ཤེས་བྱ། རྒྱུན་ཤེས། ཤེས་རྒྱ།

མེལ་ཚེ།

མི་ལ“ཤེས་བྱ”དགོས། དཔེ་དེབ་དང་དངོས་ཡོད་ཀྱི་ཁྲོད་ནས་ཤེས་བྱ་མང་ཙམ་གསོག་ཐུབ་པ་བྱུང་ན། ཁྱོད་ལ“རྒྱུན་ཤེས”ངེས་ཅན་ཞིག་ཀྱང་ཚང་ཡོད་པ་ཡིན། སྤྱིར་བཏང་གི་མི་སེར་དཀྱུས་མ་ཞིག་ལ་མཚོན་ན། ཟླ་བའི་གོ་ལར་སྐྱོད་པའི་འཇིག་རྟེན་འཕུར་གྲུའི་རྒྱུ་ཆ་གྲུབ་ཚུལ་དངDNAཡི་གྲུབ་རིས་སོགས་ཀྱི་ཤེས་བྱ་དེ་རིགས་ནི“བློའི་ཡུལ་དུ་བྱ་རུང་བ་ངོ་མ”ཞིག་མིན། ཡིན་ན་ཡང་། མ་མཐའི་དགེ་སྡིག་དང་ཡག་བཙོག་གི་སྤང་བླང་འབྱེད་པའི་རྒྱུན་ཤེས་ནི་ཁོ་ལ་ངེས་པར་དགོས་པ་ཡིན། དེ་བས། མི་ཞིག་ལ་ཤེས་ཡོན་གྱི་དཔང་ཡིག་རྒྱ་མར་འཇལ་རྒྱུ་ཡོད་ཀྱང་རུང་ལ། “ཤེས་བྱ”ཡི་ཆུ་ཐིགས་ཟོ་བར་བཅུ་རྒྱུ་ཡོད་ཀྱང་བླ། མི་དེར་དངོས་ཡོད་དང་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི“རྒྱུན་ཤེས”ཚང་མིན་ལ་ངེས་པར་བལྟ་དགོས་ཏེ། རྒྱུན་ཤེས་མེད་པའི་མི་དང་འབྲེལ་འདྲིས་བྱེད་པ་ནི་སྡུག་བསྔལ་ཞིག་ཡིན་ནོ༎
མི་ཞིག་ལ“ཤེས་བྱ”ངེས་ཅན་ཞིག་འཛོམས་ཐོག “རྒྱུན་ཤེས”ཀྱང་དང་ལེན་བྱེད་ཐུབ་ཚེ། ཁོ་ལ་ད་གཟོད་ཡར་བསྐྱེད་བྱུང་སྟེ། མི“ཤེས་རྒྱ”ཅན་ཞིག་ཏུ་འགྱུར་བའི་རེ་བ་ཡོད། ཤེས་རྒྱ་ཟེར་བ་ཡང་མདོར་དེད་ན་ཁྱོད་རང་ཉིད་ཀྱིས་གནད་དོན་གང་རུང་ལ་ལྟ་བའི་ལྟ་ཚུལ་དང་། ཁྱོད་ཀྱི་བསམ་བློ་དང་འཇིག་རྟེན་ལྟ་བ་ལ་གོ་བ་ཡིན། རིག་གཞུང་སྨྲ་བ་དང་ཤེས་ཡོན་ཅན་ལ་མཚོན་ན་དེ་ནི་ངེས་པར་ཚང་དགོས་པ་ཞིག་ཡིན།
གལ་ཏེ་གོང་གི“ཤེས་པ”དེ་གསུམ་ག་འཛོམས་ཚེ། ཁྱོད་ནི་གཞི་ནས་རིག་གནས་ཀྱི་གནད་ཅུང་ཙམ་གོ་ལ། རང་ཉིད་ཀྱི་ལྟ་ཚུལ་ཅུང་ཙམ་ཡོད་པ་ཞིག་ཡིན་ལ། དེ་ལས་ལ་ལ་ཞིག་ལ“ཤེས་ཡོན་པ”ཞེས་པའི་མཚན་མིང་འདི་ཡང་སྦྱར་ཆོག་པ་ཡིན། འོན་ཀྱང་། རིག་གནས་ཀྱི་གོ་རྟོགས་ཡོད་པའི་མི་མང་ཆེ་ཤོས་ནི་དེ་ལས་མཐོ་བའི་རིམ་པ་དང་ཆུ་ཚད་ལ་སླེབས་དཀའ་སྟེ། རིམ་པ་དེའི“ཤེས་པ”ནི་བློ་སྤོབས་ཟེར་བ་དེ་ལ་བྱ།

