སློབ་གསོའི་སྒེའུ་ཁུང་གི་ལེ་ཚན་དངོས་སུ་ཐད་གཏོང་བྱས་ཡོད།

KB6{06JV_3_RNC`9J0FD7HPདབྱངས་ཅན་ལྷ་མོ། 1992ལོར་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་སྐྱེས། 2009ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་བོད་སྐད་སྙན་སྒྲོན་གཙོ་སྐྱོང་ཆེད་ལས་སུ་རྒྱུགས་འཕྲོད་ཅིང་། 2013ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་སློབ་མཐར་ཕྱིན།
  འདིར་ཁོ་མོས་གཞོན་གསར་དྲ་བའི་རྒྱང་སྒྲོག་ཁང་གི་<<སློབ་གསོའི་སྒེའུ་ཁུང>>གི་ལེ་ཚན་གྱི་མདོ་འཛིན་པའི་འགན་ཁུར་ཡོད།

 

                           ལེ་ཚན། སློབ་གསོའི་སྒེའུ་ཁུང་།
                                   མདོ་འཛིན་པ། དབྱངས་ཅན་ལྷ་མོ།
                                   སྒྲིག་བཀོད་པ། ཚེ་སྒྲམ།
                                   ལག་བསྟར་རྩོམ་སྒྲིག་པ། རྡོ་རྗེ་ཚེ་རིང་།
                                   སྤྱིའི་ལྟ་སྐུལ་བ། རྣོ་སྦྲེང་།

———————————————————————————

བྱིས་པར་འཚམ་པའི་སྙན་ངག་ལྔ་བཅུ་བ།

རྩོམ་པ་པོ། གཞི་རིམ་པ།


རང་ཉིད་ངོ་སྤྲོད།

ང་རང་སློབ་ཆུང་འགྲིམ་མཁན་ཡིན།། ད་ལྟ་ལོ་རིམ་གཉིས་པ་ཡིན།།
ལོ་ན་ཆུང་ཡང་རིག་པ་རྣོ།། ཕ་མ་གཉིས་ཀའི་འདང་ཆེན་ཡིན།།


ཁང་བ།

སྒོ་ལ་ཤིང་སྒོ་ལྕགས་སྒོ་ཡོད།། ནང་དུ་སྤྱོད་ཁང་ཇ་ཁང་དང་།།
ཉལ་ཤག་མགྲོན་ཤག་དཔེ་ཁྲི་ཡོད།། ཁང་ཆུང་སྐྱིད་པའི་གླིང་ག་འདྲ།།


འཁྱག་སྒམ།

ཤ་མར་བྱ་སྒོང་གོ་རེ་དང་།། ཚོད་དཀར་འུ་སུ་ལ་ཙི་དང་།།
བཏུང་ཆུ་སྣ་ཚོགས་འཇོག་སའི་སྣོད།། འཁྱག་སྒམ་ནུས་པ་བསམ་མི་ཁྱབ།།


གློག

གློག་ཐབ་བརྙན་འཕྲིན་ཁ་པར་དང་།། གློག་ཀླད་གྱོན་པ་འཁྲུད་ཆས་སོགས།།
གློག་ལ་བརྟེན་ནས་བཀོལ་སྤྱོད་བྱེད།། ཨེ་མ་ལྷ་ཡི་སྒྱུ་འཕྲུལ་འདྲ།།


དཀར་ཡོལ།

ལག་གི་དཀར་ཡོལ་འབྲུག་མ་འདི།། ཐུག་པ་ཞིམ་པོ་བཅུ་སའི་སྣོད།།
འོ་ཇ་མངར་མོ་འཐུང་བྱེད་ཡིན།། སྦྲང་དཀར་རྩམ་པ་རྫི་སྤྱད་ཡིན།།


