅས་ཡིན། འདི་ལྟ་བུའི་མོས་མཐུན་གྱི་རྩ་འཛུགས་དང་མཉམ་ལས་འཕེལ་རྒྱས་ཀྱིས་རྒྱལ་སྤྱིའི་འབྲེལ་ལམ་མཐོར་འདེགས་ལ་ཕན་རླབས་ཆེན་པོ་བྱུང་ཡོད།

རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འབྱུང་གཞི།
རྒྱལ་སྤྱིའི་ཁྲིམས་ལུགས་ནི་རྒྱལ་སྤྱི་རང་བཞིན་ཅན་གྱི་གཏན་འབེབས་བྱེད་མཁན་དང་ཞིབ་འཇུག་པ་རྣམས་ཀྱིས་ལུགས་མཐུན་གྱི་ཐག་གཅོད་དང་ཞིབ་འཇུག་གི་གྲོས་མོལ་གཞིར་བཞག་གིས་ཤན་ཕྱེས་ནས་བྱུང་བ་ཞིག་ཡིན། གང་ལྟར་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འབྱུང་ཁུངས་ཞེས་པའི་གོ་དོན་གཙོ་བོ་ནི། རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ནས་རྒྱལ་སྤྱི་རང་བཞིན་ཅན་གྱི་ལམ་ལུགས་དག་འཚོལ་ཞིབ་བྱས་ནས་བདེན་དོན་རྒྱལ་སྤྱིའི་ཁྲིམས་ཁང་ལྷན་ཚོགས་ (Statute of the International Court of Justice) ཀྱི་སྤྱི་ཚན 38 པའི་དོན་ཚན 1 ཁོངས་སུ་ཐོ་འགོད་བྱས་པ་སྟེ། གྲོས་ཆོད་དག་གཅིག རྒྱལ་སྤྱི་རང་བཞིན་ཅན་གྱི་ལུགས་སྲོལ་དག་དང་གཉིས། ད་དུང་སྤྱི་ཁྱབ་རྩ་འཛིན་དག་བཅས་གསུམ་ནི་ཕལ་དོན་གྱི་འབྱུང་ཁུངས་ཡིན་ལ། ཁྲིམས་ཞིབ་ཀྱི་ཐག་གཅོད་དག་དང་ཆེད་མཁས་པའི་བརྩམས་ཆོས་དག་གིས་རྒྱལ་སྤྱིའི་ ཁྲིམས་ལུགས་ཀྱི་ཁ་གསབ་རང་བཞིན་ཅན་གྱི་འབྱུང་ཁུངས་སུ་གྱུར་བའི་རམ་འདེགས་ཐད་ཀར་བྱས་ཡོད། བདེན་དོན་རྒྱལ་སྤྱིའི་ཁྲིམས་ཁང་ལྷན་ཚོགས་ཀྱི་སྤྱི་ཚན 38 པའི་ཁོངས་སུ་འབྱུང་ཁུངས་དག་གོ་རིམ་བཞིན་བཀོད་ཡོད་པ་དེས་འབྱུང་གཞི་ཡིད་མོས་ རང་བཞིན་ཅན་གྱི་ཆོས་གཙོ་སྲིད་གཞུང་ (hierarchy) ཞིག་གྲོས་སུ་འདོན་བཞིན་པའི་བདེན་པ་དེར་ཆེད་མཁས་པ་གང་མང་ཞིག་གི་མོས་མཐུན་ ཡོད། ཡིན་ན་ཡང་ཆོས་གཙོ་བཙན་རྒྱལ་སྲིད་གཞུང་ནི་རྒྱལ་སྤྱི་རང་བཞིན་ཅན་གྱི་ལུགས་སྲོལ་དང་གྲོས་དོན་ཙམ་ཞིག་ཡིན་རུང་རྒྱལ་སྤྱིའི་ཁྲིམས་ཁང་དང་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཀྱི་གནས་ནས་དངོས་ཐོག་གི་དཔང་བོ་ཞིག་མ་བྱུང་། ཕྱོགས་གཞན་ཞིག་ནས་མི་འདྲ་ས་ཞིག་ཡོད་པ་ནི། རོ་མའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལྷན་ཚོགས་ (Rome Statute of the International Criminal Court) ཀྱི་སྤྱི་ཚན 22 བར་ཆོས་གཙོ་སྲིད་གཞུང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འབྱུང་གཞིར་གསལ་བོར་ འགྲེལ་ཡོད། སྐད་ཡིག་ཁྱབ་ཁོངས་ཀྱི་སྤྱི་ཚན 38 དུ་ཆོས་གཙོ་སྲིད་གཞུང་ནི་འབྱུང་གཞིར་འཇོག་པར་ཁ་གསལ་གྱི་སྒོ་ནས་ངོས་ལེན་དང་ རྒྱབ་སྐྱོར་བྱས་མེད།
ད་དུང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འབྱུང་ཁུངས་ཐད་ནས་ལུགས་མཐུན་གྱི་གཞུང་ལུགས་དང་སྲིད་ལུགས་ཀྱི་གཞུང་ལུགས་སོ་སོས་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། དུས་རབས་ཉི་ཤུ་བའི་ནང་ལ་དངོས་དོན་སྨྲ་བ་  (positivists) རྣམས་ཀྱིས་ངོས་འཛིན་བྱས་པ་ལྟར་ན། ཁེ་དབང་གཙང་མའི་རྒྱལ་ཁབ་ཅིག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་སེར་ཁྲིམས་ ལུགས་ཀྱི་རྩ་དོན་མོས་མཐུན་འགན་སྲུང་( pacta sunt servanda) གི་འོག་ནས་མོས་མཐུན་གྱི་གྲོན་དོན་ལ་བརྩི་སྲུང་བྱས་ནས་དབང་ཆ་ལ་ཚད་ལྡན་གྱི་སྟངས་འཛིན་དང་འཛིན་སྐྱོང་བྱེད་པ་ལ་ཟེར། འདི་ལྟ་བུའི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྣང་ཚུལ་དང་རྣམ་པ་དེ་སྤྱི་ལོ 1920 ལོའི་རྒྱལ་སྤྱིའི་བདེན་དོན་བརྟན་འཇགས་ཁྲིམས་ཁང་ལྷན་ཚོགས་ (1920 Statute of the Permanent Court of International Justice) སུ་མངོན་ཡོད་ལ། དེ་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ (United Nations Charter) ཀྱི་ངོས་ནས་རྒྱུན་སྐྱོང་ཐུབ་ཡོད་པ་མ་ཟད། སྤྱི་ལོ 1946 ལོའི་བདེན་དོན་རྒྱལ་སྤྱིའི་ཁྲིམས་ཁང་ལྷན་ཚོགས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ཚན 7 ཁོངས་སུ་བཀོད་ནས་གཅེས་སྲུང་བྱས་ཡོད།

རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རིགས་དབྱེ།

དང་བོ། སྤྱི་དོན་རྒྱལ་སྤྱིའི་ཁྲིམས་ལུགས།
སྤྱི་དོན་རྒྱལ་སྤྱིའི་ཁྲིམས་ལུགས་སམ་རྒྱལ་སྤྱིའི་སྤྱི་དོན་ཁྲིམས་ལུགས་ནི་སྤྱི་དང་བྱེ་བྲག་གང་རུང་གི་བར་གྱི་གྲོས་ཆོད་རང་བཞིན་ཅན་གྱི་འབྲེལ་ལམ་ལ་གོ་སྟེ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གྲུབ་ཆ་ཞིག་ཡིན་པར་ངོས་འཛིན་གྱིན་ཡོད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གཏེན་འབེབས་སོ་སོར་འབྱུང་གཞི་དང་འབྱུང་རྐྱེན་སོ་སོ་བ་རེ་ཡོད་ངེས་ཏེ། ༡༽ ལུགས་སྲོལ་སམ་རྒྱལ་སྤྱིའི་སྲོལ་གཙོ་ཁྲིམས་ལུགས། ༼ཁྲིམས་ལུགས་ཀྱི་དགོངས་ཚུལ་ལ་རྒྱབ་བརྟེན་ནས་འཛིན་སྐྱོང་བྱས་པ་དག་ཀྱང་ཁོངས་སུ་གཏོགས། ༽ ༢༽ གཅིག་གྱུར་མོས་མཐུན་ཡོད་པའི་ཚད་ལྡན་ཀུན་སྤྱོད།༼མཐའ་མའི་གཏེན་འབེབས།༽ ༣༽ ཁྲིམས་ལུགས་ཀྱི་གཏན་འབེབས་གྲུབ་ཆའི་འོག་ནས་གྲོས་བསྡུར་གྱི་མོས་མཐུན་སྟེ་ ཆེད་སྤྱོད་ཀྱི་བརྡ་ཆད་ལ་ཆིངས་ཡིག་གམ་གྲོས་ཆོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་སྤྱི་ཚན་བཅུ་གསུམ་པས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལྷན་ཁང་ གི་འགན་བཞེས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་དང་དེའི་སྒྲིག་བཀོད་གཏན་འབེབས་ཀྱི་གོང་འཕེལ་ལ་དངོས་ཤུགས་བརྒྱུད་ནས་ལམ་སྟོན་དང་རམ་འདེགས་བྱས་ཡོད། མོས་མཐུན་གྱི་དཔང་བོ་དང་འཛིན་སྐྱོང་གི་དཔང་བོ་མཚམས་རེར་གཞུང་ནང་ཁུལ་གྱི་གཏན་འབེབས་དང་ཡང་ན་མཁས་པ་དང་ཤེས་ཡོན་པའི་དགོངས་ཚུལ་ལས་འཚོལ་ཐུབ།