“བློ་སྤོབས”ཟེར་བ་ནི་ཁྱོད་ལ་ཤེས་བྱ་འཛོམས་པ་དང་། ཡིན་མིན་བདེན་རྫུན་གྱི་སྤང་བླང་འབྱེད་པའི་རྒྱུན་ཤེས་མངའ་བ། ལྟ་ཚུལ་དང་ཤེས་རྒྱ་ངེས་ཅན་ཞིག་ཡོད་པའི“ཤེས་པ”སུམ་འཛོམས་ཀྱི་རྨང་གཞིའི་སྟེང་། སྤྱི་ཚོགས་ལ་འགན་འཁྲིའི་འདུ་ཤེས་བསྐྱེད་པ་དང་འགན་འཁྲི་དེ་ཉིད་དང་དུ་ལེན་སྤོབས་པའི་ལག་ལེན་གྱི་གོ་རིམ་ལས་མངོན་པའི་སྙིང་སྟོབས་དང་མི་གཤིས་ཀྱི་གཟི་དཔལ་དེ་ལ་བྱས་ཀྱང་ཆོག དངོས་ཡོད་འཚོ་བའི་ཁྲོད་ནས་སྡིག་པའི་ལས་དང་འཕྲད་ན་མི་སྨྲ་བ་དང་མི་རིག་པའི་བརྟུལ་ཞུགས་མི་འཛིན་པར། བློ་སྤོབས་ཆེན་པོས་དེ་ལ་གནས་ལུགས་ཀྱི་གོ་བརྡ་སྤྲོད་པ་དང་། ཡང་ན“ཤེས་བྱ”བརྒྱུད་སྒྲོག་དང“རྒྱུན་ཤེས”ཁྱབ་བརྡལ། “ཤེས་རྒྱ”ལག་བསྟར་སོགས་བྱས་ནས་ཁ་གཏད་གཅོག་ཐུབ་པ་ཞིག་ལ་གོ་ཆོག་སྙམ།

མི་ལ“རྩིས་མཐོང་བྱེད་ཤེས་རྒྱུ”འདི་ཡང“ཤེས་པ”གལ་ཆེན་ཞིག་ཏུ་མཐོང་ན། གོང་དུ་བརྗོད་པའི“ཤེས་པ”དེ་དག་དང་འབྲེལ་བ་ཆེར་མེད་ན་ཡང་ཅུང་ཙམ་ཞུ་བར་བྱ། མི་རྣམས་མི་ཚེའི་ཁེར་ལམ་དུ་དཀའ་སྡུག་གིས་བགྲོད་པའི་སྐབས་སུ་གཞན་གྱིས་རང་ཉིད་ལ་ཡར་སྐུལ་གྱི་སྐད་ཆའམ“རྩིས་མཐོང་བྱེད་པའི”སྐད་ཆ་བཤད་པ་གོ་རྒྱུ་ཡོད། ངས་འདིར་དེས་ཁྱོད་ལ་ཚོར་སྣང་ཅི་འདྲ་ཞིག་སྟེར་རམ། ཡང་ན་དེའི་བྲོ་བ་ཅི་འདྲ་རེད་དམ་ཞེས་འདྲི་འདོད་བྱུང་། སྐབས་རེར་མི་གཞན་གྱིས་ཁྱོད་ལ“རྩིས་མཐོང”གི་སྐད་ཆ་ཚིག་རེ་གཉིས་བཤད་པ་དེ་ནི་ཁྱོད་རང་མུ་མཐུད་དུ་རང་གི་མི་ཚེའི་ཁེར་ལམ་དེར་བགྲོད་པའི་སྒུལ་ཤུགས་སུ་འགྱུར་བར་ང་ཐེ་ཚོམ་མི་ཟ། དེ་ཡང་ངས་འདིར་བཤད་པའི“རྩིས་མཐོང”བྱེད་པ་ཟེར་བ་འདི་ནི་རང་ཉིད་ལས་གོང་དུ་འཕགས་པའམ་ཡང་ན་རང་ཉིད་ལས་དམན་པའི་མི་ལ་རྩིས་མཐོང་བྱེད་པ་ལ་གོ་བ་མ་ཟད། རང་ཉིད་ཀྱི་གྲོགས་པོ་དང་འགྲན་ཡ། ཡང་ན་ཁྱོད་ལ་བསྟོད་པ་བྱེད་མཁན་དང་ཁྱོད་ལ་སྐྱོན་བརྗོད་གནང་མཁན། ཐ་ན་ཁྱོད་ཀྱི་དགྲ་བོ་ལ་ཡང་རྩིས་མཐོང་བྱེད་ཤེས་དགོས་པར་བཤད་པ་ཡིན།