ཐུར་མ།

མིང་ལ་ཐུར་མ་ཟེར་བ་འདི།། ཟས་རིགས་སྣ་ཚོགས་ཟ་བྱེད་ཡིན།།
འདི་ལ་རིང་ཐུང་མེད་པ་ཡིས།། མི་རྣམས་འདྲ་མཉམ་ཡིན་པ་མཚོན།།


ཇ་ཕོར།

ཕྱི་ན་མཛེས་པའི་རི་མོ་ཡོད།། ནང་ན་འོ་ཇ་མངར་མོ་ཡོད།།
རྒྱུ་ཆ་དངུལ་གྱིས་བཟོས་པ་འདི།། ཨ་མཆོད་དགའ་བའི་ཇ་ཕོར་ཡིན།།


ཟ་མ་སྐོལ་བྱེད།

ཟངས་ང་བ་མ་དབུགས་རྡིག་གསུམ།། ཟ་མ་ཞིམ་པོ་སྐོལ་བྱེད་ཡིན།།
ཤ་འབྲས་གྲོ་དང་ཐུག་པ་སོགས།། འདི་དག་ནང་དུ་སྐོལ་ཞིང་འཚོད།།


འབོལ་ཁྲི།

འབོལ་ཁྲི་ནེམ་ལ་འཇམ་པ་འདིར།། བསྡད་ན་ལུས་ཀྱི་ངལ་དུབ་སངས།།
མགྲོན་པོ་མང་པོ་བསླེབས་པའི་སྐབས།། ཉལ་ཁྲི་བྱས་ནས་ཉལ་ཡང་ཆོག།


བརྙན་འཕྲིན།

དྭངས་ལ་གསལ་བའི་བརྙན་འཕྲིན་འདི།། སྒོ་རྩིས་ཚོང་ཁང་ཞིག་ནས་ཉོས།།
འདི་ལ་བལྟ་རྒྱུ་མང་མོད་ཀྱང་།། འགུལ་རིས་གློག་བརྙན་ཧ་ཅང་ཡག།


ཕ་མ།

ཨ་ཕས་འདྲུད་ལྷམ་གོན་ནས་ནི།། འདྲུད་ཕྱིས་བཟུང་ནས་གཙང་སྦྲ་བྱེད།།
ཨ་མས་ཟ་མ་གཡོ་སྐོལ་དང་།། རྒྱང་འཛིན་བཀོལ་ནས་བརྙན་འཕྲིན་ལྟ།།


ང་།

ང་ཡིས་འདག་རྫས་སྤྱད་ནས་ནི།། རྐང་འབོབ་ལག་འབོབ་ཁ་ཐུམ་དང་།།
ལྭ་བ་བཀྲུས་ནས་ཉི་མར་བསྐམས།། ལས་ཀར་དགའ་བའི་བྱིས་པ་ཡིན།།


ཞོགས་པ།

དུས་ཚོད་ཅོང་བརྡ་གྲགས་པ་ན།། མྱུར་དུ་ལངས་ནས་སྒོ་ཁར་འབུད།།
ཞོགས་པ་ཁ་དབུགས་གཙང་བའི་དུས།། མ་ཉལ་ལོངས་དང་སློབ་གྲྭར་འགྲོ།


འགྲིམ་འགྲུམ་ཉེན་རྟོག་པ།

ཨ་ཁུ་འགྲིམ་འགྲུལ་ཉེན་རྟོག་པས།། ལག་བརྡ་བསྟན་ནས་ལམ་སྟོན་མཛད།།
དེ་ཡིས་ལམ་གྱི་བདེེ་འཇགས་སྲུང་།། ང་ཡང་དེ་འདྲའི་མི་ལ་དགའ།།


ལོ་ལོན་རྒན་རྒོན།

ལོ་ལོན་རྒས་ཤིང་བསྒུར་ནས་འགྲོ།། ལག་ལ་ལག་རྟེན་བཟུང་ནས་འགྲོ།
མིག་གིས་ས་ལ་བལྟས་ནས་འགྲོ།། ཅི་ཞིག་བོར་ནས་བཙལ་བ་འདྲ།།