གཉིས་པ། ཕལ་དོན་རྒྱལ་སྤྱིའི་ཁྲིམས་ལུགས།
ཁྲིམས་ལུགས་ཞིབ་རྒྱས་(Conflict of laws )ལ་ནམ་རྒྱུན་མི་སེར་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ནས་ཕལ་དོན་རྒྱལ་སྤྱིའི་ཁྲིམས་ལུགས་ཞེས་འདོགས་ཀྱིན་ཡོད། དེ་ནི་སྤྱི་དོན་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཐ་དད་ཡིན། ཕལ་དོན་རྒྱལ་སྤྱིའི་ཁྲིམས་ལུགས་ཡིན་ན་བྱེ་བྲག་རང་བཞིན་ཅན་གྱི་སྒེར་དོན་དང་སྒེར་བ་སོ་སོའི་བར་གྱི་གནད་དོན་ཞིབ་རྒྱས་ལ་སྟངས་འཛིན་དང་འཛིན་སྐྱོང་བྱེད་པ་ལས་གཞུང་འབྲེལ་རང་བཞིན་ཅན་གྱི་མངའ་ཁུལ་དང་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚོ་ཁག་སོགས་ལ་ཁ་ཡ་མི་བྱེད། དེ་ནི་གཙོ་བོ་དབང་ཚད་ཀྱི་ཁྱབ་ཁོངས་ག་འདྲ་ཞིག་གིས་སྒེར་གྱི་ཚོ་ཁག་བར་གྱི་འགལ་འདུ་ཞུ་གཏུགས་ལ་ཆོག་མཆན་བྱིན་པ་དང་། དབང་ཚད་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་ག་འདྲ་ཞིག་བཀོལ་དགོས་པ་སོགས་ཡིན། དེའི་ཕྱིར་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གནད་དོན་ཐག་གཅོད་སྐོར་ཇེ་རྒྱས་དང་ཡར་རྒྱས་སུ་ཕྱིན་པ་རེད། དེང་སྐབས་ལྷན་ཚོགས་གང་མང་ཞིག་གི་ལྟེ་གནས་དང་ལས་བཟོ་བའི་རྒྱུན་ཐག་རྒྱལ་ཁབ་ ཀྱི་ས་མཚམས་བརྒལ་ནས་གནས་སྤོ་དང་བརྗེ་ལེན་བྱས་པ་མ་ཟད། ཡུལ་གྲུ་ཀུན་ལ་ཚོང་ལས་ཀྱི་འབྲེལ་ལམ་བཙུགས། རྐྱེན་དེ་དང་འབྲེལ་ནས་འགལ་འདུ་རང་བཞིན་ཅན་གྱི་རྙོག་འཛིང་དང་གཅིག་གྱུར་རང་བཞིན་ཅན་སྒྲོམ་གཞི་ཡང་ཆགས་ཐུབ་ཡོད། ད་དུང་ཚད་ལྡན་འཛིན་སྐྱོང་གི་སྐུལ་འདེགས་ཀྱི་གནད་དོན་ཡང་གོང་འཕེལ་དུ་ཕྱིན་ཡོད། དེ་དང་བསྟུན་ནས་ཚོང་དོན་ལས་རིགས་འདི་གོང་འཕེལ་དུ་སོང་བ་མ་ཟད 1958 ལོའི་ནེའོ་ཡོག་གྲོང་ཁྱེར་གྱི་གྲོས་མཐུན་ (New York Convention 1958)གྱི་འོག་ནས་དཔལ་འབྱོར་གྱི་བར་འདུམ་ (commercial arbitration) བཀོལ་བའི་ལམ་ལུགས་ཀྱང་གོང་འཕེལ་དུ་སོང་། ༼1958 ལོའི་ནེའོ་ཡོག་གྲོང་ཁྱེར་གྱི་གྲོས་མཐུན་ཟེར་བ་ནི་སྤྱི་ལོ 1958 ཟླ 6 ཚེས 10 ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཚོགས་འདུ་ཞིག་གི་སྟེང་ནས་ཐག་བཅད་པའི་ གྲོས་མཐུན་ཞིག་ཡིན་ལ་དེ་ལ་ཕྱི་འབྲེལ་བར་འདུམ་གྱི་ཆོད་ཡིག་ངོས་ལེན་དང་ལག་ བསྟར་གྲོས་མཐུན་ (The Convention on the Recognition and Enforcement of Foreign Arbitral Awards )ཡང་ཟེར།༽

གསུམ་པ། ཆེས་མཐོའི་རྒྱལ་ཡོངས་ཁྲིམས་ལུགས།
རྒྱལ་སྤྱིའི་ཁྲིམས་ལུགས་ཞེས་པའི་བརྡ་ཆད་དེ་བདག་དབང་གཙང་མའི་རྒྱལ་ཚོགས་ཀྱི་བར་ལ་བཞག་པའི་གྲོས་ཆོད་རང་བཞིན་ཅན་གྱི་ཁྲིམས་ལ་འཇུག་ངེས། འོ་ན་ཁྲིམས  “Law” ཞེས་པ་ནི་དབང་ཆའི་གཏིང་འཛིན་འོག་ནས་བཀོད་འདོམས་ཀྱི་སྒྲིག་གཞི་དང་། བཀའ་ཁྱབ་ཀྱི་སྒྲིག་གཞི། འབྲེལ་འདྲེས་རང་བཞིན་ཅན་གྱི་ཚད་ལྡན་ངོས་ལེན་གྱི་སྒྲིག་གཞི། ཚད་ལྡན་ལག་བསྟར་གྱི་སྒྲིག་གཞི་བཅས་ལ་ངོས་འཛིན་གྱི་ཡོད། དེ་བཞིན་བདག་དབང “sovereign” ཞེས་པ་ནི་ཆེས་མཐོའི་དབང་ཤུགས་སམ་འཛིན་སྐྱོང་ལ་གོ དེ་ལས་ལྡོག་སྟེ་བརྗོད་ན། རྒྱལ་ཁབ་ལ་རེས་སྐབས་སྐབས་སུ་རྒྱལ་ཁབ་རང་གི་རང་མོས་དང་བསྟུན་ནས་རྒྱལ་སྤྱིའི་ཁྲིམས་ལུགས་རྩིས་མེད་དུ་བཏང་བ་ཡང་ཡོད། འཛམ་གླིང་ཁྲིམས་ལུགས “world law” ནི་ཀུན་གྱི་བདག་དབང་གི་འཐུས་ཚབ་ཏུ་རུང་བའི་རྒྱལ་སྤྱི་རང་བཞིན་ཅན་གྱི་ཁྲིམས་ལུགས་ཀྱི་སྒྲིག་གཞིའི་འཕེལ་འགྱུར་ཞིག་ཡིན། འཕེལ་འགྱུར་དེའི་ཐོག་མའི་གོམ་སྟབས་དག་རིམ་བཞིན་ཆེས་མཐོའི་རྒྱལ་ཡོངས་ཁྲིམས་ལུགས་ཀྱི་སྒྲིག་གཞིའི་ཁ་ཕྱོགས་སུ་བསྐྱོད། རེད་དེ་འཛམ་གླིང་ཁྲིམས་ལུགས་དངོས་མ་ལ་འཛམ་གླིང་མི་མང་གི་ཁྲིམས་བཟོ་ལྷན་ཁང་ཞིག་མཁོ་ལ། ཁྲིམས་བཟོ་ལྷན་ཁང་དེ་འཛམ་གླིང་མི་མང་གིས་གྲུབ་པ་ཞིག་ཀྱང་མཁོ། མ་ཟད་ཁྲིམས་བཟོ་ལྷན་ཁང་དེ་འཛམ་གླིང་མི་མང་གི་ཆེད་དུ་གྲུབ་པ་ཞིག་ཡིན་པ་ཡང་ མཁོ་སྲིད་དོ། །