འཚོ་བའི་ནང་ནས“ཤེས་བྱ”དང“རྒྱུན་ཤེས།” “ཤེས་རྒྱ”བཅས་མངའ་བའི་མི་ནི་རིག་རྒྱུ་མང་། ཐ་ན“བློ་སྤོབས”དང་ལྡན་པའི་མི་ཡང་རིག་རྒྱུ་ཡོད། ཡིན་ན་ཡང་། ཁོ་ཚོ་ལ་ང་རྒྱལ་ཆེ་ཞིང་ཁེངས་དྲེགས་དང་ལྡན་པས། ཁོ་ཚོར་གཞན་ལ“རྩིས་མཐོང”བྱེད་པའི་ཤེས་རྒྱ་ནི་ཤིན་ཏུ་ཆུང་། དེའི་མཇུག་འབྲས་ནི་ང་ཚོས་ཚོད་དཔག་གིས་མི་བཏུབ་པ་ཞིག་མ་རེད་དེ། ང་ཡིན་ང་སྙམ་གྱི་ཁེངས་པས་སྦོས་ཏེ། མི་དཀྱུས་མའི་ཚོགས་སུ་མི་ཆུད་པའམ་ཡང་ན་མི་ལ་རྩིས་མཐོང་བྱེད་མི་ཤེས་པའི་མི་དེ་འདྲ་ལ་ནི་ཤེས་བྱ་དང་རྒྱུན་ཤེས་ཀྱིས་ཕྱུག་པར་མ་ཟད། ཤེས་རྒྱ་ཆེ་ཞིང་བློ་སྤོབས་དང་ལྡན་ན་ཡང་། མི་གཞན་དག་ནི་དེ་དང་བོང་བ་མེ་ཏོག་ལ་འཁོར་བ་ལྟ་བུའི་རང་བཞིན་གྱི་དང་བ་སྐྱེ་མི་སྲིད། ཁྱོད་ཀྱིས་བྱས་ན་ཤེས་པ་དེ་འདྲས་ཤེས་གོ་ཅི་ཙམ་ཆོད་དམ།།

qrcode_for_gh_24a680a08df5_430

(ངེད་དྲ་བར་བཀོད་པའི་རྩོམ་ཡིག་དག་གཞུང་སྒེར་གྱི་དྲ་བ་དང་འཕྲིན་སྟེགས་གཉེར་མཁན་ཚོས་ཆོག་མཆན་མེད་པར་གང་འདོད་དུ་འཁྱེར་མི་ཆོག)

བསྟོད།8

དཔྱད་མཆན:

དཔྱད་མཆན 1 ཡོད། སྐུ་མགྲོན: 1 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. meicai
    meicaiསྤེལ་དུས་ནི།  

    རྩོམ་འདི་བསྒྱུར་མ་ཞིག་ཡིན། གསལ་བཤད་གྱི་ཚུལ་དུ་མེལ་ཚེ་ནས།

དཔྱད་མཆན་སྤེལ།