བྱིས་པའི་གླིང་ག

རྩེད་ཆས་གནམ་ནས་འགྲོ་བ་དང་།། ས་ནས་བགྲོད་དང་ཆུ་ལ་རྐྱལ།།
རྟ་ནོར་བྱ་བྱེའུ་གཟུགས་ཀྱང་ཡོད།། ངལ་གསོའི་ཉིན་མོར་རྩེས་ན་སྐྱིད།།


ལམ་འགྲམ་གྱི་སྤྲང་བོ།

ལ་ལས་སྙན་པའི་གླུ་དབྱངས་ལེན།། ལ་ལས་པི་ཝང་དཀྲོལ་བ་ཡོད།།
ལ་ལས་བཟའ་མི་དྲན་པ་ཡོད།། ཨ་ཙི་འདི་དག་སྙིང་རེ་རྗེ།།


གཞུང་ལམ།

ཡངས་པའི་རྒྱ་ལམ་བདེ་ཞིང་སྙོམས།། ལམ་ཐིག་བ་རྒྱ་བཞིན་དུ་འཐེན།།
རླངས་འཁོར་སྣ་ཚོགས་ཉ་མོ་བཞིན།། རང་རང་འགྲོ་སའི་ལམ་ན་རྒྱུག།


ཁང་བརྩེགས།

ཁང་བརྩེགས་མཐོ་ལ་བརྗིད་པ་འདིར།། བལྟས་ན་མགོ་བོའི་ཞྭ་ཡང་ལྷུང་།།
ནང་དུ་བགྲོད་བྱེད་གློག་སྐས་ཡོད།། འདི་ལ་བསྡད་ན་མྱུར་བར་ཐོན།།


རྐང་ཐང་དུ་འགྲོ་བ།

རྐང་བས་འདེགས་འཇོག་སྒྱུར་བཞིན་དུ།། རྐང་ལམ་ཕྲ་མོ་དེད་ནས་འགྲོ།
རྐང་ཐང་འགྲོ་བའི་མི་རྣམས་ལ།། ལུས་ཕུང་བདེ་ཐང་ཡོང་ཞེས་བཤད།།


རི་བོ།

རི་མགོའི་ཁ་བ་དཀར་སེ་དཀར།། རི་རྐེད་སྨུག་པ་ལང་ལོང་རྒྱུ།།
རི་འདབས་འདབ་ཆགས་ཅ་ཅོ་སྒྲོག། རི་གླུ་སྙན་མོ་སིང་སིང་གྲག།


ཆུ་ཕྲན།

ཆུ་ཕྲན་ཀྱ་ཀྱུར་འབབ་པ་དེ།། སྦྲུལ་གྱི་མཇུག་མ་འཁྱིལ་བ་འདྲ།།
ཆུ་རྔ་དྭངས་ཤིང་གཙང་བ་འདི།། ཆུ་མགོ་རྙོག་པ་མེད་པའི་རྟགས།།


བྱེའུ།

བྱེའུ་མས་རྒུན་བུ་བཏུས་ནས་ནི།། བྱེའུ་ཕྲུག་ཁ་ལ་འཇོག་པ་མཐོང་།།
མ་ཡི་བརྩེ་སེམས་དྲོན་མོ་འདི།། མུན་པ་སེལ་བའི་ཉི་མ་འདྲ།།


ཞ་སྨྱུག

རྩེ་མོ་གཞོག་ན་འབུག་དང་འདྲ།། ལག་ལ་བཟུང་ན་བདེ་ཞིང་ཡང་།།
ཡི་གེ་རི་མོ་འབྲི་བྱེད་ཡིན།། མེད་ཐབས་མེད་པའི་ཡོ་བྱད་ཡིན།།