༡༽ རྒྱལ་སྤྱིའི་ཁྲིམས་ཁང་།
རྒྱལ་སྤྱི་རང་བཞིན་ཅན་གྱི་རྩ་འཛུགས་མི་ཉུང་བ་ཞིག་ལུགས་མཐུན་གྱི་རྩ་དོན་དག་ལ་གཞི་བཅོལ་ནས་གྲོས་ཆོད་ལྡན་པའི་སྒོ་ནས་རྩ་འཛུགས་གསལ་བསྒྲགས་བྱས་པ་ཡིན་པ་མ་ཟད། དེ་ལ་དབང་ཆའི་ཁྱབ་ཚད་ཀྱང་ངེས་ཅན་ཞིག་ཡོད། ཀུན་ཁྱབ་དབང་ཆའི་  (universal jurisdiction) ཐོབ་ཐང་ནི་མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་བདེ་སྲུང་ལྷན་ཁང་ (United Nations Security Council)མ་གཏོགས་མེད། དབང་ཆའི་ཐོབ་ཐང་གཞན་དག་ཡོད་པའི་རྩ་འཛུགས་དག་ནི་དཔེར་ན་བདེན་དོན་རྒྱལ་ སྤྱིའི་ཁྲིམས་ཁང་དང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་། ད་དུང་རྩེད་འགྲན་བར་འདུམ་གྱི་ཁྲིམས་ཁང་ (Court of Arbitration for Sport)ཡང་ཡིན།

༢༽ ཤར་ཕྱོགས་ཨ་ཧྥི་རི་ཁའི་སྤྱི་མཐུན་ཚོགས་པ།
ཤར་ཕྱོགས་ཨ་ཧྥི་རི་ཁའི་སྤྱི་མཐུན་ཚོགས་པ (East Africa Community) རྩ་འཛུགས་ནི་དགོས་པ་མི་ཉུང་བ་ཞིག་ལ་གཞི་བཅོལ་ནས་རྩ་འཛུགས་བྱས་པ་ཞིག་ཡིན། གཙོ་བོ་རང་རང་སོ་སོའི་ལམ་ལུགས་དེ་ཆེས་མཐོའི་རྒྱལ་ཡོངས་ཁྲིམས་ལུགས་ལ་བཅོལ་ནས་སྲིད་དོན་གྱི་མཐུན་སྒྲིལ་སྒྲུབ་རྒྱུ་དེ་ཡིན། ཡིན་ཡང་ལག་ལེན་ཐད་ནས་མིག་སྔར་མངོན་ཐོག་ཏུ་འཆར་ཐུབ་མེད། ཤར་ཕྱོགས་ཨ་ཧྥི་རི་ཁའི་སྤྱི་མཐུན་ཚོགས་པ་ནི་རྒྱལ་ཁབ་ལྔའི་བདག་ཉིད་ཅན་ཞིག་ཡིན། རྒྱལ་ཁབ་དག་ནི་ཁེན་ཡཱ་རྒྱལ་ཁབ།  (Kenya肯尼亚)ཐེན་རྫཱ་ནེ་ཡཱ་རྒྱལ་ཁབ། (Tanzania坦桑尼亚)ཡོ་གྷན་དྷཱ་རྒྱལ་ཁབ། (Uganda 乌干达)བྷོ་རོན་དྷེ་རྒྱལ་ཁབ། (Burundi布隆迪)རི་ཝན་དྷ་རྒྱལ་ཁབ།(Rwanda卢旺达)བཅས་ཡིན།

༣༽ ཨ་རི་ལྷོ་མའི་རྒྱལ་ཚོགས་མཐུན་ཚོགས།

ཨ་རི་ལྷོ་མའི་རྒྱལ་ཚོགས་མཐུན་ཚོགས་( Union of South American Nations )ཀྱིས་ཨ་རི་ལྷོ་མའི་གླིང་ཕྲན་ལ་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད། ད་དུང་སྤྱི་ལོ 2019 ལོའི་ལོ་མཇུག་ལ་ཡོ་རོབ་མཐུན་ཚོགས་དང་གཅིག་མཐུན་གྱི་སྒྲོམ་གཞི་ཞིག་འཛུགས་པའི་འཆར་གཞི་ཡང་བཏིང་ཡོད་པ་མ་ཟད། ཁོ་ཚོར་རང་ཉིད་ཀྱི་ལག་འཁྱེར་དང་དངུལ་ལོ། ད་དུང་ཚོང་ལས་ཀྱི་ཁྲོམ་ར་ཚད་ལྡན་ཞིག་ཡོད་པར་འབད་བརྩོན་བྱེད་བཞིན་ཡོད།

 

༤༽ ཨན་ཌྷིའི་སྐམ་ས་ཆེན་མོའི་རྒྱལ་ཚོགས་ཀྱི་སྤྱི་མཐུན་ཚོགས་པ།
ཨན་ཌྷིའི་སྐམ་ས་ཆེན་མོའི་རྒྱལ་ཚོགས་ཀྱི་སྤྱི་མཐུན་ཚོགས་པ་ (Andean Community of Nations)ནི་ཨ་རི་ལྷོ་མའི་ཨན་ཌྷི་སྐམ་སའི་རི་རྒྱུད་ཆེན་མོའི་ (the Andes Mountain)རྒྱལ་ཁབ་དག་གཅིག་སྡུད་ལ་ཐོག་མ་འབད་པའི་རྒྱལ་ཚོགས་ཤིག་ཡིན་ལ། དེ་ནི་སྤྱི་ལོ 1969 སྤྱི་ཟླ 5 ཚེས 26 ཉིན་བཞག་པའི་ཁར་ཋཱ་རྗེ་ནཱ་གྲོང་ཁྱེར་གྱི་གྲོས་མཐུན ( Cartagena Agreement ) གྱི་འོག་ནས་རྩ་འཛུགས་བྱས་པ་ཞིག་ཡིན་ལ། རྩ་འཛུགས་དེ་ནི་རྒྱལ་ཁབ་བཞིའི་བདག་ཉིད་ཅན་གྱི་སྤྱི་མཐུན་ཚོགས་པ་ཞིག་ཀྱང་ ཡིན། རྒྱལ་ཁབ་དག་ནི་བྷོ་ལེ་ཝེ་ཡཱ་རྒྱལ་ཁབ (Bolivia玻利维亚)  ཁོ་ལོམ་བྷེ་ཡཱ་རྒྱལ་ཁབ (Colombia哥伦比亚) ཨེ་ཁོ་ཌྷོར་རྒྱལ་ཁབ (Ecuador厄瓜多尔) ཕེ་རོ་རྒྱལ་ཁབ (Peru秘鲁)བཅས་སོ། །ཨན་ཌྷིའི་སྐམ་ས་ཆེན་མོའི་རྒྱལ་ཚོགས་ཀྱི་སྤྱི་མཐུན་ཚོགས་པས་ཆེས་མཐོའི་རྒྱལ་ཡོངས་ཁྲིམས་ལུགས་ཀྱི་མངའ་ཁོངས་ནས་འབད་པའི་ལམ་ལུགས་ལ་གྲོས་མཐུན་ཞེས་འབོད་ལ། མདོར་ན་རྒྱལ་ཁབ་དེ་དག་གི་ཆེད་དུ་འགན་འཁྲི་ཡོངས་སུ་བླངས་ཡོད།


 

78bc1bfa224927b4f18f13b5a46fd1d9སྤྱི་ལོ་2000ལོ་ནས་2013བར་གྱི་འཛམ་གླིང་ཆིངས་ཡིག་གི་ཐོ་གཞུང་།

