བུད་མེད་ཅིག་ལ་དོན་དམ་པར་ཅི་ཞིག་མཁོ།-འགྱུར་སྒྲུང་།

མཚན་ཉིད་རིག་པའི་སློབ་ཁྲིད་ཅིག་གི་སྐབས་སུ། དགེ་རྒན་གྱིས་སློབ་གྲོགས་ཚོར་གཏམ་རྒྱུད་འདི་བཤད་ཀྱིན་འདུག

ལོ་ན་གཞོན་པའི་རྒྱལ་བོ་དོན་འགྲུབ་རྒྱལ་ཁབ་གཞན་ཞིག་ལ་དམག་འཐབ་པས་ཕམ་སོང་། སྤྱིར་བཏང་རྒྱལ་
བོ་དེས་རྒྱལ་བོ་དོན་འགྲུབ་གསོན་བཟུང་བྱས་ཏེ་སྲོག་ཁྲིམས་གཅོད་དགོས་པ་ཡིན་མོད། འོན་ཀྱང་། རྒྱལ་བོ་དེའི་བཙུན་མོས་རྒྱལ་བོ་དོན་འགྲུབ་ཀྱི་དར་ལ་བབས་པའི་ལང་ཚོ་མཐོང་རྗེས་ཧ་ཅང་སྙིང་དུ་སྡུག་སྟེ་དོན་འགྲུབ་ལ་ཧ་ཅང་གཏིང་ཟབ་པའི་དྲི་བ་ཞིག་ལ་ལན་འདེབ་ཏུ་བཅུག་ཅིང་། གལ་ཏེ་དྲི་བ་དེར་ལན་ཡང་དག་ཅིག་ཐོབ་ཚེ་ཁོ་ལ་རང་དབང་སྤྲད་ཆོག་ཅེས་བཤད།

དྲི་བ་དེ་ནི། བུད་མེད་ཅིག་ལ་དོན་དམ་པར་ཅི་ཞིག་མཁོ། ཞེས་པ་དེའོ།།

དོན་འགྲུབ་ཀྱིས་དེ་མུར་རང་གི་གྲོགས་པོ་དང་གྲོགས་མོ། མཁས་པ་དང་གྱལ་མི།དཔོན་ཆེན་དང་སྲས་སྲས་མོར་དྲིས་ཏེ་དྲི་བ་དེའི་ལན་ཡང་དག་བཙལ། ཡིན་ནའང་།མི་གཅིག་གིས་ཀྱང་ཡིད་ཚིམ་པའི་ལན་ཞིག་མ་ཐོབ། མི་ཞིག་གིས་དོན་འགྲུབ་ལ། གྲོང་ཁྱེར་ཕྱི་རོལ་གྱི་ནགས་ཀླུང་དུ་སྲིན་མོ་བགྲེས་མོ་ཞིག་འདུག་ཅིང་མི་མཁྱེན་པ་གཅིག་ཀྱང་མི་འདུག ཡིན་ནའང་།གླ་མཐོན་པོ་དགོས་པ་མ་ཟད། ད་དུང་ཆ་རྐྱེན་ཡང་ཧ་ཅང་མཚར་བོ་རེ་འདོན་ཞེས་བཤད། དོན་འགྲུབ་ལ་ཐབས་ལམ་གཞན་མེད་པར་གྱུར་བས་སྲིན་མོ་དེའི་གམ་དུ་མི་འགྲོ་ཐབས་མེད་བྱུང་། སྲིན་མོས་དོན་འགྲུབ་ཀྱི་དྲི་བར་ལན་འདེབས་རྒྱུ་ཁས་བླངས་མོད། འོན་ཀྱང་རྒྱལ་བོ་དོན་འགྲུབ་ཀྱི་ཆེས་བླ་ན་མེད་པའི་དྲག་རྩལ་པ་གཅིག་པོ། ཁོ་རང་ཉིད་ཀྱི་ཆེས་བཟང་གྲོགས་པོ་བཀྲ་ཤིས་སྲིན་མོ་དེའི་ཁྱོ་ག་བྱེད་དགོས་པའི་ཆ་རྐྱེན་བཏོན། དོན་འགྲུབ་ལ་ཧ་ཅང་མཚར་སྣང་སྐྱེས་ཤིང་། སྲིན་མོ་བགྲེས་མོ་དེའི་སྒུར་ཞིང་གུག་པའི་ལུས་པོ་དང་རྒས་ཤིང་གཉེར་བའི་ངོ་གདོང་། ད་དུང་ཁ་ནང་གི་སོ་གཅིག་པོ་དེ་དང་སྐྱུག་བྲོ་བའི་མོའི་ལུས་སྟེང་གི་དྲི་མ་སོགས་དང་།  རང་གི་གྲོགས་པོ་བཀྲ་ཤིས་བརྗིད་ཉམས་ལྡན་ལ་འཇོན་ནུས་ཆེ་བ། གཞུང་རྒྱུད་དྲང་ལ་བརྩེ་བའི་ཕྱུག་པ། དཔར་ངར་ཆེ་ལ་རྩལ་དང་ལྡན་པ་སོགས་ལ་བསམ་བློ་ཞིག་བཏང་སྟེ། མི་ཆོག ངས་རང་ཉིད་ཀྱི་རང་དབང་གི་ཆེད་དུ་རང་གི་གྲོགས་པོར་ཁྱེད་ལྟ་བུ་ཞིག་ཆུང་མར་བསུ་རུ་བཅུག་མི་རུང་། གལ་ཏེ།དེ་ལྟར་བྱས་ཚེ་ངས་མི་ཚེ་གང་བོར་རང་ཉིད་གུ་ཡངས་ལ་གཏོང་མི་ཐུབ་ཞེས་བཤད།