སྨྱུག་སྒམ།

དབྱིབས་ལ་གྲུ་བཞི་ནར་མོ་ཡོད།། མདོག་ལ་སྔོ་སེར་དཀར་དམར་ཡོད།།
སྟེང་དུ་རི་མོ་སྣ་ཚོགས་ཡོད།། ཨ་ཕས་ཉོས་པའི་ལེགས་སྐྱེས་ཡིན།།


དཔེ་ཆ།

ཤོག་བུ་དཀར་ཞིང་གཙང་བ་རེད།། ཡིག་གཟུགས་སྣ་མིན་སྣ་ཚོགས་རེད།།
ནང་དོན་ཕུན་སུམ་ཚོགས་པ་རེད།། འདི་ལ་བསླབས་ན་མཁས་པར་འགྱུར།།


གྲོགས་པོ།

སྐྱིད་དུས་ང་ཡི་རྩེད་རོགས་ཡིན།། སྡུག་དུས་ང་ཡི་སེམས་གསོ་ཡིན།།
གཞུང་རྒྱུད་དྲང་མོ་མདའ་དང་མཚུངས།། གྲོགས་པོ་བཟང་བོ་སྤུན་དང་འདྲ།།


མཚན་མོ།

ཉི་མ་ནུབ་ནས་ཟླ་བ་ཤར།། སྐར་ཚོགས་མང་པོས་མཐའ་ནས་བསྐོར།།
མལ་ཁྲིའི་སྟེང་དུ་ཉལ་བ་ན།། སྐར་འོད་ལམ་ལམ་འཚེར་བ་མཐོང་།།


ཉ་མོ།

མཚམས་རེར་གཡས་སུ་དཀྱོགས་ནས་འགྲོ། སྐབས་རེར་གཡོན་དུ་འཁྱུག་ནས་འགྲོ།
རྐྱལ་རྩལ་ཅན་གྱི་ཉ་མོ་འདི།། མཁའ་ནས་གནམ་གྲུ་འཕུར་བ་འདྲ།།


གྲོག་མ།

སྐེད་པ་ཕྲ་ཞིང་ཕྲ་བ་འདི།། ལྕགས་ཀྱི་སྐུད་པས་བསྡམས་པ་འདྲ།།
སྲོག་ཆགས་གྲོག་མ་མིག་མེད་ཀྱང་།། མིག་ལྡན་གཞན་ལས་མགྱོགས་ཞེས་གྲགས།།


བརྩོན་སེམས་བླང་བར་བྱ།

མཁས་པ་སློབ་དུས་སྡུག་གོ་ཞེས།། སྔོན་གྱི་ས་སྐྱ་བླ་མས་གསུངས།།
དཀའ་ལས་མ་བརྒྱབ་སྐྱིད་པོ་ཞིག། འཇིག་རྟེན་འདི་ན་ཡོང་རབས་མེད།།


རང་དམན་དོར་བར་བྱ།

མ་བསླབས་མཁས་པ་གླིང་ན་མེད།། བསླབས་ན་གླེན་པ་ཡིན་ཡང་ཤེས།།
དེས་ན་ནོར་དང་འཆུག་པའི་སྐབས།། རང་དམན་དོར་ནས་འབད་ན་ལེགས།།


མཐོ་དམའ།

ཕ་གིའི་རི་ལ་མཐོ་དམའ་ཡོད།། ཚུར་ཁའི་ཆུ་ལ་ཆེ་ཆུང་ཡོད།།
བར་གྱི་ཟོག་ལ་མང་ཉུང་ཡོད།། ནགས་ཀྱི་སྡོང་བོར་རིང་ཐུང་ཡོད།།


བཟང་ངན།

ཁ་སྣ་གཉིས་ཀ་གོང་ཞོལ་ཡིན།། གཡས་གཡོན་མིག་ལ་ཡག་བཙོག་མེད།།
མདུན་རྒྱབ་གཉིས་ལ་ཆེ་ཆུང་མེད།། རྐང་བ་གཉིས་ལ་བཟང་ངན་མེད།།