 

ཝེ་ཁེ་རིག་མཛོད་Wikipedia ཀྱི་དབྱིན་ཡིག་སྡེ་ཁག་ལས་གདམས།
སྒྱུར་སྒྲིག་པ། པཎ་ཆེན་རྒྱལ།

ལོ། ཨང་། ཆིངས་ཡིག ནང་དོན་གནད་བསྡུས།
2000 (1) ཁོ་ཁྲོ་ནོས་[1]གྲོས་མཐུན། ཨ་ཧྥི་རི་ཁ་དང་། ཁ་རེ་བྷེན་མཚོ་གླིང་[2]དང་ཞི་བདེ་མཚོ་གླིང་གི་རྒྱལ་ཁབ་ཁག་ལ་དབུལ་སྐྱོབ་དང་ དཔལ་འབྱོར་མཐོར་འདེགས་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་གྱི་ཁ་ཕྱོགས་ལ་བསྐྱོད་ ཕྱིར་ཡོ་རོབ་མཐུན་ཚོགས་དང་ལྷན་ཏུ་ཆིངས་ཡིག་བཞག་པ་ཞིག་རེད།
(2) ཁེ་དབང་གཙང་བདག་གི་རྩ་ཁྲིམས་ཆིངས་ཡིག རྒྱ་ཁབ་53 དང་ཡོ་རོབ་ཁེ་དབང་གཙང་བདག་གི་ཚོགས་པ[3]་སོགས་ཀྱིས་བཞག་པའི་ཁེ་དབང་གཙང་བདག་གི་རྒྱལ་མང་རྩ་ཁྲིམས་ཆིངས་ཡིག་[4]ཅིག་ཡིན་པ་དང་། དེའི་དམིགས་འདུན་ནི་ལུགས་མཐུན་གྱི་བྱ་རིམ་ལ་དུས་བཅད་ལྟར་ཁེ་དབང་གཙང་བདག་གི་རེ་འདུན་ལྟར་མཐུན་ཐབས་བྱ་རྒྱུ་དེའོ། །
(3) རྗེ་དྷཱ་[5]ཆིངས་ཡིག 1934་ལོར་བྱུང་བའི་སོ་དྷེ་ས་མཚམས་ཀྱི་རྩོད་རྙོག་སྟེ། སོ་དྷེ་ཨ་ར་བྷེ་ཡ་དང་ཡེ་མན་[6]དབར་གྱི་ས་མཚམས་རྩོད་རྙོག་སེལ་བའི་ཆིངས་ཡིག་ ཅིག་ཡིན།
2001 (4) མཚོ་བྱ་ངང་བ་[7]དང་བྱ་ཁྲ་སྲུང་[8]སྐྱོབ་ཀྱི་གྲོས་མཐུན། ཉམས་ཉེས་ཐེབས་པའི་ལྷོ་ཕྱོགས་ཀྱི་མཚོ་བྱའི་གྲངས་འབོར་ལ་དམིགས་ནས་ལྟུང་བཞིན་པའི་མཚོ་བྱ་ངང་བའི་རིགས་དང་བྱ་ཁྲའི་ རིགས་སྲུང་སྐྱོབ་ལ་བཞག་པའི་གྲོས་མཐུན་ཞིག་ཡིན།
(5) སྐུད་ལམ་ནག་ཉེས་ཀྱི་ལྷན་ཚོགས་གྲོས་མཐུན། རྒྱལ་ཡོངས་ཁྲིམས་ལ་གཞི་བཅོལ་ནས་རྩིས་འཁོར་དང་དྲ་ལམ་གྱི་ནག་ཉེས་ལ་བཏོན་པའི་རྒྱལ་སྤྱིའི་ཐོག་མའི་ཆིངས་ཡིག་ཅིག་ ཡིན་པ་དང་རྒྱལ་ཁབ་སོ་སོའི་ཐབས་ཇུས་དང་མཐུན་འབྲེལ་ལ་ཐེབས་རྩ་མཐོར་འདེགས་གཏང་ ཕྱིར་བཞག་པའི་གྲོས་མཐུན་ཞིག་ཡིན།
(6) ཨུ་རུ་སུ་དང་ཀྲུང་གོ་མི་དམངས་སྤྱི་མཐུན་ཁལ་རྒྱབ་དབར་གྱི་མཛའ་འབྲེལ་ཆིངས་ཡིག འདི་ནི་རྒྱལ་ཁབ་གཉིས་ཀྱི་དབང་འཛིན་པ་ཅིང་ཙི་མན་དང་ཝ་ལཱཌི་མེར་ཕོ་ཁྲན[9]་གཉིས་ཀྱིས་མཚན་རྟགས་བཀོད་པའི་ལོ་ངོ་ཉི་ ཤུའི་དམག་དོན་ཀྱི་ཆིངས་ཡིག་ཅིག་ཡིན།
(7) བདེ་ལེགས་ཆིངས་ཡིག[10] ཡོ་རོབ་མཐུན་ཚོགས་ཀྱི་ཆིངས་ཡིག་དང་རོ་མའི་ཆིངས་ཡིག་གཉིས་ལ་ལེགས་སྒྲིག་བསྐྱར་བཅོས་ཀྱི་ཆིངས་ཡིག་ཅིག་ཡིན་པ་དང་དེ་ལ་ཨོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་དབང་འཛིན་པ་རྣམས་ཀྱིས་མོས་མཐུན་གྱིས་མཚན་ རྟགས་བཀོད་ཡོད།
2002 (8) ཕྱོགས་ཁྱབ་ཁུག་སྣའི་འབགས་བཙོག་[11]གི་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཚོགས་ཚོགས་པའི་[12]གྲོས་མཐུན། འདི་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་མཐུན་ཞིག་ཡིན་ཏེ། ཁུག་སྣའི་འབགས་བཙོག་སེལ་ཕྱིར་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཚོགས་ཚོགས་པའི་རྒྱལ་ཁབ་ སོ་སོ་གྲོས་མཐུན་གྱིས་བཞག་པའི་ཆིངས་ཡིག་ཅིག་ཡིན།
(9) གྷ་བྷཱ་དྷོ་ལེའེ་ཁྲི་གྲོང་ཁྱེར་[13]གྱི་གྲོས་མཐུན། ཁོན་གྷོ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྷ་བྷཱ་དྷོ་ལེའེ་ཁྲི་གྲོང་ཁྱེར་ནས་སྲིད་འཛིན་རང་ལུགས་ཀྱི་གཞུང་དང་ཁོན་ གྷོ་བཅིང་གྲོལ་དོན་གཉེར་ཚོགས་པ། ཁོན་གྷོའི་མང་གཙོ་དབང་འཛིན་ཚོགས་པ། ཁོན་གྷོའི་མང་གཙོའི་བཅིང་གྲོལ་དོན་གཉེར་ཚོགས་པ་སོགས་ནས་གྲོས་མཐུན་བྱུང་ནས་ཁོན་གྷོའི་དམག་འཁྲུག་གཉིས་པ་[14]མཚམས་འཇོག་བྱས།
(10) རྒྱལ་ས་ཕི་རེ་ཁྲོ་རེ་ཡའི་ཆིངས་ཡིག རན་དྷ་རྒྱལ་ཁབ་[15] དང་ཁོན་གྷོ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་དབར་གྱི་ཆིངས་ཡིག་ཅིག་སྟེ་རྒྱལ་སྤྱིའི་བཀའ་ཁྱབ་འོག་ནས་ཧོ་ཏོ་འཇིགས་སྐུལ་དཔུང་དམག་[16]དང་རན་དྷའི་བདེ་འཇགས་དཔུང་དམག་གཉིས་ཀྱི་གོ་མཚོན་སྤྱོད་པར་མཚམས་འཇོག་བྱས་ནས་རན་དྷའི་དཔུང་དམག་ ཁྲི་གཉིས་ལྷག་ཡོད་པར་ཕྱིར་ཐེན་དང་ཁོན་གྷོའི་དམག་འཁྲུག་གཉིས་པ་མཇུག་སྒྲིལ་ ཐབས་བྱ་ཕྱིར་བཞག་པའི་ཆིངས་ཡིག་ཅིག་གོ །