བཀྲ་ཤིས་ཀྱིས་དོན་དག་དེ་ཐོས་ནས། དོན་འགྲུབ་ལ་ཁྱོད་དང་ང་ཚོའི་རྒྱལ་ཁབ་ཀྱི་ཆེད་དུ། སྲིན་མོ་བགྲེས་མོ་དེ་ཆུང་མར་བསུ་བར་ང་འཐད་པ་ཡིན་ཞེས་བཤད་ཅིང་།གཉེན་དོན་དེ་དེ་མ་ཉིད་དུ་ཕྱོགས་བཞི་མཚམས་བརྒྱད་ལ་བསྒྲགས། སྲིན་མོ་བགྲེས་པོས་ཀྱང་དྲི་བའི་ལན་དུ། བུད་མེད་ཅིག་ལ་དོན་དམ་པར་ཆེས་མཁོ་བ་ནི་རང་ཉིད་ཀྱི་ལས་དབང་ལ་བདག་པོ་རྒྱག་པའི་དབང་ཆ་རེད། ཅེས་ལན་བཏབ་པར་ཀུན་ཀྱིས་གནས་ལུགས་དང་ལྡན་ནོ་ཟེར་ནས་དོན་འགྲུབ་ལའང་རང་དབང་ཐོབ་སོང་།