འགོ་མཇུག

དབྱར་དགུན་གཉིས་ལ་དྲོ་གྲང་ཡོད།། ལུང་པ་རིང་བོར་ཕུ་མདའ་ཡོད།།
བྱ་བ་སྒྲུབ་ན་སྔ་གཞུག་དགོས།། སྐད་ཆ་བཤད་ན་འགོ་མཇུག་དགོས།།


དགེ་སྡིག

ལས་ལ་དགེ་བ་སྡིག་པ་ཡོད།། འབྲས་བུ་དཀར་པོ་ནག་པོ་ཡོད།།
གོས་ཀྱི་རིགས་ལ་འཇམ་རྩུབ་ཡོད།། ལག་པ་གཉིས་ལ་ཕྱི་ནང་ཡོད།།


ང་རྒྱལ་དང་ཁེངས་སྐྱུང་།

ང་རྒྱལ་སྐྱེས་ན་མར་ལ་ལྷུང་།། ཁེངས་སྐྱུང་བྱས་ན་ཡར་ཐོན་ཡོང་།།
ལེ་ལོ་ཆེ་ན་གཉིད་ལ་ཤོར།། བརྩོན་འགྲུས་ལྡན་ན་བྱ་བ་འགྲུབ།།


གཡོ་སྒྱུ་དང་གཞུང་དྲང་།

གཡོ་སྒྱུ་ཆེ་བའི་ཝ་མོ་ཡིས།། གཞན་ལ་མགོ་སྐོར་གཏོང་ཞེས་བཤད།།
གཞུང་དྲང་ཨ་ཁུ་འབྲོང་རྒན་གྱིས།། རི་བོང་བློ་ལྡན་བསྐྱབས་ཞེས་གྲགས།།


སྐྱིད་སྡུག

ཉི་མ་ཤར་དུས་ནུབ་དུས་ཡོད།། དུས་ལ་ཉིན་མོ་མཚན་མོ་ཡོད།།
ས་ལ་ཉིན་ཕྱོགས་སྲིབ་ཕྱོགས་ཡོད།། མི་ཚེ་སྐྱིད་དུས་སྡུག་དུས་ཡོད།།


ལོ་ལོན།

ལུས་པོས་དགྱེ་སྒུར་དཀའ་བ་དང་།། རྐང་ལག་རྐྱོང་སྐུམ་དལ་བ་དང་།།
ཕར་བཤད་རྣ་བས་མི་གོ་བའི།། ལོ་ལོན་རྣམས་ལ་བརྩི་བཀུར་བྱ།།


བྱིས་པ་ལ་ལ།

གཞན་དངོས་བརྐུས་ན་སྐྱིད་རབས་བཤད།། དྲ་ཁང་ཉུལ་ན་བཟང་རབས་བཤད།།
སྒོར་མོ་མང་ན་ལེགས་རབས་བཤད།། དེ་འདྲའི་ཁ་ལ་རྒྱུག་མི་ཉན།།


ཟ་ཤེས་འཐུང་ཤེས།

ཟ་མ་ཚད་དང་རན་པ་ཟ།། གྱོན་པ་ལུས་དང་འཚམ་པ་གོན།།
ཁོག་ལ་འཕྲོད་པའི་སྐོམ་ཆུ་འཐུང་།། ཟ་ཤེས་འཐུང་ཤེས་མི་ཡི་རྒྱན།།


རང་ཚོད་འཛིན་པ།

ལ་ལར་ལད་མོ་བྱས་ན་ཡག། མཚམས་རེར་རང་ཚོད་བཟུང་ན་མཛེས།།
མི་ཤེས་མགོ་བོ་འཁོར་བའི་དུས།། རྒན་ལ་དྲིས་ན་ངོ་ཚ་མེད།།


དབྱར་ཁ།

གནམ་ངོ་ར་བེ་རུབ་བེ་འགྱུར།། འབྲུག་སྒྲ་ལྡ་ར་ལྡི་རེ་གྲག།
ཆར་བ་ཟ་མ་ཟིམ་མེ་འབབ།། དབྱར་གནམ་ཆང་གིས་བཟི་བ་འདྲ།།