(11) ཁྲིམས་འགལ་རྫས་སྦྱོར་ཀྱི་གནད་དོན་ཆིངས་ཡིག འདི་ནི་ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་གོ་མཚོན་བཀག་འགོག་གི་གནད་དོན་ཆིངས་ཡིག་གསར་བའི་འཐུབ་ཚབ་ཏུ་རུང་བའི་རྡུལ་ཕྲན་མཚོན་ཆའི་བཀོལ་སྤྱོད་ཚད་བཀག་(རྡུལ་ཏིག་སྤྱད་པའི་འབར་མདེལ་1700ནས2200བར།)ལ་ བཞག་པའི་ཆིངས་ཡིག་ཅིག་ཡིན།
2003 (12) ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཚོགས་ཚོགས་པའི་རང་དབང་ཚོང་གཉེར་ཁོར་ཡུག་གི་ཆིངས་ཡིག འདི་ནི་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཚོགས་ཚོགས་པའི་ནང་ཁུལ་ལ་བསྐྲུན་པའི་ཚོང་གཉེར་ཁོར་ཡུག་ཅིག་སྟེ། ས་ཁུལ་གྱི་ཐོན་རྫས་བཟོ་སྐྲུན་ལ་དམིགས་ནས་རང་དབང་ཚོང་གཉེར་ལ་བཞག་པའི་ཆིངས་ ཡིག་ཅིག་ཡིན།
(13) 2003ལོའི་མཐུན་འགྱུར་ཆིངས་ཡིག འདི་ནི་ཡོ་རོབ་མཐུན་ཚོགས་དང་ཨོ་རོབ་ཀྱི་རྒྱལ་ཁབ་བཅུ་དབར་ཀྱི་མོས་མཐུན་ཏེ། རྒྱ་ཁབ་བཅུ་དེ་ཡོ་རོབ་མཐུན་ཚོགས་ལ་མཐུན་འགྱུར་མཉམ་ཞུགས་ཀྱི་ཆིངས་ཡིག་ཅིག་ཡིན།
(14) འཛམ་གླིང་འཕྲོད་བསྟེན་ཚོགས་པའི་རྡོ་ཐའི་རྫས་སྦྱོར་བཀག་སྡོམ་གྱི་རྩ་བའི་གྲོས་མཐུན། འདི་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ གིས་བཞག་པའི་ཆིངས་ཡིག་56པ་ཡིན་པ་དང་། འཛམ་གླིང་འཕྲོད་བསྟེན་ཚོགས་པའི་རྩ་ཁྲིམས་ཀྱི་དོན་ཚན་19པར་གཏོགས་པའི་འཛམ་ གླིང་འཕྲོད་བསྟེན་ཚོགས་པའི་ཐོག་མའི་ཆིངས་ཡིག་དེ་ཡིན། རྒྱལ་ཁབ་168ཀྱིས་མོས་མཐུན་གྱི་མཚན་རྟགས་བཀོད་ཡོད། དེའི་དམིགས་འདུན་ནི་ད་ལྟ་དང་མ་འོངས་པའི་མིའི་རིགས་ཀྱི་འཕྲོད་བསྟན་དང་སྤྱི་ཚོགས། ཁོར་ཡུག་དང་དཔལ་འབྱོར་ཀྱི་གྲུབ་འབྲས་སོགས་རྡོ་ཐའི་རྫས་བཀོལ་སྤྱོད་ཀྱི་ཉེན་ཚབ་ལས་སྐྱོབ་ཕྱིར་ཡིན།
2004 (15) འཚོ་བ་དང་ཞིང་ལས་ལ་དམིགས་པའི་སྐྱེ་དངོས་སྐྱེད་འཕེལ་ཐོན་ཁུངས་ཀྱི་རྒྱ་སྤྱིའི་ཆིངས་ཡིག དེ་ལ་རྒྱལ་སྤྱིའི་ས་བོན་ཆིངས་ཡིག་ཡང་ ཟེར། སྐྱེ་དངོས་འཁོར་སྐྱོད་ཀྱི་སྲུང་སྐྱོབ་ལ་གཏད་པའི་རྒྱལ་སྤྱིའི་གྲོས་མཐུན་ཞིག་ སྟེ། ཟས་རིགས་བཀོལ་སྤྱོད་ཀྱི་རྒྱུད་རིམས་ཁྲོད་འབྲུ་རིགས་ཀྱི་བདེ་འཇགས་ལ་དམིགས་ནས་འཛམ་གླིང་འཚོ་བ་དང་ཞིང་ལས་ཀྱི་སྐྱེ་དངོས་སྐྱེད་འཕེལ་ཐོན་ཁུངས་མཐོར་འདེགས་དང་སྤུས་ལེགས་གཏང་ཕྱིར་བཞག་པའི་ཆིངས་ཡིག་ཅིག་ཡིན།
2005 (16) ཁྱབ་རྒྱ་ཆེ་བའི་ཞི་བདེ་གྲོས་མཐུན།(སོ་དྷན།) སོ་དྷན་གཞུང་དང་སོ་དྷན་མི་དམངས་བཅིང་ གྲོལ་དམག་མི་གཉིས་ཀྱི་བར་ཀྱི་སོ་དྷན་མི་སེར་དམག་འཁྲུག་གཉིས་པ་མཚམས་འཇོགས་བྱུང་བ་དང་། མཐུན་སྒྲིལ་རྒྱལ་ཁབ་ཀྱི་གཞུང་གསར་འཛུགས་བྱེད་པར་མོས་མཐུན་བྱུང་ནས་ཆིངས་ཡིག་འདི་བཞག་པ་རེད།
(17) ནུས་ཤུགས་སྤྱི་ཚོགས་ཀྱི[17]ཆིངས་ཡིག ཡོ་རོབ་མཐུན་ཚོགས་ཀྱི་ནང་ཁུལ་གྱི་ནུས་ཤུགས་ཁྲོམས་ར་ཡོ་རོ་ཤར་ལྷོ་ཕྱོགས་སུ་རྒྱ་བསྐྱེད་གཏང་ཕྱིར་ཡོ་རོབ་མཐུན་ཚོགས་དང་རྒྱལ་ཚོགས་གསུམ་པ་[18]གཉིས་ཀྱི་བར་ནས་རྩ་འཛུགས་བྱས་པའི་ཁོར་ཡུག་དང་དེར་མོས་མཐུན་བྱུང་བའི་ཆིངས་ཡིག་ཅིག་ཡིན།
(18) 2005ལོའི་མཐུན་འགྱུར་ཆིངས་ཡིག ཡོ་རོབ་མཐུན་ཚོགས་ཀྱི་རྩ་ཁྲིམས་གཞི་ བྱས་ནས་བྷལ་གྷ་རེ་ཡཱ་རྒྱ་ཁབ་[19]དང་རོ་མན་ནེ་ཡཱ་རྒྱལ་ཁབ[20]་གཉིས་ཡོ་རོབ་ མཐུན་ཚོགས་ལ་མཐུན་འགྱུར་མཉམ་ཞུགས་ཀྱི་མོས་མཐུན་ཕན་ཚུན་ལ་བྱུང་ནས་བཞག་པའི་ཆིངས་ཡིག་ཅིག་ཡིན།
2006 (19) ཁྲི་རེ་ཕོ་ལེ་རྒྱལ་སའི་གྲོས་མཐུན། དེ་ལ་ལེ་བྷེ་ཡའི་[21]ཆིངས་ཡིག་ཟེར་ལ་ ཁྲི་རེ་ཕོ་ལེ་རྒྱལ་སའི་བསྒྲགས་གཏམ་ཡང་ཟེར། དེ་ནི་ཆ་དྷ་ཡ[22]དང་སོ་དྷན་དབར་གྱི་མཐའ་མཚམས་རྩོད་རྙོག་སེལ་ཕྱིར་ཆ་དྷ་ཡའི་སྲིད་འཛིན་ཨེ་ཌི་རེ་སི་དྷེ་བྷེ་དང་སོ་དྷན་གྱི་སྲིད་འཛིན་ཨོ་མར་ཧ་སན། ལེ་བྷེ་ཡའི་དབུ་ཁྲིད་མ་མར་གྷད་ཌ་ཧྥེ་གསུམ་གྱིས་མཚན་རྟགས་བཀོད་དེ་བཞག་པའི་ཆིངས་ཡིག་ཅིག་ཡིན།