གཉེན་སྟོན་གྱི་ཉིན་མོར་སྲིན་མོས་གཡས་རྙོབ་གཡོན་རྙོབ་ཀྱིས་ལག་སྣེ་གར་ཐུག་ཚང་མ་ཟ་ཞིང་ཡིད་ལ་གང་དྲན་ཚང་མ་བཤད་པས་མི་ཚང་མ་ཞེན་པ་ལོག  དོན་འགྲུབ་ཧ་ཅང་སྐྱོ་ཞིང་མིག་ཆུ་ཤོར།  ཡིན་ནའང་། བཀྲ་ཤིས་ཁེངས་ཆུང་གཤིས་འཇམ་ངང་འདུག   གཉེན་སྟོན་གྱི་མཚན་མོར། བཀྲ་ཤིས་ཀྱིས་མི་རྣམས་ཀྱི་བཀག་འགོག་ལ་ཁ་ཡ་མི་བྱེད་པར་སྲིན་མོ་ཡོད་པའི་ཁང་ཆུང་གྲུ་བཞི་དེའི་ནང་དུ་འཛུལ།  བློ་ཡིད་ལས་འདས་པ་ཞིག་ལ་མལ་ཁྲིའི་སྟེང་དུ་ཧ་ཅང་མཛེས་ཤིང་ཡིད་དུ་འོང་བའི་གཞོན་ནུ་མ་མཛེས་མ་ཞིག་འདུག་ལ་སྲིན་མོས་བཀྲ་ཤིས་ལ། མོ་རང་ཉིན་གཅིག་གི་དུས་ཚོད་ནང་སྐབས་རེར་སྲིན་མོ་བགྲེས་མོ་ཞིག་ཡིན་ལ་སྐབས་རེར་གཞོན་ནུ་མ་མཛེས་མ་ཞིག་ཡིན། ཁྱེད་ཀྱིས་ང་རང་ཉིན་མོ་གཞོན་ནུ་མ་མཛེས་མ་དང་མཚན་མོར་སྲིན་མོ་ཞིག་བྱེད་དུ་འཇུག་འདོད་དམ། ཉིན་མོར་སྲིན་མོ་དང་མཚན་མོར་གཞོན་ནུ་མ་ཞིག་བྱེད་དུ་འཇུག་འདོད་ཅེས་པའི་དྲི་བ་གདུག་རྩུབ་ཅན་ཞིག་དྲིས།  གལ་ཏེ་ཁྱེད་རང་བཀྲ་ཤིས་ཡིན་པའི་དབང་དུ་བཏང་ན། ཁྱེད་ཀྱིས་ཇི་ལྟར་ལན་འདེབས་ངེས་ཡིན།

སྐབས་འདིར་མི་གཤིས་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོས་སྐད་ཆ་བཤད་མཚམས་བཞག   སློབ་གྲོགས་རྣམས་ཀྱིས་དང་ཐོག་ཅི་ཡང་མི་བཤད་པར་ཁ་རོག་གེར་བསྡད་མོད། ཡུད་ཙམ་འགོར་རྗེས། ཚ་ཚ་འུར་འུར་གྱི་དཔྱད་གླེང་བྱས་བྱུང་།  སློབ་གྲོགས་སོ་སོའི་བསམ་ཚུལ་སྣ་ཚོགས་པ་ཞིག་བཏོན་ནའང་། མདོར་བསྡུས་ན་རིགས་གཉིས་ལས་མི་འདུག་སྟེ། གཅིག་ནི་ཉིན་མོར་སྲིན་མོ་བགྲེས་མོ་དང་མཚན་མོར་གཞོན་ནུ་མ་རུ་འགྱུར་ན་བཟང་པར་བཤད་ལ། རྒྱུ་མཚན་ཆུང་མ་ནི་རང་ཉིད་ཀྱི་ཡིན་པས་གཞན་ལ་ངོམ་སོ་བྱེད་དགོས་མེད་ཟེར་བའི་རིགས་དང་། གཅིག་ཤོས་ནི་ཉིན་མོར་གཞོན་ནུ་མ་དང་མཚན་མོར་སྲིན་མོ་བགྲེས་མོ་རུ་འགྱུར་ན་བཟང་པར་བཤད་ལ། རྒྱུ་མཚན་ཉིན་མོར་ཀུན་ཀྱིས་ཡིད་སྨོན་དང་མིག་དབང་འཕྲོག་ཐུབ་པ་དང་། མཚན་མོར་མུན་ནག་གི་ནང་དུ་ཡག་བཙོག་གང་ཡིན་ཡང་ཆོག་ཟེར་བ་རིགས་གཉིས་སོ།