དགུན་ཁ།

གྲང་རླུང་འུར་འུར་སིལ་སིལ་ལྡང་།། ཁ་བ་ལ་བ་ལེབ་བེ་འབབ།།
ཕྱུགས་ལ་སོང་བའི་རྫི་བོ་རྣམས།། གྲང་ནས་ཁ་འདར་ལག་འདར་བྱེད།།


སྟོན་ཁའི་ཞིང་བ།

འཚབ་བ་འཚུབ་བེ་ཟ་མ་ཟ།། ར་མ་རེམ་མེར་ལམ་ལ་འབུད།།
ལྡ་ང་ལྡིང་ངེར་ཞིང་ཁར་རྒྱུག། སྟོན་ཁའི་ཞིང་བ་བྲེལ་བ་ཆེ།།


ནན་ཏན་ཅན་གྱི་མི།

ནན་ནན་ཏན་ཏན་ཆེ་བའི་མི།། ནམ་ནམ་ཞར་ཞར་ཕོངས་པ་མེད།།
ཧ་ལ་ཧོ་ལེ་བྱེད་པའི་མིས།། བྱ་བ་བཟང་བོ་འགྲུབ་དུས་མེད།།


མཇུག་བྱང་དང་པོ།

ལས་ཀ་ཆེ་ཆེ་ལས་འདོད་ན།། ཆུང་ཆུང་བྱ་བ་འབད་པས་བསྒྲུབ།།
རྩེད་ལ་དགའ་བའི་བྱིས་པ་ཚོས།། རྩེ་ཞོར་རྩོམ་འདི་བཀླགས་ན་ཕན།།


མཇུག་བྱང་གཉིས་པ།

རང་གི་བྱིས་པས་བོད་ཡིག་ཅིག། ཤེས་ན་འདོད་མཁན་མང་མོད་ཀྱང་།།
ཨ་ཕ་མང་པོ་གང་ཞིག་ནས།། ཇི་ལྟར་སློབ་པར་རྨོངས་ནས་ཡོད།།


མཇུག་བྱང་གསུམ་པ།

དེས་ན་བདག་གི་རྩོམ་ཆུང་འདི།། ཆུང་གི་ཟེར་ནས་མ་སྐྱུར་ཀྱེ།།
བྱིས་པའི་སེམས་ཀྱི་རྒྱལ་ཁམས་ལ།། འདི་འདྲ་བ་ཡང་ཤིན་ཏུ་མཛའ།།

བྱིས་པར་འཚམ་པའི་སྙན་ངག་ལྔ་བཅུ་བ་ཞེས་པ་འདི་ཡང་། བོད་ཀྱི་བྱིས་པ་དག་གི་སེམས་ཁམས་དང་འཕྲོད་པའི་རྒྱུན་བཀོལ་ཐ་སྙད་སྐོར་ཞིག་གཙོར་བྱས་ནས་ཚིགས་བཅད་དུ་སྡེབ་མཁན་ནི་གཞི་རིམ་པ་སྟེ། འདི་ཡང་བོད་ཡིག་གི་རླུང་རྟ་དར་ཞིང་རྒྱས་པའི་རྒྱུ་རུ་བསྔོའོ།།

(རྒྱ་ཆེ་བའི་དྲ་གྲོགས་ལྷན་རྒྱས་ཀྱིས་ངེད་གཞོན་གསར་རྒྱང་སྒྲོག་གི་ལེ་ཚན་དག་ལ་ལེགས་ཉེས་ཀྱི་ལྟ་ཚུལ་ལྷུག་པོར་བརྗོད་པར་ཞུ། རྒྱུ་མཚན། ཁྱེད་ཅག་གི་ལེགས་ཉེས་ཀྱི་ལྟ་ཚུལ་རེ་རེ་ནི་ང་ཚོ་ནར་སོན་པའི་གོ་རིམ་རེ་རེ་ ཡིན།)