(20) ཝ་རྫེ་རེ་ས་ཋེན་གྱི་ཆིངས་ཡིག དེ་ནི་ཕཱ་ཁེ་སི་ཋན་གྱི་གཞུང་དང་ཝ་རྫེ་ རེ་ས་ཋན་ས་ཁུལ་གྱི་ཚོ་ཁག་གི་བར་ལ་བཞག་པའི་ཆིངས་ཡིག་ཅིག་ཡིན། དེའི་དམིགས་འདུན་ནི་ཕཱ་ཁེ་སི་ཋན་གྱི་དམག་དང་ཊ་ལེ་བྷན་[23]དང་ཨལ་ཁ་ཌ་འཇིགས་ བསྐུལ་བ་[24]གཉིས་ལ་བརྒྱུད་འབྲེལ་ཡོད་པའི་ངོ་རྒོལ་བ་དག་གི་དབར་ལ་བྱུང་བའི་ ཝ་རྫེ་རེ་ས་ཋེན་གྱི་འཁྲིག་རྩོད་ནན་ཏན་གྱིས་མཚམས་འཇོག་ཕྱིར་ཡིན།
(21) ཨན་ཌ་རེའོ་སི་གྲོ་ཁྱེར་གྱི་གྲོས་མཐུན། དེ་ནི་དབྱིན་ཇུའི་གཞུང་དང་ཨ་རེ་ཤི་ གཞུང་། ད་དུང་ཨ་རེ་ལན་ཌི་བྱང་མ་ལ་འགན་དབང་རྩིས་སྤྲོད་ལ་འབྲེལ་ཡོད་པའི་ཆབ་སྲིད་ ཚོགས་པ་ཁག་གི་བར་ནས་བསྡུར་བའི་ཞི་བའི་གྲོས་མཐུན་ཞིག་ཡིན་ལ། དེའི་གྲུབ་འབྲས་ནི་ཨ་རེ་ལན་ཌི་བྱང་མའི་ལྷན་ཚོགས་སླར་གསོ་གནང་ནས་ཨ་རེ་ལན་ཌི་ བྱང་མའི་འགན་འཛིན་ལྷན་ཁང་གསར་བ་ཞིག་འཛུགས་ཐུབ་པ་བྱུང་།
2007 (22) ལེ་སི་བྷོན་[25] ཆིངས་ཡིག འདི་ལ་བསྐྱར་བཟོའི་ཆིངས་ཡིག་ཡང་ཟེར། འདི་ནི་ཡོ་རོབ་མཐུན་ཚོགས་ཀྱི་རྩ་ཁྲིམས་ལ་གཞི་བཅོལ་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཆིངས་ཡིག་དང་རོ་མའི་ཆིངས་ཡིག་གཉིས་ལ་ལེགས་བཅོས་གཏོང་བའི་རྒྱལ་སྤྱིའི་ཆིངས་ཡིག་ཅིག་གོ །
(23) ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཚོགས་ཚོགས་པའི་བཅའ་ཁྲིམས། འདི་ནི་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཚོགས་ ཚོགས་པའི་ཆེས་མཐོའི་ལྷན་ཚོགས་སྐབས་བཅུ་གསུམ་པར་གཏན་འབེབས་གནང་བའི་རྩ་བའི་ནང་ཁུལ་བཅའ་ཁྲིམས་ཡིན་པ་དང་། རྒྱལ་ཁབ་བཅུའི་འཐུས་མི་དབུ་ཁྲིད་བཅུ་སྟེ་རྐང་འཛིན་ཚོགས་མས་མཚན་རྟགས་བཀོད་ ནས་གཏན་ལ་ཕབ་པའོ། །
2008 (24) གསར་འཛུགས་ཀྱི་ཆིངས་ཡིག དེ་ནི་རྒྱལ་ཁབ་སོ་སོའི་ཆེས་མཐོའི་ལྷན་ ཚོགས་སྐབས་གསུམ་པར་གཞུང་འབྲེལ་གྱི་སྒོ་ནས་མེ་གླིང་ལྷོ་མའི་མཐུན་ཚོགས་གསར་འཛུགས་ཀྱི་གྲོས་ཆོད་བྱུང་ནས་བྷི་རཱ་རྫེལ་ [26]གྱི་བྷི་རཱ་སེ་ལཱེ་གྲོང་ཁྱེར་ནས་མཚན་རྟགས་བཀོད་ཐུབ་པར་བྱུང་། མཐུན་ཚོགས་འདི་མེ་གླིང་ལྷོ་མའི་རྒྱལ་ཁབ་བཅུ་གཉིས་ཀྱིས་གྲུབ་ཡོད།
2009 (25) ནག་ཅན་ཕྱིར་སྤྲོད་ཀྱི་ཆིངས་ཡིག དབྱིན་ཇུའི་རྒྱལ་གཞུང་དང་ཨ་རེ་ལན་ཌི་ ལྷོ་མ་[27]དང་ཧྥེ་ལེ་པན་སྤྱི་མཐུན་རྒྱལ་ཁབ་[28]གསུམ་གྱི་བར་ལ་མོས་མཐུན་ གྱིས་ནག་ཅན་ཕྱིར་སྤྲོད་ཀྱི་ཆིངས་ཡིག་འདི་དབྱིན་ཇུའི་རྒྱལ་ས་ལོན་ཌོན་ནས་བཞག
2010 (26) བྷ་རེན་ཋ་རྒྱ་མཚོའི[29]་མཐའ་མཚམས་ཀྱི་ཆིངས་ཡིག དེ་ནི་ཨུ་རུ་སུ་སྤྱི་མཐུན་ཕྱོགས་ སྒྲིལ་རྒྱལ་ཁབ་དང་ནོར་ཝེ་རྒྱལ་གཞུང་གཉིས་ལོ་ངོ་བཅུ་ཕྲག་འགའ་ལ་ཞི་མོལ་གནང་བའི་བྷ་རེན་ཋ་རྒྱ་མཚོ་ཡི་འདབས་འབྲེལ་མཐའ་མཚམས་ཐག་གཅོད་ལ་བཞག་པའི་ཆིངས་ཡིག་ཅིག་ཡིན།
2011 (27) འཛམ་གླིང་བྱང་སྣེ་བའི་འཚོལ་ཞིབ་དང་སྲུང་སྐྱོབ་གྲོས་མཐུན། དེ་རྒྱས་པ་ལ་འཛམ་གླིང་བྱང་སྣེའི་མཚོ་འབྲེལ་དང་མཁའ་འབྲེལ་གྱི་ཉམས་ཞིབ་དང་སྲུང་སྐྱོབ་མཐུན་འབྲེལ་གྲོས་མཐུན་ཡང་ཟེར། དེ་ནི་རྒྱལ་སྤྱིའི་ཆིངས་ཡིག་ཅིག་ཡིན་པ་དང་འཛམ་གླིང་བྱང་སྣེའི་ལྷན་ཚོགས་ གཅིག་བསྡུད་ཀྱིས་རྒྱལ་སྤྱིའི་ཉམས་ཞིབ་དང་སྲུང་སྐྱོབ་འཛམ་གླིང་བྱང་སྣེ་ལ་ཁྱབ་པར་བྱ་ཕྱིར་དང་། ས་ཁུལ་ཉམས་ཞིབ་དང་སྲུང་སྐྱོབ་གསར་སྐྲུན་བྱ་ཕྱིར་རོ།
2012 (28) བྷང་སཱ་མོ་རོ་ལ་ཐག་ཆོད་གྲོས་མཐུན། དེ་ནི་ཧྥེ་ལེ་པེན་གཞུང་དང་མོ་རོ་ཧ་ཆེའི་བཅིང་གྲོལ་འཐབ་ཕྱོགས་གཅིག་གྱུར་ཚོགས་སྡེ་[30]གཉིས་ཀྱི་ཐག་ཆོད་གྲོས་མཐུན་ཞིག་ཡིན། དེས་རང་སྐྱོང་ཆབ་སྲིད་ཀྱི་ངོ་བོ་གསར་བསྒྱུར་གནང་ནས་མེན་དྷཱ་ནོ་ཧ་ཆེ་རང་སྐྱོང་ལྗོངས་ལ་བྷང་སཱ་མོ་རོ་ཞེས་བཏགས་ནས་རང་སྐྱོང་ལྗོངས་དམིགས་འཛུགས་གནང་ ངོ་། །
2013 (29) ནང་ཁུལ་སྐམ་སའི་འབབ་ཚུགས་ཀྱི་གྲོས་མཐུན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་ འབྱོར་དང་སྤྱི་ཚོགས་འགན་སྲུང་ཁེ་དབང་གི་རྒྱལ་ཚོགས་[31]ནང་ཁུལ་གྱི་སྐམ་སའི་ འབབ་ཚུགས་(གཞུང་ལམ་དང་ལྕགས་ལམ་མཚོ་ལམ་སོགས)ལ་གཅིག་གྱུར་མཐུན་སྦྱོར་གྱི་གྲོས་མཐུན་བྱུང་བའི་ཆིངས་ཡིག་ཅིག་ཡིན།