དགེ་རྒན་གྱིས་སློབ་མ་ཚོས་དྲི་བར་ལན་བཏབ་པར་ཉན་རྗེས་རང་ཉིད་ཀྱི་ལྟ་ཚུལ་ཅི་ཡང་མི་གླེང་པར། གཏམ་རྒྱུད་འདི་ལ་མཇུག་བསྡུ་རྒྱུ་ཡོད་ལ་བཀྲ་ཤིས་ཀྱིས་ཀྱང་འདམ་ཀ་ཞིག་བྱས་པ་རེད་ཅེས་བཤད་པའི་སྐབས་དེར། སློབ་མ་རྣམས་ཀྱིས་དགེ་རྒན་གྱིས་མྱུར་མོར་བཀྲ་ཤིས་ཀྱི་གདམ་ཀ་གང་ཞིག་གདམས་པ་བཤད་པར་རེ་ཞིང་སྒུག   དགེ་རྒན་གྱིས་སློབ་གྲོགས་ཚོ་ལ།   བཀྲ་ཤིས་ཀྱིས་སྲིན་མོ་དེར། ཁྱེད་ཀྱིས་བུད་མེད་ཅིག་ལ་དོན་དམ་པར་ཆེས་མཁོ་བ་ནི་རང་ཉིད་ཀྱི་ལས་དབང་ལ་བདག་པོ་རྒྱག་པའི་དབང་ཆ་རེད་ཟེར་བས། འདམ་ཀ་འདི་ཁྱེད་རང་ཉིད་ཀྱིས་ཐག་གཅོད་བྱེད་རོགས་ཞེས་བཤད། སྲིན་མོ་དགའ་སྐྱིད་མིག་ཆུ་བཞུར་ཞོར། ང་ཉིན་མཚན་གཉིས་ཆར་གཞོན་ནུ་མ་མཛེས་མ་དེ་བྱེད་ངེས་ཡིན། རྒྱུ་མཚན། ཁྱེད་ཀྱིས་ང་ལ་བརྩི་བཀུར་བྱེད་ཤེས་པས་སོ་ཞེས་སྨྲས་སོ།།

དགེ་རྒན་གྱིས་སློབ་མ་རྣམས་ལ་དེ་ལྟར་བཤད་པས་སློབ་ཁང་ཧྲིལ་བོ་དར་ཅིག་ལ་ལྷིང་འཇགས་ངང་ལུས།  རྒྱུ་མཚན་སློབ་གྲོགས་གཅིག་གིས་ཀྱང་བཀྲ་ཤིས་ཀྱི་འདམ་ཀ་དེ་ལྟ་བུ་ཞིག་མ་གདམས་པས་སོ།།

 

གསལ་བཤད།  གུས་པས་གཏམ་རྒྱུད་འདི་རྒྱ་ཡིག་གི་ལམ་ནས་མཐོང་ཞིང་རྒྱ་ཡིག་ལས་བསྒྱུར་བའི་ཁུལ་བགྱིས་པ་ལགས། གཏམ་རྒྱུད་འདི་བཤད་སྲོལ་ལམ་ཡང་ན་མི་རིགས་གང་ཞིག་ནས་བསྒྱུར་བའི་འགྱུར་ཡང་སྣ་ཚོགས་འདུག དེ་བས་གུས་པས་ཀྱང་རང་གི་འདོད་པ་བཞིན་བསྒྱུར་ཡོད་ལ་མི་མིང་སོགས་ཀྱང་བོད་མིས་གོ་བདེ་སླད་སྐད་དུ་དྲངས་ཡོད། གཏམ་རྒྱུད་འདི་ནི་ངག་རྒྱུན་གཏམ་རྒྱུད་ཅིག་ཡིན་གཤིས་ཆེ་མོད། རྒྱལ་ཁབ་དང་མི་རིགས་གང་ཞིག་གི་ངག་རྒྱུན་གཏམ་རྒྱུད་ཡིན་པ་མ་ཤེས། རྩོམ་པ་པོ་ཞིག་གི་རྣམ་དཔྱོད་ལས་འཁྲུངས་གཤིས་ཀྱང་ཆེ་མོད། རྩོམ་པ་པོ་སུ་ཞིག་གིས་བརྩམས་གནང་མཛད་པའང་མ་ཤེས། སྒྲུང་རིང་ཞིག་གི་ཡང་སྙིང་བསྡུས་པ་ལྟ་བུ་ཞིག་ཏུ་སྣང་མོད། མ་སྒྲུང་གང་ཡིན་ཡང་མ་ཤེས་པས་གསལ་བཤད་ཅིག་ཞུས་པ་ལགས་སོ།།

དཔྱད་མཆན་སྤེལ།

ཡིག་ཟམ་ས་གནས་ཀུན་པོར་མི་བསྒྲགས། རྟགས * ཅན་ངེས་པར་དུ་བླུགས་དགོས།