བསྟོད།4

དཔྱད་མཆན:

དཔྱད་མཆན 7 ཡོད། སྐུ་མགྲོན: 7 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. གངས་ལྷ
    གངས་ལྷསྤེལ་དུས་ནི།  

    དངོས་གནས་ཡག་པོ་འདུག རྒྱབ་བསྐྱོར་ཡོད།

  2. བསོད་ནམས།
    བསོད་ནམས།སྤེལ་དུས་ནི།  

    མདོ་འཛིན་པའི་སྐད་གདངས་ཧ་ཅང་སྙན།

  3. ཕྱོགས་ལས་རྣམ་རྒྱལ།
    ཕྱོགས་ལས་རྣམ་རྒྱལ།སྤེལ་དུས་ནི།  

    ༄ ། དཔེ་ཡག་པོ་འདུག རང་དངོས་གནས་སྐད་ཡག་པོ་བཏང་འདུག དབྱངས་ཅན་ལཊ་ལ་ཐུགས་རྗེ་གནང་ཞུ་གི་ཡིན།

  4. སྒྲེན་པོ།
    སྒྲེན་པོ།སྤེལ་དུས་ནི།  

    ཡག་བྱུང་། ལེ་ཚན་འདི་ནི་དབུས་སྐད་ལ་སློབ་སྦྱོང་བྱ་སའི་འཕྲིན་ལམ་ཆེན་པོ་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད། མུ་མཐུད་དུ་ཤུགས་རྒྱོབས།
    སྒྲེན་པོས་སྦྱར།

  5. གཅན་འོད་འབར།
    གཅན་འོད་འབར།སྤེལ་དུས་ནི།  

    གཞོན་གསར་དྲ་བའི་ལེ་ཚན་གསར་པ་ཞིག་ཐད་གཏོང་བྱས་པར་རྟེན་འབྲེལ་དང་སྦྲགས། བྱ་གཞག་ཐམས་ཅད་ལེགས་འགྲུབ་ཡོང་བའི་སྨོན་ལམ་ཡོད།

  6. གཞི་རིམ་པ།
    གཞི་རིམ་པ།སྤེལ་དུས་ནི།  

    དུས་རྒྱུན། ང་ཡི་རྩོམ་ཆུང་དག་ལ་རྟ་འདང་དྲེལ་འདང་འཇོག་མཁན་གྱི་གཞོན་གསར་དྲ་བའི་ལས་མི་རྣམ་པར་བཀའ་དྲིན་ཞུ། ངས་སྔོན་ཆད་མང་པོ་ལབ་ཡོད། བྱིས་པ་སྐྱོར་བ་དེ་མི་རིགས་ཤིག་སྐྱོར་བ་རེད། བྱིས་པའི་སློབ་གསོ་སྐྱོབ་པ་དེ་མི་རིགས་ཤིག་གི་རིག་གནས་སྐྱོབ་པ་རེད། བྱིས་པའི་དར་རྒུད་དེ་མི་རིགས་ཤིག་གི་དར་རྒུད་རེད། འུ་ཚོས་ཆུང་ཆུང་དུ་རྩི་ཞིང་དོན་གྱིས་ཆུང་ཆུང་མ་ཡིན་པའི་བྱིས་པའི་སློབ་གསོ་ལ་ད་དུང་རོགས་འདེགས་ཡོད་པར་རབ་ཏུ་འགངས་ཆེ། གཞི་རིམ་པས།

  7. ལྗང་མྱུག
    ལྗང་མྱུགསྤེལ་དུས་ནི།  

    ཤིན་ཏུ་ལེགས་པོ་འདུག
    ལེ་ཚན་གཞན་པ་དག་ལ་རེ་སྒུག་ཡོད།

མཆན་སྤེལ་ཡུལ་ནི་ བསོད་ནམས། ལན་དོར།