 གསལ་འདེབས།

[1] ཁོ་ཁྲོ་ནོས། Cotonou,ནི་ཨ་ཧྥི་རི་ཁའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་བྷེ་ནན་ Benin ཞེས་པའི་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཀྱི་ཆེས་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པ་མ་ཟད་དཔལ་འབྱོར་གྱི་ལྟེ་གནས་ཤིག་ཡང་ཡིན།

[2] ཁ་རེ་བྷེན་མཚོ་གླིང་། Caribbean Sea ནི་མེ་ཁུ་སེ་ཁོ་མཚོ་ཁུག Gulf of Mexico གི་ཤར་ལྷོའི་མཚམས་དང་ཧྥེ་གླིང་གི་ཤར་ཕྱོགས། ཨ་ཧྥི་རི་ཁ་ལྷོ་མའི་བྱང་ཕྱོགས་སུ་ཡོད་པའི་རྒྱ་མཚོ་དེའི་དབུས་ཀྱི་གླིང་ཕྲན་ཞིག་ཡིན།

[3] ཡོ་རོབ་ཁེ་དབང་གཙང་བདག་གི་ཚོགས་པ། European Patent Organisation   ནི་1977 ལོར་གསར་འཛུགས་གནང་བའི་རྒྱལ་སྤྱིའི་མི་མང་ཚོགས་པ་ཞིག་ཡིན་པ་དང་ཡོ་རོབ་གླིང་ ནས་ཡོ་རོབ་ཁེ་དབང་བཀའ་ཤོག་གི་འོག་ནས་ཁེ་དབང་མཁོ་སྤྲོད་ཀྱི་ལས་གཞི་རྒྱ་ བསྐྱེད་གནང་ཡོད།

[4] རྒྱལ་མང་རྩ་ཁྲིམས་ཆིངས་ཡིག multilateral treaty དེ་ནི་རྒྱལ་སྤྱིའི་མཛའ་འབྲེལ་ཞིག་སྟེ་རྒྱལ་ཁབ་གང་མང་ཞིག་གནད་དོན་གཅིག་ལ་མཐུན་སྒྲིལ་དང་ལྡོག་རྩ་གཅིག་སྒྲིལ་གྱིས་འབད་པ་གནང་བའོ། །

[5] རྗེ་དྷཱ། Jeddah ནི་ཨེ་ཤ་ཡའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སོ་དྷེ་ཨ་རབ་བྷེ་ཡ Saudi Arabia ཡི་ནུབ་ཀྱི་མངའ་སྡེ་མཱག་ཁཱཧ Makkah Province,ཡི་ཆེས་ཆེ་བའི་གྲོང་ཁྱེར་ཡིན་པ་མ་ཟད། རྒྱ་མཚོ་དམར་བོའི་ Red Sea འགྲམ་ངོགས་ན་ཆགས་ཡོད།

[6] ཡེ་མན། Yemen ནི་ཨེ་ཤ་ཡའི་ནུབ་ཕྱོགས་ཀྱི་སྤྱི་མཐུན་རང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།

[7] མཚོ་བྱ་ངང་བ། albatrosses

[8] མཚོའི་བྱ་ཁྲ། petrels procellariids

[9] ཝལ་ཌི་མེར་ཕོ་ཁྲན Vladimir Putin ཁོང་ནི་ཨུ་རུ་སའི་ཆབ་སྲིད་པ་ཞིག་ཡིན་པ་དང་། སྤྱི་ལོ་1999ནས་2000 ལོའི་བར་སྲིན་བློན་གནང་བ་དང་2000ལོ་ནས་2012བར་སྲིད་འཛིན་གྱི་འགན་བཞས།

[10] Treaty of Nice ཞེས་པ་བདེ་ལེགས་ཆིངས་ཡིག་ཅེས་བསྒྱུར་ཡོད། སྤྱིར་ནང་དོན་གྱི་ཆ་ནས་ལེགས་བཅོས་ཆིངས་ཟེར་ན་འགྲིག་ཡང་ཚིག་གི་ངོ་གདོན་ནས་ ལྟས་ན་བདེ་ལེགས་ཟེར་འདུག་པས། དེ་ལྟར་བསྒྱུར་ན་སྒྲ་དོན་གང་གི་ཆ་ནས་མ་འགྲིག་པ་མེད་པར་སྣང་།

[11] ཁུག་སྣའི་འབགས་བཙོག haze pollution ནི་མཁའ་དབུགས་ཀྱི་ནང་དུ་ས་རྡུལ་དང་བྱེ་རྡུལ། ཆ་རྡུལ་དང་དུ་བ། གཞན་ད་དུང་རྡུལ་སྐམ་པོའི་རིགས་ཡོངས་འདུས་ནས་སྨུགས་པ་ལྟར་འཐིམས་པའི་སྐྱ་ མདོག་གི་འབགས་བཙོག་དེ་ལ་ཧ་རྫི་ Haze འབགས་བཙོགས་ཟེར་བས་ན་ཁུག་སྣའི་འབགས་བཙོག་ཞེས་བསྒྱུར་ཡོད།

[12] ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཚོགས་ཚོགས་པ། ASEAN ནི་སྤྱི་ལོ་1967 ལོའི་ཟླ་8 ཚེས་8 ལ་གསར་འཛུགས་གནང་བའི་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཚོགས་ཚོགས་པ་ཞིག་ཡིན་པ་དང་། དེའི་ཁོགས་གཏོགས་ཀྱི་རྒྱལ་ཁབ་ཁག་ནི 1) ཡེན་ཌོ་ནེ་ཤི་ཡ། Indonesia 2) མ་ལ་ཤེ་ཡ། Malaysia 3) ཧྥེ་ལེ་ཕེན། Philippines 4) སེངྒ་ཕོར། Singapore 5) ཐེ་ལེན་ཌི། Thailand 6) བྷི་ར་ནས། Brunei 7) འབར་མ། Burma (Myanmar) 8) ཁམས་བྷོ་ཌེ་ཡ། Cambodia 9) ལའོ་སི། Laos 10) ཝེ་ནམ། Vietnam བཅས་སོ། །

[13] གྷ་བྷཱ་དྷོ་ལེའེ་ཁྲི་གྲོང་ཁྱེར། Gbadolite ནི་ཧྥེ་གླིང་གི་རྒྱལ་ཁབ་ཁོན་གྷོ་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྫོང་ཁག་ཞིག་གི་གྲོང་ཁྱེར་གཙོ་བོ་ཡིན།

[14] ཁོན་ གྷོའི་དམག་འཁྲུག་གཉིས་པ་(The Second Congo War ) ལ་ཧྥེ་གླིང་འཁྲུག་ཆེན་ཡང་ཟེར། དེ་ནི་སྤྱི་ལོ 1998 ཟླ 8 ནང་ལ་བྱུང་ཞིང་། རྩ་དོན་ནི་ཁོན་གྷོའི་མང་གཙོའི་སྤྱི་མཐུན་ཚོགས་པ་དང་སྲོལ་རྒྱུན་སྲིད་གཞུང་ མང་གཙོའི་སྤྱི་མཐུན་ཚོགས་པ་གཉིས་ཀྱི་སྲིད་དབང་རྩོད་ལེན་གྱི་འཁོན་འཛིན་ཁྲོད་ ནས་བྱུང་བ་ཞིག་ཡིན།

[15] རན་དྷ་རྒྱལ་ཁབ Rwandan ནི་ཧྥེ་གླིང་དབུས་མའི་སྤྱི་མཐུན་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།

[16] ཧོ་ཏོ་འཇིགས་སྐུལ་དཔུང་དམག interahamwe ནི་རན་དྷ་རྒྱལ་ཁབ་ནང་གི་ཧོ་ཏོ་ཞེས་པའི་མི་རིགས་གྲངས་ཉུང་ཞིག་ཡིན་ལ་ཁོ་ཚོས་ རིགས་རྒྱུད་རྩ་བརླག་གི་ཉེན་ཁ་ལ་བརྒོལ་བའི་འཇིགས་སྐུལ་རིང་ལུགས་པའི་དཔུང་ ཚོགས་ཤིག་ཡིན།

[17] ནུས་ཤུགས་སྤྱི་ཚོགས Energy Community ཞེས་པ་ནི་ལྕགས། རྡོ་སོལ། སྣུམ། ཆུ་ནུས། རླུང་ནུས། ཉི་ནུས་སོགས་ཀྱི་ཁྲོམ་ར་རྒྱ་བསྐྱེད་དང་གོང་འཕེལ་ལ་གཏང་ཕྱིར་ཡོ་རོབ་མཐུན་ ཚོགས་དང་རྒྱལ་ཚོགས་གསུམ་པ་གཉིས་ཀྱ་བར་ནས་རྩ་འཛུགས་བྱས་པའི་རྒྱལ་ཚོགས་ཤིག་ ཡིན།

[18] རྒྱལ་ཚོགས་གསུམ་པ་ third countries ཞེས་པ་ནི་ཡོ་རོབ་མཐུན་ཚོགས་ནས་བཀོལ་བའི་ཐ་སྙད་ཅིག་ཡིན་ལ་དེ་ནི་ཡོ་རོབ་མཐུན་ ཚོགས་ཀྱི་ཁོངས་གཏོགས་མིན་པའི་ཡོ་རོབ་ཀྱི་རྒྱལ་ཁབ་ཚང་མར་རྒྱལ་ཚོགས་གསུམ་པ་ ཞེས་འབོད།

[19] བྷལ་གྷ་རེ་ཡཱ་རྒྱ་ཁབ Bulgaria ནི་ཡོ་རོབ་ཀྱི་ཤར་ལྷོའི་སྤྱི་མཐུན་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།

[20] རོ་མན་ནེ་ཡཱ་རྒྱལ་ཁབ Romania ནི་ཡོ་རོབ་ཀྱི་ཆེས་ཆེ་བའི་རྒྱལ་ཁབ་དགུ་བ་ཡིན་ལ། དེ་ནི་ཡོ་རོབ་ཀྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད།

[21] ལེ་བྷེ་ཡ Libya ནི་ཨ་ཧྥི་རི་ཁའི་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཡིན།

[22] ཆ་དྷ་ཡ Chadནི་ཨ་ཧྥི་རི་ཁའི་དབུས་ཕྱོགས་ཀྱི་སྐམ་ས་ཆེན་མོའི་རྒྱལ་ཁབ་ཅིག་ཡིན།

[23] ཊ་ལེ་བྷན Taliban ནི་ཨ་ཧྥི་གྷ་ནི་སི་ཐན་རྒྱལ་ཁབ་ནང་གི་ཧ་ཆེ་བས་རྩ་འཛུགས་བྱས་པའི་ཆབ་སྲིད་ ཚོགས་པ་ཞིག་ཡིན་ལ་ཉེ་འཁོར་གྱི་རྒྱལ་ཁབ་གང་མང་ལ་ཁྱབ་བརྡལ་དུ་སོང་བའི་འཇིགས་ སྐུལ་རིང་ལུགས་པ་ཞིག་ཀྱང་ཡིན།

[24] ཨལ་ཁ་ཌ་འཇིགས་བསྐུལ་བ Al-Qaeda ནི་འཛམ་གླིང་ཧ་ཆེའི་དམག་ཕྱོགས་བརྒྱུད་འབྲེལ་གྱི་འཇིགས་བསྐུལ་ཚོགས་པ་ཞིག་ཡིན། ཚོགས་པ་དེ་1988 ལོར་བྷེན་ལ་ཏེནOsama bin Ladenདང་ཨ་རྫམAbdullah Azzamགཉིས་གཙོ་བྱས་གཞན་དམག་ཕྱོགས་པ་འགས་རྩ་འཛུགས་བྱས་པ་ཞིག་ཡིན།

[25] ལེ་སི་བྷོན Lisbon ནི་ཡོ་རོབ་ལྷོ་ནུབ་ཀྱི་རྒྱལ་ཁབ་ཕོར་ཆོས་གྷོལ Portugalཞེས་པའི་རྒྱལ་ས་གྲོང་ཁྱེར་ཡིན།

[26] བྷི་རཱ་རྫེལ་ Brazil ནི་ཨ་རི་ལྷོ་མའི་ཆེས་ཆེ་བའི་མི་དམངས་སྤྱི་མཐུན་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།

[27] ཨ་རེ་ལན་ཌི་ལྷོ་མ་ Northern Ireland ནི་ཡོ་རོབ་དབྱིན་ཇུའི་རྒྱལ་ཁབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་གླིང་ ཕྲན་གྱི་རྒྱལ་ཁབ་ཅིག་ཀྱང་ཡིན།

[28] ཧྥེ་ལེ་པན་སྤྱི་མཐུན་རྒྱལ་ཁབ་ Republic of the Philippines ནི་ཨེ་ཤ་ཡ་ཤར་ལྷོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ནུབ་ཕྱོགས་སུ་ཆགས་པའི་གླིང་ ཕྲན་རྒྱལ་ཁབ་ཅིག་ཡིན།

[29] བྷ་རེན་ཋ་རྒྱ་མཚོ Barents Seaནི་ནོར་ཝེ་རྒྱལ་ཁབ་ཀྱི་བྱང་ཕྱོགས་དང་ ཨུ་རུ་སུ་རྒྱབ་ཁབ་བར་དུ་ཆགས་པའི་བྱང་སྣེའི་རྒྱ་མཚོ་ཆེན་པོའི་ནང་དུ་གྲུབ་ པའི་མཐའ་སྟོང་ཅན་གྱི་རྒྱ་མཚོའི་ཡ་གྱལ་ཞིག་གི་མིང་ལ་ཟེར།

[30] མོ་རོ་ཧ་ཆེའི་བཅིང་གྲོལ་འཐབ་ཕྱོགས་གཅིག་གྱུར་ཚོགས་སྡེ Moro Islamic Liberation Front ནི་ཧྥེ་ལེ་པན་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་ཡོད་པའི་བྷང་སཱ་མོ་རོ་ Bangsamoroཞེས་པའི་ཧ་ཆེའི་མི་རིགས་གྲངས་ཉུང་ཞིག་ ཡིན་པ་དང་ཁོ་ཚོས་མི་རིགས་རང་སྐྱོང་གི་འཐབ་རྩོད་ལ་དམིགས་ནས་གཅིག་དགུ་དྲུག་ ཅུ་ནང་དུ་གསར་འཛུགས་བྱས་པའི་སྲིད་དོན་ཚོགས་པ་ཞིག་ཡིན།

[31] ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་དང་སྤྱི་ཚོགས་འགན་སྲུང་ཁེ་དབང་གི་རྒྱལ་ཚོགས United Nations Economic and Social Commission for Asia and the Pacific ནི་ཐེ་ལན་སྒྲི་རྒྱལ་ཁབ་ཀྱི་བྷང་ཁོག Bangkok, Thailand ནས་སྤྱི་ལོ 1947 ལོར་གསར་འཛུགས་བྱས་པའི་ཚོ་ཁག་ང་གསུམ་གྱི་བདག་ཉིད་ཅན་གྱི་རྒྱལ་ཚོགས་ཚོགས་པ་ཞིག་ཡིན།

514060562རྩོམ་ཡིག་འདི་དབྱིན་ཡིག་ལས་བསྒྱུར་མཁན་པཎ་ཆེན་རྒྱལ་གྱི་ཉེ་པར།

qrcode_for_gh_24a680a08df5_430རྩོམ་ཡིག་འདི་ངེད་དྲ་བར་དབང་བས་གཞུང་སྒེར་གྱི་དྲ་བ་དང་སྒེར་དེབ། འཕྲིན་སྟེགས་གཉེར་མཁན་ཚོས་གང་འདོད་དུ་འཁྱེར་མི་ཆོག

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།